logo

བོད་ཀྱི་རྩོམ་པ་པོ་གྲགས་ཅན་སྐོར་ཞིག་གིས«འཛམ་གླིང་རྩོམ་རིག»གླེང་བ།

རྩོམ་པ་པོ།: ཡོང་ཁུངས།:World Literature དུས་ཚོད།:2022-02-21 ཀློག་གྲངས།:
        འཛམ་གླིང་རྩོམ་རིག་སྐོར་གྱི་བོད་ཡིག་ལོ་དེབ་ཐོག་མ། སྔོན་བོད་དུ་མ་འགྱུར་བའི་བརྩམས་ཆོས། དབྱིན་བོད་རྩོམ་རིག་ལོ་ཙཱའི་དཔེ་གཞི། རྩོམ་རིག་གསར་རྩོམ་དང་ལོ་ཙཱ། ཉམས་ཞིབ་པ་དག་གི་དན་གྲོགས། «འཛམ་གླིང་རྩོམ་རིག»དེབ་གསུམ་པ་དངོས་སུ་པར་བསྐྲུན་འགྲེམས་སྤེལ་བྱས།
«འཛམ་གླིང་རྩོམ་རིག»དེབ་གསུམ་པ།
ཚེ་རིང་དོན་གྲུབ།
        རྒྱ་ནག་གིས1953ལོར«འཛམ་གླིང་རྩོམ་རིག»(«世界文学»)དུས་དེབ་ཐོག་མར་སྤེལ་བ་དང། 1979ལོར«ལོ་ཙཱ་གླིང»(«译林»)དུས་དེབ་སྤེལ་བ་འདིས2000ལོ་དང2012ལོར་སོ་སོར་ཀོ་ཞིན་ཅན(高行建,1997ལོར་ཧྥ་རན་སིའི་རྒྱལ་ཁུངས་སུ་ཞུགས།)དང་མའོ་ཡན(莫言)གཉིས་ལ་ནོ་བྷེལ་རྩོམ་རིག་བྱ་དགའ་ཐོབ་པ་གཙོ་བྱས་པའི་རྒྱ་ནག་གི་རྩོམ་རིག་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་ཡོད་པ་ནི་བཤད་མ་དགོས་པ་རེད། དེས་མ་ཚད་རྒྱ་ཡིག་ཤེས་མཁན་གྱི་གྲངས་ཉུང་མི་རིགས་ཀྱི་རྩོམ་པ་པོ་ལའང་ཤུགས་རྐྱེན་ཐེབས་ཡོད་སྲིད་དེ། དཔེར་ན་ང་རང་གིས་ཀྱང་དུས་རབས་གོང་མའི་ལོ་རབས་དགུ་བཅུ་པ་ནས་རྒྱ་ཡིག་གི«འཛམ་གླིང་རྩོམ་རིག»མངགས་ཉོ་བྱས་ཏེ་འཛམ་གླིང་ཡུལ་གྲུ་སོ་སོའི་ཕུལ་བྱུང་བརྩམས་སྒྲུང་འགའ་རེ་བཀླགས་པ་ལས་གཞན་དབྱར་རྩྭ་དགུན་འབུ་རྐོ་དུས་དང་རྩྭ་ས་རྩོད་གླེང་རེ་བྱུང་ན་མ་གཏོགས་ཧ་ཅང་ལྷིང་འཇགས་ཡིན་པའི་རྩྭ་ཐང་གི་རྫོང་མཁར་ཆུང་ཆུང་དེ་རུ་རྒྱལ་ཁབ་གང་དུ་རྩོམ་རིག་བྱ་འགུལ་ཅི་ཞིག་སྤེལ་བ་སོགས་ངའི་རྩོམ་རིག་བརྡ་འཕྲིན་གྱི་ཡོང་ཁུངས་གཙོ་བོ་ཡིན། ཡིན་ནའང་རྒན་ཡོལ་བྱས་ཏེ་གྲོང་ཁྱེར་དུ་བསྡད་པ་ནས་ཁང་མིག་ཆུང་བས་དཔེ་ཆ་མང་པོ་འཇོག་ས་མེད་པའི་དབང་གིས་བོད་ཡིག་གི་དུས་དེབ་འདི་འདྲ་ཞིག་ཡོད་ན་ཅི་མ་རུང་བསམས་པ་དང་མཉམ་དུ2017ལོ་ནས་དུས་དེབ་མངགས་ཉོ་བྱེད་མཚམས་བཞག
