༄༅། །རིག་གནས་དང་རིག་གཞུང་གི་ཁྱད་པར་དྲིས་ལན་ཉུང་བསྡུས།
རྩོམ་པ་པོ།:སྔོ་དེའུ་སྒོམ་པ་བཀྲ་ཤིས།
ཡོང་ཁུངས།:སྔོ་རྡེའུ་ཚང་གི་འཕྲིན་སྟེགས།
དུས་ཚོད།:2022-02-22
ཀློག་གྲངས།:
མི་དབང་སྡེ་སྲིད་སངས་རྒྱས་རྒྱ་མཚོས། ཤེས་པར་བྱ་བའི་ཡུལ་བྱེད་དམ། །རིག་པར་བྱ་བའི་གནས་ཡིན་པས། །རིག་གནས་ཞེས་བྱ་དེ་ཡང་ནི། །ཞེས་རིག་གནས་ཞེས་པའི་ཐ་སྙད་ཀྱི་གོ་དོན་འགྲེལ་བརྗོད་མཛད་ཡོད་པ་ལྟར། རིག་གནས་དང་ཤེས་བྱ་ཞེས་པའི་ཐ་སྙད་གཉིས་པོ་གང་ཡིན་ཡང་རྩ་བའི་གོ་དོན་གྱི་ཆ་ནས་རིག་པར་བྱ་བའི་གནས་སམ་ཤེས་པར་བྱ་བའི་ཡུལ་བྱེད་པ་ཞིག་ལ་གོ་བ་གཅིག་མཚུངས་ཡིན་ཡང་། སྐད་ཆ་དང་ཡི་གེ་འཕེལ་རྒྱས་སུ་ཕྱིན་པའི་དུས་ཡུན་རིང་བོའི་ལོ་རྒྱུས་བརྒྱུད་རིམ་ཁྲོད་དུ་ཤེས་བྱ་ཟེར་དུས་ཤེས་བྱ་སྤྱི་དང་། རིག་གནས་ཞེས་བརྗོད་སྐབས་ཤེས་བྱའི་བྱེ་བྲག་ཅིག་ལ་གོ་སྲོལ་རང་ཤུགས་ཀྱིས་མ་བགྲོས་གཅིག་མཐུན་དུ་ཆགས་པ་ལ་བརྟེན་ནས། ད་ལྟ་རིག་གནས་དང་ཤེས་བྱ་ཞེས་པའི་ཐ་སྙད་འདི་གཉི་གའི་ཤེས་བརྗོད་འཇུག་གསུམ་གྱི་ཡུལ་ལམ་གོ་དོན་ཁྱབ་ཆེ་ཆུང་དང་འཇུག་ཡུལ་རྒྱ་ཆེ་ཆུང་རྦད་དེ་མི་འདྲ་བར་གྱུར་ཡོད་པས། དེ་གཉིས་གཅིག་ཏུ་ངོས་འཛིན་མི་རིགས་ཏེ། བློའི་ཡུལ་དུ་བྱ་རུང་མཚོན་བྱ་ཤེས་བྱའི་མཚན་ཉིད་ལས་རིག་གནས་ཀྱི་མཚན་ཉིད་དུ་མི་འགྲོ་བ་ཀུན་གྱིས་མཁྱེན་གསལ་ལྟར་ལ། རིག་གནས་ལ་རིག་པར་བྱ་བའི་གནས་ཡིན་པས་ན་རིག་གནས་ཞེས་སྒྲ་བཤད་བྱེད་ཆོག་ཀྱང་། རིག་པར་བྱ་བའི་གནས་ཡོད་ཚད་རིག་གནས་ཡིན་པས་མ་ཁྱབ་པས། མིའི་རིགས་ཀྱི་ལུས་ངག་ཡིད་གསུམ་གྱི་རྩོལ་བ་ལ་བརྟེན་ནས་བྱུང་བའམ་བློས་བྱས་ཀྱི་རིག་པར་བྱ་བའམ་ཤེས་པར་བྱ་བའི་ཡུལ་ཟས་གོས་འགྲོ་འདུག་དང་། ཡུལ་སྲོལ་གོམས་གཤིས། བཟོ་རིག་ལག་རྩལ། ཆོས་