logo

རབ་བྱུང་བཅུ་བདུན་པ་ལ་རབ་རྒྱན་ཞེས་བཏགས་པའི་རྒྱུ་མཚན།

རྩོམ་པ་པོ།:སྒོ་དམར་དགེ་འདུན་དོན་འགྲུབ། ཡོང་ཁུངས།:ལུག་ཚང་དཔལ་ཡོན་འཕྲིན་སྟེགས། དུས་ཚོད།:2022-01-20 ཀློག་གྲངས།:
རབ་བྱུང་བཅུ་བདུན་པ་ལ་རབ་རྒྱན་ཞེས་བཏགས་པའི་རྒྱུ་མཚན།
སྒོ་དམར་དགེ་འདུན་དོན་འགྲུབ།

        ཁ་ཉིན་མགོ་ལོག་པ་དགེ་རྒྱམ་ལགས་ཀྱིས་རབ་བྱུང་བཅུ་བདུན་པ་ལ་རབ་རྒྱན་དང་རབ་གནས་ཞེས་པའི་མིང་འདོགས་ལུགས་གཉིས་ཡོད་པའི་རྒྱུ་མཚན་གང་ཡིན་ནམ་ཞེས་དྲི་བ་བཏང་བྱུང་། དྲི་བ་དེ་ཡག་པོ་རེད། འདིའི་ཐོག་མའི་བྱུང་སྟངས་ནི་གངས་ཅན་བོད་ཀྱི་མཁས་པའི་དབང་པོ་སྐྱབས་རྗེ་ཚེ་ཏན་ཞབས་དྲུང་འཇིགས་མེད་རིག་པའི་བློ་གྲོས་མཆོག་གིས་རབ་བྱུང་བཅུ་དྲུག་པའི་བགྲང་བྱ་ལྔ་བཅུའི་ནང་རྒྱ་རྩིས་གོ་དོན་ཞེས་པའི་རྩིས་ཀྱི་ཡིག་ཆ་དེ་མཛད་སྐབས་ཕྱོགས་ཡོངས་ལ་བསམ་གཞིག་མཐིལ་ཕྱིན་པར་མཛད་དེ། འབྱུང་འགྱུར་གྱི་རབ་བྱུང་བཅུ་བདུན་པ་ལའང་མངོན་བརྗོད་ཅིག་བཙལ་བར་དེ་ལ་ཡོངས་སུ་གྲགས་པའི་མངོན་བརྗོད་འོས་ཤིང་འཚམ་པ་ཞིག་མེད་པ་རེད། དེ་ནས་འཕགས་པ་ཐོགས་མེད་ཀྱིས་མཛད་པའི་ཉན་ཐོས་ཀྱི་ས་ཞེས་པའི་གཞུང་ན་དགེ་སྦྱོང་གི་རྒྱན་བཅུ་བདུན་ཞེས་པ་བགྲངས་ཡོད་པ་དེ་ལ་ཁུངས་བཅོལ་ནས་རབ་བྱུང་བཅུ་བདུན་པ་ལ་རབ་རྒྱན་ཞེས་མིང་བཏགས་ཡོད་པ་ལ། ཕྱིས་སུ་ཁོང་གིས་བོད་ལྗོངས་སྨན་རྩིས་ཁང་གི་མཚན་འཛིན་ཧུའི་ཀྲང་གི་འགན་བཞེས་པ་དང་རྒྱ་རྩིས་གོ་དོན་ལྕགས་པར་དུ་བཏབ་ནས་ཕྱི་ལོགས་སུ་ཐོན་པར་བརྟེན།  བོད་ལྗོངས་སྨན་རྩིས་ཁང་གིས་དེ་ལ་དྲི་བ་ཕུལ་བའི་དྲིས་ལན་ཁོང་གི་གསུང་རྩོམ་པོད་དྲུག་པའི་ཤོག་ངོས་༡༥༩ན་གསལ་བ་ལྟར་ལ། ལྗོངས་སྨན་རྩིས་ཁང་ནས་དྲིས་ལན་དེར་ངོས་ལེན་དང་བཅས་པའི་ཡིག་ལན་ཕུལ་བ་གསུང་རྩོམ་པོད་དང་པོའི་ཤོག་ངོས་༤༦༡ན་གསལ་བ་ལྟར་རེད། ཡིན་ནའང་དེའི་རྗེས་སུ་བླ་བྲང་གི་རྩིས་པ་ཨ་ཁུ་བསམ་འགྲུབ་རྒྱ་མཚོ་ཚང་གིས་བླ་མ་རིན་པོ་ཆེའི་དགོངས་ཚུལ་དེར་མ་འདོད་པའི་རྣམ་པས། གཟུགས་ཁམས་གནས་རིགས་བཅུ་བདུན་ཟེར་བ་ཡོངས་གྲགས་ཡིན་པས་དེའི་ཆ་ནས་བཏགས་ན་ཅིས་མི་ཆོག་སྙམ་ནས་རབ་བྱུང་བཅུ་བདུན་པ་ལ་རབ་གནས་ཞེས་བཏགས་པར་བརྟེན། ད་ལྟའི་ཆར་རབ་བྱུང་བཅུ་བདུན་པ་ལ་ཉོག་དྲ་འདི་བྱུང་བ་རེད། འོན་ཀྱང་བླ་མ་རིན་པོ་ཆེ་ཁོང་མཁས་དབང་ཚེ་ཏན་ཞབས་དྲུང་ཡིན་པའི་ཆ་ནས། གཟུགས་ཁམས་གནས་རིས་བཅུ་བདུན་གྱི་ཐ་སྙད་ཙམ་ཐུགས་ལ་མ་ཤར་བ་ཞིག་ནི་ག་ལ་ཡིན་ཏེ། ཤར་བ་ཙམ་དུ་མ་ཟད་དེ་ལ་ལུང་རིགས་རྣམ་དག་གིས་གཞིགས་ཏེ་མི་འོས་པར་དགོངས་པ་རེད།
        དེ་ཡང་སྤྱིར་གཟུགས་ཁམས་གནས་རིས་བཅུ་བདུན་དུ་འདོད་པའི་ཁུངས་ནི་མངོན་པ་སྡེ་བདུན་ལ་ཐུག་ཡོད་ཅིང་། དེ་ནི་ཐེག་དམན་བྱེ་བྲག་སྨྲ་བའི་ཐུན་མོང་མ་ཡིན་པའི་གཞུང་ལུགས་ཀྱི་རྩ་བའི་བློ་རྩེ་གཏད་སའི་ཨ་མ་དེ་ཡིན་པར་བརྟེན། སྔོན་བྱོན་རྒྱ་བོད་ཀྱི་མཁས་གྲུབ་ཆེན་པོ་དག་གིས་གཞུང་ལུགས་རྣམ་དག་ཅིག་ལ་མི་རྩི་བ་རེད། དེ་བཞིན་དུ་རབ་བྱུང་རྩི་ཚུལ་འདི་ནི་གྱི་ཇོ་ལོ་ཙཱ་བས་དཔལ་དུས་ཀྱི་འཁོར་ལོའི་བསྡུས་པའི་རྒྱུད་དང། འགྲེལ་ཆེན་དྲི་མེད་འོད་གཉིས་བོད་ལ་བསྒྱུར་པ་ནས་བཟུང་དུས་འཁོར་ལུགས་ཀྱི་སྐར་རྩིས་ཀྱི་ཆ་ཡན་ལག་རིམ་གྱིས་དར་སྤེལ་བྱུང་ཞིང་། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་མཛད་པའི་བདེ་མཆོག་སྟོད་འགྲེལ་ལས། རབ་བྱུང་རྣམ་བྱུང་དཀར་པོ་དང་། ཞེས་སོགས་དྲུག་ཅུའི་གྲངས་ཚང་བའི་མིང་བརྡ་དེ་རྒྱ་རྩིས་ལུགས་ཀྱི་ཁམས་ལྔ་ཕོ་མོ་གཉིས་སུ་ཕྱེ་བས་བཅུ་དང་། ལོ་སྐོར་བཅུ་གཉིས་ཀྱི་སྲོག་ཆགས་བྱི་གླང་སོགས་སོ་སོར་སྦྱར་བའི་ལོ་རྒན་དྲུག་ཅུ་དང་ལྟོ་སྤྲད་པའི་རྩི་ཚུལ་འདི་བྱུང་ཡོད་ལ།  དེའི་རྗེས་རབ་བྱུང་བཅུ་གཅིག་པ་ལ་བརྗོད་བདེ་བའི་ཆེད་དྲག་པོ་བཅུ་གཅིག་ཅེས་པའི་ཆ་ནས་རབ་དྲག་ཅེས་གྲངས་ཀྱི་མངོན་བརྗོད་ཀྱིས་བཏགས་པ་སོགས་ནི་སྔོན་བྱོན་རྩིས་རིག་མཁས་དབང་རྣམ་པས་རིམ་གྱིས་དར་སྤེལ་བྱས་པ་ཞིག་རེད། དེ་ལྟར་ན་འདིར་ངེས་དགོས་པ་ཞིག་ལ། གཟུགས་ཁམས་གནས་རིས་བཅུ་བདུན་དུ་འདོད་པ་ནི་གོང་དུ་བཤད་པའི་མངོན་པ་འོག་མའི་ལུགས་གཙོ་བོ་ཡིན་ལ། ཐེགས་པ་ཆེན་པོ་སྔགས་བླ་མེད་དཔལ་དུས་ཀྱི་འཁོར་ལོའི་རང་ལུགས་ལ་གཟུགས་ཁམས་གནས་རིས་བཅུ་དྲུག་ཏུ་འདོད་པ་ལས་བཅུ་བདུན་དུ་མི་འདོད་པའི་འགག་རྩ་འདི་ཤེས་དགོས་པས། དེ་ཡང་བསྟན་འགྱུར་ལྷ་སའི་པར། རྒྱུད(ད་པ)འགྲེལ་ཆེན་དྲི་མེད་འོད་ཤོག་ངོས་༢༤༧པའི་རྒྱབ་ངོས་ཕྲེང་དྲུག་པ་ན་འདི་ལྟར། ཚངས་རིས་དང་། ཚངས་པ་མདུན་ན་འདོན་དང་། ཚངས་ཆེན་དང་། འོད་ཆུང་དང་། ཚད་མེད་འོད་དང་། འོད་གསལ་དང་། དགེ་ཆུང་དང་། ཚད་མེད་དགེ་དང་། དགེ་རྒྱས་དང་། སྤྲིན་མེད་དང་། བསོད་ནམས་སྐྱེས་དང་། འབྲས་བུ་ཆེ་བ་དང་མི་ཆེ་བ་དང་མི་གདུང་བ་དང་གྱ་ནོམ་སྣང་བ་དང་འོག་མིན་ཏེ་གཟུགས་བཅུ་དྲུག་གོ །ཞེས་གསུངས་ཏེ་གནས་བཅུ་དྲུག་པ་ལ་འོག་མིན་བགྲངས་ཡོད་པ་འདི་རེད། རྒྱུ་མཚན་དེའི་དབང་གིས་སྐྱབས་རྗེ་ཚེ་ཏན་ཞབས་དྲུང་རིན་པོ་ཆེའི་ཐུགས་དགོངས་ལ་དུས་འཁོར་ལུགས་ཀྱི་སྐར་རྩིས་དང་འབྲེལ་བའི་རབ་བྱུང་བཅུ་བདུན་པ་ལ་མངོན་པ་འོག་མའི་ལུགས་ཀྱི་གཟུགས་ཁམས་གནས་རིས་བཅུ་བདུན་གྱི་མིང་གིས་བཏགས་པ་ཡིན་ན། དེ་ནི་ར་མགོ་ལུག་སུག་སྦྱར་བའི་དཔེ་དོན་དུ་སོང་བར་དགོངས་ནས། ད་གཟོད། འཕགས་པ་ཐོགས་མེད་ཀྱི་ཉན་ས་ན་དགེ་སྦྱོང་གི་རྒྱན་བཅུ་བདུན་བགྲངས་ཡོད་པ། ཉན་ས་ལས། དད་པ་དང་ལྡན་པ་དང་། གཡོ་མེད་པ་དང་། ནད་ཉུང་བ་དང་། བརྩོན་འགྲུས་རྩོམ་པའི་རང་བཞིན་ཅན་དང་། ཤེས་རབ་རྣོ་བ་དང་། འདོད་