        རྒྱ་ནག་ལྟ་བུའི་འཛམ་གླིང་མི་འབོར་གྱི་བརྒྱ་ཆའི21.5ཟིན་ཅིང་། རྩོམ་རིག་དར་རྒྱས་ཆེ་བའི་མི་རིགས་བཤད་ཅི་དགོས། ས་རྒྱ་དང་མི་འབོར་སོགས་ཕྱོགས་མང་པོ་ནས་བོད་དང་ཕལ་ཆེར་འདྲ་བའི་སོག་པོའི«མེ་ཏོག་ཐང»ཞེས་པའི་སོག་ཡིག་གི་དུས་དེབ་ཀྱི་རྩོམ་སྒྲིག་པ་ཚོས་འཛམ་གླིང་རྩོམ་རིག་གི་གལ་ཆེན་རང་བཞིན་ངོས་ཟིན་ཏེ«མེ་ཏོག་གི་ཆར་པ»ཞེས་པའི་རྩོམ་རིག་ལོ་ཙཱའི་དུས་དེབ་ཅིག་སྤེལ། ཡིན་ནའང་དེ་དུས་མི་ཤུགས་རྒྱུ་ཤུགས་གཉིས་ཀས་མ་འདང་བས1957ལོ་ནས«མེ་ཏོག་གི་ཆར་པ»ཞེས་པ་དེ«མེ་ཏོག་ཐང»གི་ལེ་ཚན་ཞིག་ཏུ་བསྒྱུར་ནས་ཆེད་དུ་ཕྱི་རྒྱལ་གྱི་ཕུལ་བྱུང་བརྩམས་ཆོས་ལོ་ཙཱ་དང་ངོ་སྤྲོད་བྱས། 1979ལོར་ད་གཟོད«འཛམ་གླིང་རྩོམ་རིག»ཅེས་པའི་དུས་དེབ་ཏུ་བསྒྱུར་ཅིང་། དང་པོའི་ཤོག་ངོས་ཉིས་བརྒྱ་ལྷག་ཡོད་པའི་དུས་ཚིགས་དུས་དེབ་ནས་ད་ལྟའི་ཤོག་ངོས་སུམ་བརྒྱ་ལྷག་ཡོད་པའི་ཟླ་ཟུང་དུས་དེབ་ཏུ་འཕེལ་རྒྱས་བྱུང་། དུས་དེབ་འདི“སྒྲུང་རིང་མུ་འགོད”དང་། “སྒྲུང་ཐུང་འབྲིང་གི་སྐྱེད་ཚལ།” “སྙན་ངག་མྱོང་རོལ།” “རྩོམ་མཁན་གྲགས་ཅན་ལ་བཅར་འདྲི།” “ནོ་བྷེལ་རྩོམ་རིག་བྱ་དགའ།” “འཛམ་གླིང་རྩོམ་རིག་གི་གནས་ཚུལ།” “ཕ་རི་སིའི་དཔྱད་བརྗོད”སོགས་ལེ་ཚན་གྱིས་གྲུབ་ཡོད་ལ། “སྒྲུང་རིང་མུ་འགོད”ལེ་ཚན་དུ་དངོས་ཡོད་རིང་ལུགས་ཀྱི་སྒྲུང་རིང་གྲགས་ཅན་འབོར་ཆེན་ལས་གཞན་ད་དུང«ལོ་བརྒྱའི་ཁེར་རྐྱང»དང«ཐེག་དཀའ་བའི་ཚེ་སྲོག་གི་ཡང་བ» «ཉ་ཆེན་ཝེལ་དཀར» «གཞོན་ནུ་སྒྱུ་རྩལ་པ་ཞིག་གི་རང་བྲིས»སོགས་ཁྱོན་གྲུབ་མཐའ་མི་འདྲ་བའི་སྒྲུང་རིང་ཞེ་གསུམ་སྤེལ་ཡོད། “ནོ་བྷེལ་རྩོམ་རིག་བྱ་དགའི”ལེ་ཚན་དུ1901ལོ་ནས་ད་ལྟ་བར་གྱི་ལོ་ངོ་བརྒྱ་དང་ཉི་ཤུ་ལྷག་གི་རིང་བྱ་དགའ་ཐོབ་པའི་རྩོམ་མཁན་དང་བརྩམས་ཆོས་ངོ་སྤྲོད་བྱས་ཡོད། བརྩམས་ཆོས་མང་ཤོས་སོག་པོ་རྒྱལ་ཁབ་ཀྱི་ལོ་ཙཱ་བས་ཐད་ཀར་ཨུ་རུ་སུའི་ཡི་གེ་དང་དབྱིན་ཡིག་ནས་བསྒྱུར་བ་དང་། ནང་སོག་གི་ལོ་ཙཱ་བས་ཉི་ཧོང་གི་ཡི་གེ་ནས་བསྒྱུར་བ་སོགས་མདོར་ན་སོག་ཡིག་གི«འཛམ་གླིང་རྩོམ་རིག»ནི་སོག་པོ་མི་རིགས་ཀྱིས་རང་གི་རྩོམ་རིག་ལ་འཚོ་བཅུད་ལེན་སའི་ཞིང་ས་གཙོ་བོ་ཞིག་ཡིན་པས་ན«སྨན་པ་གྲྭ་ཚང»ལྟ་བུའི་བརྩམས་ཆོས་གྲགས་ཅན་འཁྲུངས་པར་ཡང་འདི་ལ་འབྲེལ་བ་ལོས་ཡོད་བསམ།