ལུགས་དད་མོས། རྩོམ་རིག་སྒྱུ་རྩལ་ལ་སོགས་པ་དང་། དེ་དག་གི་འདེགས་རྟེན་གཙོ་བོར་གྱུར་པའི་སྐད་དང་ཡི་གེ་ལ་རིག་གནས་ཞེས་པའི་ཐ་སྙད་སྦྱོར་བ་ནི་སྒྲ་ཡངས་འཇུག་གི་དབང་དུ་བྱས་པའི་རིག་གནས་དང་། གཙུག་ལག་རིག་གནས་ཞེས་པའི་རིག་གནས་དང་། བརྡ་དང་ཐ་སྙད་ལ་བརྟེན་ནས་སྒྲ་རིག་པ་དང་ཚད་མ་རིག་པ་སོགས་ཀྱི་རྣམ་གཞག་སྟོན་པའི་གཞུང་ལུགས་ལ་རིག་གནས་ཟེར་བ་ནི་བྱེ་བྲག་སྒྲ་དོག་འཇུག་གི་རིག་གནས་ཏེ། སྒྲ་ཡངས་འཇུག་དང་དོག་འཇུག་གི་རིག་གནས་གང་ཡིན་ཡང་རུང་སྟེ་དེ་དང་དེའི་རྣམ་གཞག་སྟོན་པའི་གཞུང་ལུགས་ལ་རིག་གཞུང་ཟེར་ཞིང་། དེར་དཔྱོད་པ་ལ་རིག་གཞུང་ཞིབ་འཇུག་དང་། དེ་ཁོང་དུ་ཆུད་པའི་ཚད་ལ་རིག་གཞུང་ཆུ་ཚད། དེ་འཆད་པ་ལ་རིག་གཞུང་འཆད་ཁྲིད། ལས་ཀ་དེར་འཇུག་མཁན་གྱི་རིགས་ལ་རིག་གཞུང་ལས་རིགས་པ། ལས་ཀ་དེ་གཉེར་བའི་ལས་ཁུངས་ལ་རིག་གཞུང་སྡེ་ཁག་ཟེར་བ་ནི་ད་ལྟའི་བོད་ནང་གི་ཐུན་མོང་ཡོངས་གྲགས་ཀྱི་བཤད་སྟངས་ཡིན་ནོ།།
དེ་བཞིན་དུ་རིག་གནས་དང་ཤེས་རིག་གཉིས་ཀྱི་གོ་དོན་ཀྱང་མི་འདྲ་སྟེ། ཤེས་རིག་ནི་རིག་གནས་ཀྱི་རྨང་གཞིའི་ཐོག་ནས་གྲུབ་ཅིང་། རིག་གནས་ཀྱིས་བསྐྱེད་པའི་འབྲས་བུ་ཡིན་པར་འདོད་པ་ཐུན་མོང་ཡོངས་གྲགས་ལྟར་ལ། ཤེས་རིག་དང་། དཔལ་ཡོན། ལེགས་བྱང་བཅས་ནི་དོན་གཅིག་མིང་གི་རྣམ་གྲངས་ཏེ། གཞན་ཡང་རིག་གཞུང་དང་རིགས་གཞུང་ཞེས་པ་གཉིས་ལས་སྔ་མ་གོང་དུ་བཤད་ཟིན་པ་ལྟར་ལ། ཕྱི་མ་ནི་རིགས་པའི་གཞུང་ལུགས་ཞེས་པ་ཚིག་སྡུད་བྱས་པ་སྟེ། མིའི་རིགས་ཀྱིས་ལག་ལེན་ལས་བྱུང་བའི་ཉམས་མྱོང་ཕྱོགས་སྡོམ་བྱས་པའི་རང་བྱུང་ཁམས་དང་སྤྱི་ཚོགས་སྐོར་གྱི་མ་ལག་ཚང་བའི་ཤེས་བྱའམ་རྩ་བའི་རིགས་པ་སྟོན་པའི་གཞུང་ལུགས་ལ་རིགས་པའི་གཞུང་ལུགས་ཞེས་བརྗོད་པ་རེད། དེང