པ་ཉུང་བ་དང་། ཆོག་ཤེས་པ་དང་། གསོ་སླ་བ་དང་། དགང་སླ་བ་དང་། སྦྱངས་པའི་ཡོན་ཏན་དང་ལྡན་པ་དང་། མཛེས་པ་དང་། དྲོད་རིག་པ་དང་། སྐྱེས་བུ་དམ་པའི་ཆོས་དང་ལྡན་པ་དང་། མཁས་པའི་རྟགས་དང་ལྡན་པ་དང་། བཟོད་པ་ཆེ་བ་དང་། དེས་པ་དང་། གྱ་ནོམ་པའོ། །ཞེས་པའི་རྒྱན་བཅུ་བདུན་འདི་ལ་ཁུངས་གཏུགས་ནས། རབ་བྱུང་བཅུ་བདུན་པ་ལ་རབ་རྒྱན་ཞེས་གྲངས་ཀྱི་མངོན་བརྗོད་ཀྱི་མིང་གིས་བཏགས་པའི་རྒྱུ་མཚན་དེ་ལྟར་རེད་པས། ཁོང་གིས་མིང་ཚིག་གི་ཐ་སྙད་རེ་རེ་ལའང་ཕྲ་ཞིང་ཞིབ་པའི་རྣམ་དཔྱོད་ཀྱིས་འདི་ལྟར་བསམ་གཞིག་གནང་ཡོད་པ་རེད་མ་གཏོགས། ཁུངས་ལུང་མེད་པར་རི་བོང་ཅལ་འདྲོག་དང་ཆུ་སྣ་གར་ཁྲིད་ལྟར་རང་དགར་གཡམ་རྒྱུག་ཏུ་སོང་བ་ཞིག་ནི་གཏན་ནས་མ་རེད་དོ། །
        འོ་ན་མངོན་པ་སྡེ་བདུན་དེ་གཞུང་ལུགས་རྣམ་དག་ཏུ་མི་འདོད་པའི་ཁུངས་ཡོད་དམ་ཞེ་ན། ཡོད་དེ། དེ་ཡང་ས་སྐྱའི་དཔེ་རྙིང་བསྡུ་སྒྲིག་ཁང་ནས་བསྒྲིགས་པའི་རྗེ་བཙུན་རེད་མདའ་བའི་གསུང་པོད་དང་པོའི་ཤོག་ངོས་༧༥འགབ་ན། མངོན་པ་སྡེ་བདུན་བྱེ་བྲག་བཤད་མཚོ་སོགས། །བྱེ་བྲག་སྨྲ་བའི་གཞུང་བྱེད་ཐོག་མར་དར། །ཞེས་པའི་ཚིག་ལ་ཡིག་ཆུང་གིས་མཆན་བཏབ་པ་འདི་ལྟར། (མངོན་པ་སྡེ་བདུན་ཐུབ་པ་བཞུགས་པའི་དུས་ན་མོའུ་འགལ་བུ་ལ་སོགས་དགྲ་བཅོམ་པ་རྣམས་ཀྱིས་བསྡུས་ཞེས་བྱེ་བྲག་སྨྲ་བ་འདོད་ཀྱང་བསྡུ་བ་གཉིས་པའི་འོག་ཏུ་སོ་སོ་སྐྱེ་བོ་རྣམས་ཀྱིས་བྱས་པར་མདོ་སྡེ་བ་དང་དབྱིག་གཉེན་སོགས་བཞེད་དེ། མཛོད་འགྲེལ་དུ། སྟོན་པ་འཇིག་རྟེན་མིག་ནི་ཟུམ་གྱུར་ཅིང་། །དཔང་གྱུར་སྐྱེ་བོ་ཕལ་ཆེར་འདས་པ་ན། །དེ་ཉིད་མ་མཐོང་རང་དགར་གྱུར་པ་ཡི། །རྟོག་གེ་ངན་པ་རྣམས་ཀྱིས་བསྟན་འདི་དཀྲུགས། །ཞེས་འབྱུང་བས་སོ། །)ཞེས་དང་། བསྟན་བཅོས་(མངོན་པ་སྡེ་བདུན་སོགས)དོན་ལ་ཡིད་བརྟན་མ་མཐོང་ནས། །མདོ་སྡེའི་དོན་ལ་རིགས་པས་རྣམ་དཔྱད་དེ། །དོན་རྣམས་འཇོག་ཕྱིར་མདོ་སྡེ་བ་ཞེས་གྲགས། །ཞེས་གསུངས་ཡོད་པ་ལྟར་མངོན་པ་སྡེ་བདུན་ནི་སངས་རྒྱས་ཀྱི་གསུང་ཐོར་བུ་འགའ་རེ་ཙམ་ལས་གཞན་བཀའ་བསྡུ་གཉིས་པའི་རྗེས་སུ་འཕགས་པ་མ་ཡིན་པའི་སོ་སོ་སྐྱེ་བོ་རྣམས་ཀྱིས་བྱས་པ་དང་། དེའི་ནང་དུ་བཅོམ་ལྡན་འདས་མ་བྱོན་སྔོན་གྱི་ཕྱི་རོལ་རིག་བྱེད་པའི་འདོད་པ་ནང་བ་དང་རྗེས་མཐུན་པ་མང་པོ་ཡོད་པ་ལས་བསྲེས་ནས་བསླད་ཡོད་པ་ཡིན་ཙང་། ཀུན་མཁྱེན་དབྱིག་གི་གཉེན་པོས་ཀྱང་ཐུགས་ཀྱིས་མ་བཟོད་པར་སྤྱན་མཆི་མ་དང་བཅས་འུ་ཐུག་པའི་སྡུག་སྐད་དེ་ཤོར་བ་རེད་ཟེར། དེའི་ཕྱིར་ན་རབ་བྱུང་བཅུ་བདུན་པ་ལ་རབ་གནས་ཞེས་མ་བཏགས་པར་རབ་རྒྱན་ཞེས་བཏགས་པ་དེ་ལ་མིང་དོན་གང་གི་ཆ་ནས་ཀྱང་འགལ་ཆ་སྤུ་རྩེ་ཙམ་ཡང་མེད་པའི་རྒྱུ་མཚན་དེ་ལྟར་རེད་དོ། །
        དེ་ལ་ཁ་ཅིག་གིས། རེད་མདའ་བས་ནི་དཔལ་དུས་ཀྱི་འཁོར་ལོ་ལའང་དགག་པ་བཏང་ན། ཐེག་དམན་གྱི་གཞུང་ལ་དགག་པ་ནི་སྨོས་མ་དགོས་པས་དེ་ལ་ངེས་པ་མེད་དོ་ཟེར་ན། དེ་ཡང་སྔོན་གྱི་མཁས་པ་ཀརྨ་དཀོན་མཆོག་གཞོན་ནུས་རྗེ་བཙུན་རེད་མདའ་བས་དུས་འཁོར་ལ་དགག་པ་བསྐྱོན་ཚུལ་གྱི་སྙད་བཏགས་པ་འདི་ལྟར། རྗེ་བློ་བཟང་གྲགས་པ་ལ་བཤད་རྒྱུ་མེད། རེད་མདའ་བ་ལ་དེང་སང་ཁ་དབུ་མ། སྣ་དབུ་མ་ཞེས་དབུ་མ་དར་བ་ཁྱོད་ཀྱི་དྲིན་ཡིན་ཀྱང་དུས་འཁོར་རྣམ་དག་ཏུ་མི་འདོད་པ་མི་འཐད། ཅེས་རྗེ་བཙུན་རེད་མདའ་བ་ཆེན་པོའི་གསུང་གི་འགངས་མ་ཆུམས་པར་གཞི་མེད་ཀྱི་སྐུར་བ་བཏབ་པས་དེའི་རྗེས་སུ་འབྲང་མཁན་མང་པོ་བྱུང་ཡོད་ལ། དེ་བཞིན་དུ་དགེ་ལྡན་པའི་མཁས་པར་གྲགས་པ་འགའ་རེའི་གསུང་ནའང་བཤད་ཡམ་དེའི་རྗེས་སུ་འབྲངས་མཁན་ཡོད་ཚོད་འདུག་སྟེ། ཛེ་སྨད་པས། རེད་མདའ་བས། ཇོ་ནང་བཀག་ཞོར་དུས་འཁོར་ཡང་བཀག །ཅེས་གསུངས་འདུག་མོད། འོན་ཀྱང་དེ་ཚོ་ནི་དོན་དངོས་ལ་དཔྱད་པ་མ་ཐེབས་པར་གཞན་གྱི་ཟེར་སྒྲོས་སྐྱོར་བ་ཙམ་ཡིན་པར་ངེས་ཏེ། དེ་ཡང་དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས་པའི་སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱི་གསུང་པོད་ལྔ་བ། དུས་ཀྱི་འཁོར་ལོའི་བསྐྱེད་རིམ་སྣང་བའི་ཉིན་བྱེད་ཅེས་པའི་ཤོག་ངོས༥༩ན་འདི་ལྟར། བོད་ལ་ལ་དག་རང་ཉིད་ཀྱིས་རྡོ་རྗེ་ཐེག་པ་སྤྱི་དགོས་ཀྱི་གསང་ཚིག་ཟབ་མོ་མ་རྟོགས་པར་ཆོས་ལ་སྨོད་པའི་ལས་ཆེན་པོ་བསོག་ཅིང་། མཁས་པ་ཆེན་པོ་གཞོན་ནུ་བློ་གྲོས་ཀྱིས་དྭོགས་པ་གཅོད་པའི་ཆེད་དུ་རྒལ་བརྟག་བྱས་པའི་རིགས་པ་རྣམས་ཀྱང་ཡང་དག་པའི་ལན་གྱིས་མི་བཟློག་པར་ཁས་བསླངས་ནས་རྣལ་འབྱོར་གཉིས་སུ་མེད་པའི་རྒྱུད་སྡེ་རིན་པོ་ཆེ་འདི་ལ་རྒྱབ་ཀྱིས་ཕྱོགས་པར་བྱེད་དོ། །འདི་དག་ནི་ལུས་དེ་ཉིད་ཀྱིས་མནར་མེད་པའམ། རྡོ་རྗེ་དམྱལ་བ་ཆེན་པོར་ལྟུང་སྟེ་ཞེས་སོགས་དང་། ཤོག་ངོས་༦༠ན། རེད་མདའ་བས་ཀྱང་རང་གིས་བཀོད་པའི་དྭོགས་པ་རྣམས་ལ་རང་ཉིད་ཀྱིས་དྲི་མ་མེད་པའི་ལན་བྱས་ནས། ལུགས་འདིའི་རྒྱུད་གསུམ་གྱི་བཤད་པ་མན་ངག་གིས་བརྒྱན་པ་དང་བཅས་པ་མཛད་དེ་བསྔགས་པ་ལྷག་པར་མཛད་པའི་ཕྱིར་རོ། །ཞེས་གསུངས་འདུག་པས་ཕྱིར་ན། རྗེ་བཙུན་རེད་མདའ་བས་དུས་འཁོར་དགག་པར་འདོད་མཁན་དག་གིས་མ་མཐའ་འདི་ཙམ་ཡང་མཐོང་ཐོས་ཀྱིས་བསྐལ་པར་འདུག་སྙམ་ནས་ཞོར་འཕྲོས་སུ་འོས་སྦྱོར་གྱིས་རབ་བྱུང་བཅུ་བདུན་པ་ལ་རབ་རྒྱན་ཞེས་བཏགས་པའི་རྒྱུ་མཚན་ཅི་ཡིན་དྲིས་པའི་ལན་ཉུང་ངུ་རྣམ་གསལ་དུ་ཕུལ་པ་དགེ་ལེགས་སུ་གྱུར་ཅིག །
        ཅེས་པ་འདི་ནི་བོད་རབ་རྒྱན་ལྕགས་བྱི་ཕྱི་ལོ་༢༠༢༠བོད་ཟླ་༩ཚེས་༡༠ལ་སྒོ་དམར་དགེ་འདུན་དོན་གྲུབ་ཀྱིས་རེབ་གོང་རོང་པོ་དགོན་ཆེན་ནས་ཕུལ་བ་དགེའོ། །
འབྲེལ་ཡོད་འོས་སྦྱོར།