        ང་དང་ང་ལྟ་བུའི་རྩོམ་རིག་ལ་མོས་པ་ཅན་ཁྲི་སྟོང་མང་པོས་རེ་སྨོན་བྱས་བྱས་མཐར་ལྡོང་བུ་དང་སྐྱབས་ཆེན་བདེ་གྲོལ་སོགས་སྐད་ཡིག་གཉིས་དང་། ཐ་ན་སྐད་ཡིག་གསུམ་བཞི་མཁྱེན་པའི་དར་མ་དང་ན་གཞོན་ལྷག་བསམ་ཅན་འགས་ལུས་ཤུགས་རྒྱུ་ཤུགས་གང་མང་བཏོན་མཐར2019ལོར་གཞི་ནས་བོད་ཡིག་གི་ལོ་དེབ«འཛམ་གླིང་རྩོམ་རིག»ཐོག་མ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དངོས་སུ་པར་སྐྲུན་འགྲེམ་སྤེལ་བྱས། འདི་ནི་བོད་ཀྱི་རྩོམ་རིག་ལོ་རྒྱུས་སུ་འགོད་ཆོག་ཆོག་གི་བྱ་གཞག་གལ་ཆེན་ཞིག་ཡིན་ལ། བོད་ཀྱི་རྩོམ་རིག་འཕེལ་རྒྱས་ཐད་མི་མངོན་པའི་ནུས་པ་བླ་ལྷག་ཅིག་གདོན་སྲིད་པའི་ཡིད་ཆེས་བརྟན་པོ་ཡོད། ལྷག་པར་དུ་དེབ་འདིར་བདམས་པའི་བརྩམས་ཆོས་མང་ཤོས་ད་ལྟའི་བར་བོད་ཡིག་ཏུ་བསྒྱུར་མེད་ལ། དེ་བས་ཀྱང་བརྩམས་ཆོས་མང་ཤོས་རྒྱ་འགྱུར་བརྒྱུད་མ་དགོས་པར་ཐད་ཀར་མ་རྩོམ་ནས་བསྒྱུར་པའམ་དབྱིན་འགྱུར་མ་ལ་དཔེ་བལྟས་ནས་བསྒྱུར་ཅིང་ཞུ་དག་བྱས་པ་ཡིན་པས་ད་སོ་མ་ཤོག་ཐུམ་ལས་གྲོལ་བ་ལྟར་དྲི་ངད་ལྡང་ཞིང་བཀྲག་མདངས་འཚེར་བཞིན་འདུག འགྱུར་ཡིག་ཀྱང་ལུང་སྐད་དང་བརྡ་རྙིང་། མངོན་བརྗོད་སོགས་ཀྱིས་མ་བཅིངས་པར་ང་ཚོའི་དུས་སྐབས་འདིའི་བོད་སྐད་ཇི་མ་ཇི་བཞིན་ཡིན་པས་ན་ཁ་ལ་བདེ་ཞིང་མིག་ལ་ལོབས་པའི་ཚོར་སྣང་སྟེར། ལོ་དེབ་འདི“ཆེད་བསྒྲིགས”(དེབ་དང་པོ་ཨ་རི་དང་གཉིས་པ་དབྱིན་ཇི། གསུམ་པ་ཨེར་ལན་གྱི་སྒྲུང་ཐུང)དང་། “སྒྲུང་ཐུང་།” “སྙན་ངག”(དེབ་གཉིས་པར་ལེ་ཚན་འདི་མེད)“དཔྱད་ཞིབ།” “བཅར་འདྲི།” “མཐུན་རྐྱེན་སྦྱོར་མཁན།”(རྩོམ་པ་པོ་དང་ལོ་ཙཱ་བ། ཞུས་ཆེན་ལོ་ཙཱ་བ་བཅས་ཀྱི་ངོ་སྤྲོད་མདོར་བསྡུས)བཅས་ལེ་ཚན་དྲུག་གིས་གྲུབ་ཡོད། དེབ་དང་པོ་དང་གཉིས་པར་བདམས་པའི་བརྩམས་ཆོས་དག་ལས་ང་ལ་ཆེས་རྒྱུས་མངའ་ཡོད་པ་ནི་སྒྲུང་ཐུང«སྡོམ་སྐུད»(ད་དུང“དཔྱད་ཞིབ”ལེ་ཚན་གྱི་ཇོར་ཇི·ཨོར་ཝེལ་ནི་ང་ཚོ་ཚང་མར་ཆ་རྒྱུས་ཡོད་པའི«གཅིག་དགུ་གྱ་བཞི»དང«བྱོལ་སོང་གཞིས་ཀ»ཡི་རྩོམ་པ་པོ་ཡིན)ཡིན་ལ། གང་ཡིན་ཟེར་ན་ཨ་ཀུ་ཐ་གྷ་ཝ·རོ་ཡོ་ནོ་སུ་ཀེའི་ཟུར་ཟ་དང་ཁ་མཚར་གྱིས་ཡོངས་སུ་ཕྱུག་པའི་བརྩམས་སྒྲུང་མང་ཤོས་བཀླགས་མྱོང་ཡོད་པར་མ་ཟད་དུས་རབས་གོང་མའི་ལོ་རབས་དགུ་བཅུའི་ནང་གྲོགས་པོ་ཨ་ཁྱུང་དང་ངེད་གཉིས་ཀས་སྒྲུང་ཐུང་འདི་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར(ངེད་གཉིས་ཀྱིས«སྡོམ་གྱི་སྐུད་པ»ཞེས་བསྒྱུར་ཡོད། རྒྱུ་མཚན་ནི“སྡོམ་སྐུད”ཅེས་བསྒྱུར་ན་དངོས་པོ་གང་ཞིག་སྡོམ་བྱེད་ཀྱི་སྐུད་པ་ལ་གོ་བ་བླངས་མི་འགྲོའམ་སྙམ་པས་ཡིན་ལ། འདི་ནི་སེམས་ཁྲལ་ལྷག་མ་ཞིག་ཡིན་ཡང་སྲིད། ཉེ་ལམ་པར་སྐྲུན་བྱས་པའི“འཛམ་གླིང་རྩོམ་རིག་གྲགས་ཅན་བོད་འགྱུར་དཔེ་ཚོགས”སུ་རྒན་གོང་ཨོ་རྒྱན་རྡོ་རྗེ་ལགས་ཀྱིས«སྡོམ་ཐག»ཅེས་བསྒྱུར་ཀྱང་ཡོད)ཏེ«བོད་ཀྱི་རྩོམ་རིག་སྒྱུ་རྩལ»དུ་སྤེལ་མྱོང་ཡོད། ཡིན་ནའང་དགོད་བྲོ་བ་ཞིག་ལ་དེ་དུས་ངེད་གཉིས་ཀར་ཉི་ཧོང་གི་སྐད་ཡིག་ཤེས་མཁན་ངོ་ཤེས་མེད་པས་རྩོམ་པ་པོའི་མིང་ཡང་རྒྱ་ཡིག་གི་སྒྲ་གདངས་ལྟར“ཅེ་ཁྲོན་ལུང་ཀྲི་ཅེ”ཞེས་བསྒྱུར་པ་དང་། མི་སྣ་གཙོ་བོ་དྲི་བཟང་ཕྱུག་ཅེས་པའང་རྒྱ་ཡིག་གི་སྒྲ་གདངས་ལྟར“ཅན་ཐོ་ཏོ”ཞེས་བསྒྱུར་པ་ཡིན། གང་ལྟར་དེབ་དང་པོ་དང་གཉིས་པ་ནི་ཀློག་མཁན་རྣམས་ཀྱིས་སྔར་ནས་མཐོང་ཟིན་པས་འདིར་མང་པོ་བཤད་པའི་དགོས་པ་མེད།
        2021ལོར་པར་སྐྲུན་འགྲེམ་སྤེལ་བྱས་པའི«འཛམ་གླིང་རྩོམ་རིག»དེབ་གསུམ་པར་གཙོ་བོ་ཨེར་ལན་གྱི་སྒྲུང་ཐུང་གྲགས་ཅན་དགུ་སྤེལ་ཡོད། དེ་ཡང་སྒྲིག་པ་པོའི་འགོ་བརྗོད་དུ་ཨེར་ལན་གྱི་ལོ་རྒྱུས་དང་རིག་གནས། ལྷག་པར་དུ་རྩོམ་རིག་ངོ་སྤྲོད་མདོར་བསྡུས་བྱས་ཡོད་པ་ལས་གཞན“འཛམ་གླིང་རྩོམ་རིག”དང“རྩོམ་རིག་ལོ་ཙཱ”ཡི་བྱེད་ནུས་ཅི་འདྲ་ཡིན་པ་ཚིག་ཉུང་ཁ་གསལ་གྱིས་བཤད་ཡོད་པས་འདི་ཞིབ་ཏུ་ཀློག་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་ཡིན་ལ། རབ་ཡིན་ན་དེབ་དང་པོ་དང་གཉིས་པའི་འགོ་བརྗོད་ཀྱང་ཀློག་དགོས། ཆེད་