་སང་དེ་ལ་རིག་པའི་གཞུང་ལུགས་ཟེར་དགོས་རིགས་པའི་གཞུང་ལུགས་ཞེས་པ་མ་དག་པ་རེད་ཅེས་ཟེར་བའང་མཐོང་མོད་ཀྱང་། གནའ་ནས་ད་བར་མཁས་བླུན་ཀུན་ལ་ཡོངས་སུ་གྲགས་པའི་མིང་བརྡ་རྙིང་བ་ལ་གསར་དུ་ཞུ་དག་གཏོང་ཁུལ་བྱེད་པ་འདི་རིགས་སྐད་ཡིག་དང་རིག་གནས་ཀྱི་སྲོག་དབང་གསོ་བའི་བདུད་རྩི་རུ་འགྱུར་མིན་ཐེ་ཚོམ་གྱི་གནས་ཡིན་ནོ།།
ཤེས་བྱའི་གནས་སྣ་ཚོགས་བསླབས་ནས་ལོབས་པ་དང་སྦྱངས་ནས་བྱང་བའི་ཡོན་ཏན་ཞེས་པ་ཚིག་སྡུད་བྱས་ཏེ་ཤེས་ཡོན་ཞེས་བརྗོད་པའང་རིག་གནས་དང་རིག་གཞུང་ལ་འབྲེལ་བ་དམ་པོ་ཡོད་པའི་ཐ་སྙད་ཅིག་སྟེ། གང་ཟག་སྒེར་བ་ལ་མངའ་བའི་ཤེས་ཡོན་ལ་སྐུ་ཡོན་དང་སྦྱངས་ཡོན་དང་མཁྱེན་ཡོན་ཞེས་ཀྱང་ཟེར་སྲོལ་ཡོད་པས། ཡོན་ཞེས་པ་རིན་ནམ་གླ་ཆའི་ཞེ་ས་ཁོ་ན་ལ་གོ་མི་འོས་སོ།།
མདོ་དོན། སྒྲ་ཡངས་འཇུག་གི་རིག་གནས་ནི་དབྱིན་སྐད་དུculture རྒྱ་སྐད་ཀྱི文化ཟེར་བ་དང་། རིག་གཞུང་ནི་དབྱིན་སྐད་དུacademic རྒྱ་སྐད་དུ学术ཟེར་བ་དང་། ཤེས་རིག་ནི་དབྱིན་སྐད་དུcivilization རྒྱ་སྐད་ཀྱི文明ཟེར་བ་དང་། རིགས་གཞུང་ནི་དབྱིན་སྐད་དུtheory རྒྱ་སྐད་དུ理论ཟེར་བ་དང་། ཤེས་ཡོན་ནི་དབྱིན་སྐད་དུknowledge རྒྱ་སྐད་ཀྱི知识ཟེར་བ་དང་དོད་མཚུངས་ཡིན་པར་གོ་བ་བླངས་ན་ནོར་འཛོལ་དང་འགལ་འཁྲུལ་ཆེན་པོ་མེད་པར་སྙམ་མོ། །ཞེས་པ་འདི་ནི་རིག་གནས་དང་རིག་གཞུང་གི་ཁྱད་པར་ཅི་ཡིན་དྲིས་པའི་ལན་དུ་སྔོ་དེའུ་སྒོམ་མིང་བས་རང་གི་རྨོངས་བློར་རེ་ཞིག་གང་དྲན་མི་ཤེས་ཤེས་མདོག་གིས་འཕྲལ་མར་ཡི་གེར་ཕབ་པའི་མ་ཟིན་ལ་བཟོ་བཅོས་ཕྲན་ཙམ་བྱས་ཏེ་འདིར་རང་དང་བློའི་ན་ཚོད་མཉམ་པ་དག་ལ་ཟུར་བལྟའི་དཔྱད་གཞིར་བཀོད་པ་འགྲིག་མིན་རྣམ་དཔྱོད་ཡངས་པ་དག་གིས་དཔྱད་པར་འཚལ་ལོ།།

འབྲེལ་ཡོད་འོས་སྦྱོར།