བསྒྲིགས་འདིའི་ནང་དུ་ཏག་ཏག་ལོ་ངོ་བརྒྱ་དང་བཞི་བཅུའི་སྔོན་ལ་འཁྲུངས་པའི་དེང་རབས་རིང་ལུགས་ཀྱི་རྩོམ་མཁན་གྲགས་ཅན་ཇེམ་སི·ཇོའེ་སི་ནི་ང་ལ་ཆ་རྒྱུས་ཅུང་ཙམ་ཡོད་པ་གཅིག་པུ་ཡིན་ཏེ། ཇོའེ་སིའི«གཞོན་ནུ་སྒྱུ་རྩལ་པ་ཞིག་གི་རང་བྲིས»ནི་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུའི་ནང་བལྟས་མྱོང་ལ། ཡིག་འབྲུ་འབུམ་བཞི་ཙམ་གྱི«ཡུ་ལི་སེ་སི»ཡང་ལོ་རབས་དགུ་བཅུའི་ནང་བལྟས་མྱོང་ནའང་ཕལ་ཆེར་ཧ་མ་གོ་བ་དང་། ད་ལྟ་ནི་དེ་བས་ཀྱང་རྨི་ལམ་ལྟ་བུའི་བག་ཆགས་ཙམ་ཡང་མི་འདུག (འདིའི་སྐོར་ངའི་བརྩམས་སྒྲུང«སྨུག་པ»ཡི་ནང་ནའང་ཟུར་ཙམ་གླེང་ཡོད)དེ་དག་དང་བསྡུར་ན་འདིར་བདམས་པའི«ལྕམ་སྲིང་དག»ཅེས་པའི་སྒྲུང་ཐུང་འདི་དེ་འདྲའི་ཧ་མི་གོ་རྒྱུ་ཅང་མེད་མོད། འོན་ཀྱང་ང་ལ་སེམས་ཁྲལ་ཞིག་ཡོད་པ་ནི་ད་སོ་མ་ལངས་གོག་བསྲེ་བཞིན་པའི་ང་ཚོའི་རྩོམ་རིག་གི་སྡེ་ལ་མཚོན་ན་འདི་འདྲའི་མཚོན་དོན་གྱིས་ཡོངས་སུ་ཕྱུག(ཚོགས་ཕོར་སོགས་ཀྱིས་མཚོན)ཅིང་མཁའ་དབུགས་ཤིན་ཏུ་སྟུག་པ། ཚོར་བ་རབ་ཏུ་ལྕི་བའི་བརྩམས་ཆོས་ལ་ད་རུང་ལོབས་ཐུབ་མིན་དེ་ཡིན་ལ། གལ་ཏེ་ཀློག་པ་པོ་མང་ཤོས་ཀྱིས་དང་ལེན་བྱ་མ་ཐུབ་ཚེ་ང་ཚོར་ལྷག་བསམ་ཅི་འདྲ་ཆེ་ཞིང་འབད་པ་ཅི་འདྲ་བྱས་ནའང་ངལ་བ་འབྲས་མེད་དུ་མི་འགྲོའམ་ཞེས་པ་དེ་ཡིན། དེ་ཡང་དེང་རབས་རིང་ལུགས་ཀྱི་བརྩམས་ཆོས་ང་ཚོར་མི་འཚམས་ཟེར་བ་གཏན་ནས་མིན་པར་དངོས་ཡོད་རིང་ལུགས་ཀྱི་བརྩམས་ཆོས་གྲགས་ཅན་གཙོ་བྱས་པའི་དེབ་རེའི་ནང་དུ་འོས་འཚམས་ཀྱིས་དེང་རབས་རིང་ལུགས་ཀྱི་བརྩམས་ཆོས་འགའ་རེ་སྤེལ་ན་ལྷག་ཏུ་ཨེ་སྨན་བསམ་པ་དེ་ཡིན། ཇོའེ་སི་ལས་གཞན་པའི་རྩོམ་མཁན་དང་བརྩམས་ཆོས་དག་ནི་ང་ལ་རྒྱུས་མངའ་མེད་ལ། ཐ་ན་མང་ཤོས་མིང་ཙམ་ཡང་གོ་མ་མྱོང་བས་ན་རང་ཉིད་འཛམ་གླིང་གི་རྩོམ་དང་བར་ཐག་ཤིན་ཏུ་རིང་བའམ་རྒྱུགས་ཆེ་བའི་བཤད་སྲོལ་ལྟར་ན་དུས་རབས་ཀྱི་རྗེས་སུ་ལུས་འདུག་པའི་ཚོར་སྣང་སྡུག་པོ་ཞིག་སྐྱེས། དུས་མཚུངས་སུ་དེང་གི་ན་གཞོན་རྣམས་དང་ལྷག་པར་དུ་དེབ་འདིའི་རྩོམ་སྒྲིག་པ་དང་ལོ་ཙཱ་བ་རྣམས་ལ་ཡིད་སྨོན་ཞིག་ཀྱང་སྐྱེས།
        དེ་ཡང་རྒྱ་ཡིག་དང་སོག་ཡིག་གི«འཛམ་གླིང་རྩོམ་རིག»ནི་ལོ་ངོ་བཅུ་ཕྲག་དུ་མ་བརྒྱུད་ནའང་རྩ་བ་ཇེ་བརྟན་ཡལ་འདབ་ཇེ་རྒྱས་ཡིན་པ་འདི་རྩོམ་སྒྲིག་པ་དང་ལོ་ཙཱ་བའི་ཤེས་རབ་དང་བརྩོན་འགྲུས་ལས་གཞན་ཀློག་པ་པོས་དུས་ལྟར་ཉོ་བ་དེ་སྒུལ་ཤུགས་གཙོ་བོ་ཡིན་པ་བཤད་ཅི་དགོས། དེའི་ཕྱིར་ང་ཚོས་ཀྱང་རང་གི་སྐད་ཡིག་གི་ལམ་ནས་འཛམ་གླིང་རྩོམ་རིག་ལ་རྒྱུས་ལོན་དང་སློབ་སྦྱོང་བྱེད་པར་སྒེའུ་ཁུང་ལྟ་བུར་གྱུར་པའི་ལོ་དེབ་འདི་ཡུན་རིང་གནས་ཐུབ་པ་དང་། ལོ་དེབ་འདི་མི་འགྱང་བར་དུས་ཚིགས་དུས་དེབ་དང་ཐ་ན་ཟླ་ཟུང་དུས་དེབ་ཏུ་བསྒྱུར་ཐུབ་པར་སྒྲིག་པ་པོས་ངེས་པར་དུ་ཀློག་པ་པོ་མང་ཤོས་ཀྱི་སེམས་ཁམས་དང་དགའ་ཕྱོགས། ཆུ་ཚད་ལ་ཁ་ཕྱོགས་དགོས་པ་དང་། དེ་ལྟར་བྱས་ན་རྒྱ་ཆེའི་ཀློག་པ་པོས་རྒྱབ་སྐྱོར་ཐོབ་སྲིད་པའི་ཡིད་ཆེས་ང་ལ་ཡོད། སྤྱིར་བཏང་དུ་དེབ་ཅིག་གི་སྐོར་ལ་སྐད་ཆ་ཞིག་བཤད་དགོས་ན་དེབ་དེར་ངེས་པར་དུ་ཡང་སྐོར་བསྐྱར་སྐོར་གྱིས་བལྟ་དགོས་མོད། འོན་ཀྱང་ང་རྒད་པོར་མིག་དབང་ཞན་པའི་ཁར«འཛམ་གླིང་རྩོམ་རིག»གི་ཡི་གེ་ཆུང་དྲགས་པས་བརྩམས་ཆོས་ཆ་ཚང་བལྟ་མ་ཐུབ་ལ། དེས་ན་ཅུང་ཆ་ཚང་བའི་ངོ་སྤྲོད་ཅིག་ཀྱང་འབྲི་མ་ཐུབ་པ་ཆོས་ཉིད་ཡིན་པས་དགོངས་དག་ཞུའོ།།
༢༠༢༢ལོའི་ཟླ༢ཚེས༡ཉིན།
བདུད་ལྷ་རྒྱལ།
        གལ་ཏེ་བོད་ཀྱི་རྩོམ་རིག་གིས་མཐོ་བསྙེགས་བྱེད་དྲག་སྟེ། ད་ཡོད་ཀྱི་རྩོམ་རིག་གི་ཆུ་ཚད་ལ་འཕེལ་རྒྱས་བྱས་ཆེ་ཚེ། བོད་ཀྱི་ཀློག་པ་པོ་བྱིངས་ཀྱི་མྱོང་རོལ་ཆུ་ཚད་ལས་འགོངས་པས་ན། ཀློག་པ་པོས་རྩོམ་རིག་འདོར་བའི་ཉེན་ཁ་འབྱུང་སྲིད། རྩོམ་རིག་ཡུན་རིང་པོར་ཀློག་པ་པོའི་མོས་པའམ་བློ་ཁ་དང་མ་འཚམས་ཚེ། སུན་སྣང་དང་ཡིད་ཆད་འབྱུང་ངེས། ཡང་གལ་ཏེ། ད་ཡོད་ཀྱི་ཀློག་པ་པོའི་རྩོམ་རིག་མྱོང་རོལ་གྱི་ཆུ་ཚད་དང་བསྟུན་ཆེ་ཚེ། བོད་ཀྱི་རྩོམ་རིག་འཕེལ་རྒྱས་ཀྱི་གོམ་ཁ་དལ་བར་འགྱུར་ཞིང་། བོད་ཀྱི་རྩོམ་རིག་དོན་ཟབ་ཅིང་རྣམ་པ་སྣ་མང་བའི་ཕྱོགས་སུ་འཕེལ་དཀའ་བར་འགྱུར། དེ་བཞིན་དུ་རྩོམ་རིག་རང་སྟེང་གི་མཛེས་པ་མངོན་པར་འགྱུར་བའི་གོ་སྐབས་ཀྱང་འགག་པར་འགྱུར་ངེས། དེ་བས། བོད་ཀྱི་རྩོམ་རིག་གི་འཕེལ་ཕྱོགས་གླེང་རྒྱུ་ནི་ཅུང་དཀའ་སྟེ། མཐའ་གཅིག་ཏུ་ཁ་ཚོན་གཅོད་རྒྱུ་ཤིན་ཏུ་དཀའ། འདི་ན་རྒྱུན་འཛིན་དང་འཕེལ་རྒྱས་སམ། དར་རྒྱས་དང་འཕེལ་རྒྱས་ཀྱི་འགལ་བ་ཞིག་གནས་འདུག
        ད་ལྟའི་གནས་བབ་ལ་བསམ་ན། བོད་རྩོམ་ཐད་ཀྱི་གནད་དོན་ནི་གསར་པ་དང་ལེན་ནམ། བོད་རྩོམ་དང་རིགས་མི་འདྲ་བའི་རྩོམ་རིག་ལ་འབྲེལ་འདྲིས་བྱེད་པ་ཉུང་སྟེ། རང་ལ་རང་གིས་བསྐྱར་ཟློས་བྱེད་པ་ཤེད་ཆེ་བས། འཕེལ་རྒྱས་ཀྱི་ཐད་ལ་ཤུགས་རྒྱག་དགོས་པ་གལ་ཆེ་བར་སྣང་། ད་ཐེངས་དཔར་དུ་བཏབ་པའི་འཛམ་གླིང་རྩོམ་རིག་ནི་བོད་རྩོམ་ལ་གྲུབ་ཆ་གསར་པ་བསྣོན་པ་དང་། བོད་རྩོམ་འཕེལ་རྒྱས་ཀྱི་གསོས་སུ་འགྱུར་ངེས་པས། འཛམ་གླིང་རྩོམ་རིག་གི་དཔར་སྐྲུན་ནི་བོད་ཀྱི་རྩོམ་རིག་གི་བྱ་བཞག་གལ་ཆེན་ཞིག་རེད་སྙམ།
 
ལྷ་བྱམས་རྒྱལ།
        ལྡོང་བུ་དང་སྐྱབས་ཆེན་གཉིས་ཀྱིས་གཙོ་སྒྲིག་བྱས་ཤིང་རྒྱ་བོད་དབྱིན་གསུམ་གྱི་སྐད་ཡིག་ལ་བྱང་ཆ་ཆེ་བའི་གཞོན་སྐྱེས་ལོ་ཙཱ་བ་སྐོར་གཅིག་གིས་མཉམ་རུབ་སྒོས་བསྒྱུར་བའི«འཛམ་གླིང་རྩོམ་རིག»ལོ་བསྟར་མའི་དེབ་ཕྲེང་གསུམ་ལག་སོན་བྱུང་རྗེས། རྗེས་སུ་ཡི་རངས་དང་བཅས་ཏེ་སྔོན་འགྲོའི་གཏམ་དང་། དཀར་ཆག་བཅས་ལ་མིག་བཤེར་བྱས་ཤིང་། དེ་ནས་མཚན་མོར་གཉིད་མ་ཁུག་པའི་སྔོན་ལ་སྔས་འགྲམ་དུ་བཞག་ནས་དེབ་ནང་གི་འགྱུར་རྩོམ་རེ་གཉིས་སྟེག་སྒྲོན་གྱི་དཀར་ཆའི་འོག་ནས་བཀླགས་པ་ཡིན། ཡོད་ཚད་ལྷོད་འཇགས་སུ་གྱུར་པའི་མཚན་མོའི་གཏིང་རུམ་ཞིག་ནས་ངས་འདི་ལྟར་བོད་ཡིག་གི་ལམ་ནས་འཛམ་གླིང་རྩོམ་རིག་གི་ལོ་རྒྱུས་གྱི་འཕེལ་ལམ་རིང་མོའི་ནང་འོད་དུ་འཚེར་བའི་བརྩམས་ཆོས་ཀྱི་ཤུལ་བཞག་དག་ལ་རོལ་མྱོང་བྱེད་པའི་སྣང་བརྙན་འདི་ནི། ང་ལ་མཚོན་ན་ལོ་ངོ་དུ་མའི་ཡར་སྔོན་དུ་འཆར་སྣང་དུ་འཁོར་མི་ཐུབ་པ་ཞིག་རེད། སྔོན་ཆད་བོད་ཡིག་ཏུ་འགྱུར་བའི་མི་རིགས་གཞན་དང་རྒྱལ་ཁབ་གཞན་གྱི་རྩོམ་རིག་བརྩམས་ཆོས་ནི་ཤིན་ཏུ་ནས་ཚད་ཡོད་པ་ཞིག་ཡིན་པས། ང་ཚོས་དེ་རིགས་བཀླགས་འདོད་ན་ངེས་པར་དུ་སྐད་ཡིག་གཞན་ལ་བརྟེན་དགོས་པའི་དུས་རིམ་རིང་པོ་ཞིག་བརྒྱུད་ཡོང་བ་རེད།
        ད་ལྟའི་དུས་སུ། ང་ཚོར་རིམ་གྱིས་སྐད་རིགས་སྣ་མང་ལ་བྱང་བའི་གཞོན་སྐྱེས་གང་མང་འཚར་ལོངས་བྱུང་དང་འབྱུང་བཞིན་ཡོད་ལ། དེར་མ་ཟད་དེ་དག་ནི་རང་གི་སྐད་དང་ཡི་གེར་དུང་སེམས་བླ་ལྷག་གིས་ཡོད་པ་ཤ་སྟག་ཡིན་པས། གཞི་ནས་ངས་ཀྱང་འདི་ལྟར་བོད་ཡིག་གི་ལམ་ནས་འཛམ་གླིང་རྩོམ་རིག་ལ་རོལ་མྱོང་བྱ་བའི་གོ་སྐབས་བྱུང་། འདི་ནི་བོད་སྐད་ཡིག་གི་ལྗོན་ཤིང་ལ་རྩ་བ་མི་སྐམ་པའི་ལུད་རྫས་འཇོག་སྟངས་ཤིག་ཡིན་ལ་དེར་ལོ་འདབ་རྒྱས་པར་བརླན་གྱིས་བྲན་པར་བྱེད་པའི་ངལ་ལས་བྱེད་སྟངས་ཤིག་ཡིན་པས། ངལ་རྩོལ་པ་འདི་དག་གི་ཀུན་སློང་ཡག་པོ་དང་དཀའ་སྤྱད་འབད་བརྩོན། དེ་མིན་ད་དུང་ཁ་ཁུ་སིམ་པོའི་ཁེངས་སྐྱུང་སོགས་ལ། དངོས་ནས་དད་སེམས་ཤིག་སྐྱེས་བྱུང་།
        ད་ནི་དེབ་སྤུས་ལེགས་འདིའི་ཁ་བསུམ་ནས་སྟེགས་སྒྲོན་བསད་དེ་གཉིད་སྐྱིད་པོ་ཞིག་ལ་རོལ་འདོད་དེ། ངའི་རྨི་ལམ་དུ་ལོ་འདབ་ཚང་ཚིང་དུ་རྒྱས་པའི་ལྗོན་ཤིང་ཆེན་པོ་དེའི་གྲིབ་བསིལ་གྱི་འོག་ཏུ། བོད་པ་རྣམས་དུས་རབས་ཀྱི་ཚ་གདུག་ལ་གཡོལ་ནས་དགའ་བ་ཤིག་ཤིག་གིས་བསྡད་ཡོད་པ་རྨིས་ངེས་ཤིང་། དེ་བས་ཀྱང་གཞོན་སྐྱེས་འདི་དག་ལོ་མ་རེ་རེའི་སྟེང་དུ་འཛུམ་ཡོང་ནས་ཡོད་ཚད་ལ་གསོན་ཤུགས་ཀྱིས་ཁེངས་ཡོད་པ་རྨིས་སྲིད།

ནག་ཤུལ་ཚུལ་ཁྲིམས་དཔལ་ལྡན།
        བསམ་བློ་ཇི་ལྟར་འཕེལ་རྒྱས་སོང་ན། རྩོམ་རིག་དེ་ལྟར་འཕེལ་རྒྱས་ཡོད། ཐེངས་འདི་ཡང་བསམ་བློ་འཕེལ་རྒྱས་ཀྱི་རིམ་པ་ཇེ་མཐོར་སོང་བའི་རྣམ་པ་ཞིག་རེད་སྙམ་བཞིན་ཡོད། ད་དུང་འཛམ་གླིང་རྩོམ་རིག་བོད་ལ་བསྒྱུར་རྒྱུ་དེ་ཡང་འཛམ་གླིང་གི་མཁའ་དབྱིངས་སུ་འཕུར་འདོད་ཀྱི་སེམས་ཀྱི་གཤོག་རྩལ་སྤྲུགས་པ་ཞིག་ཀྱང་ཡིན། རང་གཞན་ཀུན་གྱི་བསམ་བློ་ལ་རྒྱུས་ཡོད་ན་བསམ་བློའི་ནང་ནས་བསམ་བློ་ཞིག་རྙེད་ལ་རྩོམ་རིག་ནང་ནས་རྩོམ་རིག་ཅིག་འཁྲུངས་ངེས་པའི་ལམ་བཟང་ཞིག་ཡིན་པར་འཁུམས་སོ། །
འབྲེལ་ཡོད་འོས་སྦྱོར།