གར་ཆུང«སྤྲིན་དཀར་གྱི་འོག་ཏུ»གླེང་བ། མི་ལ་ཙི་ཙི།
རྩོམ་པ་པོ།:མི་ལ་ཙི་ཙི།
ཡོང་ཁུངས།:ཁམས་པའི་བརྙན་འཕྲིན་དྲ་བ།
དུས་ཚོད།:2022-03-08
ཀློག་གྲངས།:
སྤྲིན་དཀར་པོའི་ཕར་རོལ་ཚུར་རོལ།
—གར་ཆུང«སྤྲིན་དཀར་གྱི་འོག་ཏུ»གླེང་བ།
མི་ལ་ཙི་ཙི།
ལོ་རབས་བརྒྱད་ཅུའི་ནང་རྒྱའི་ལོ་སར་དགོང་ཚོགས་སོགས་ལ་རིམ་གྱིས་དར་བའི小品ཞེས་པའི་སྤྲོ་གར་ཐུང་ངུའི་རྣམ་པ་ཅན་གྱི་འཁྲབ་སྟོན་སྒྱུ་རྩལ་འདི། “གང་ཆུང”ཞེས་པའི་གདགས་མིང་དང་རྣམ་པའི་པའི་སྒོ་ནས་བོད་ཀྱི་ཟློས་གར་རིག་གནས་ཁྲོད་ཚུར་ལེན་བྱས་ཤིང་། མ་ཟད་བོད་སྐད་རླུང་བརྙན་འཕྲིན། དེ་བཞིན་དྲྭ་ངོས་སོགས་ཀྱི་ལོ་སར་དགོང་ཚོགས་ལྟ་བུའི་སྡིངས་ཆ་བརྒྱུད་ནས་བོད་སྤྱི་ཚོགས་ཁྲོད་ས་ཁྱབ་རྡོ་ཁྱབ་ཏུ་བྱུང་ལུགས་འདི། གུས་པས་བལྟས་ན། སྔོན་ཆད“རང་མོས་སྙན་ངག”ཚུར་བོད་ཀྱི་རིག་གནས་སྒྱུ་རྩལ་ཁྲོད་དང་ལེན་བྱས་ཚུལ་དང་གཤིབ་སྟེ་སྨྲ་རིན་ཡོད་པ་ཞིག་ཏུའང་མཐོང་ངོ་། དེ་ལྟ་ཅི་ལྟར། གསར་དར་སྒྱུ་རྩལ་འདིར་ཚོད་ལྟ་བྱེད་མཁན་ཁྲོད། འཁྲབ་གཞུང་རྩོམ་པ་ནས་འཁྲབ་སྟོན་སོགས་ཀྱི་ཆ་གང་ནས་བལྟས་རུང་། ཞི་བདེ་ཉི་མ་ནི་གྲུབ་འབྲས་ཡག་ཤོས་བླངས་ཡོད་མཁན་གྱི་ཁོངས་སུ་གཏོགས་ལ། ཐ་ན་སྲོལ་སྣེ་འཁྲིད་མཁན་གྱི་གྲས་སོ་ཞེས་སྨྲས་ཀྱང་ཧ་ཅང་མི་ཐལ་སྙམ། དེར་བརྟེན། ད་རེབ་ཞི་བདེ་ཉི་མ་དང་། ཉི་སྒྲོན། བྱམས་པ་རྡོ་རྗེ་སོགས་ཀྱིས་ཁམས་པ་བརྙན་འཕྲིན་གྱི་བོད་ལོའི་ལོ་སར་དགོང་ཚོགས་སྟེང་འཁྲབ་སྟོན་བྱས་པའི«སྤྲིན་དཀར་གྱི་འོག་ཏུ»ཞེས་པ་འདི་ལ་ཁ་བརྡ་ཚིག་འགའ་བྲི་འདོད་སྐྱེས་སོ། །
ཞི་བདེ་ཉི་མ་རང་གིས་འཁྲབ་གཞུང་བརྩམས་ཤིང་རང་གིས་འཁྲབ་སྟོན་བྱས་པའི«པར་ལེན་པ» «རྒྱན་གོས» «རིག་གནས་སློབ་པ» «འཚོལ» «གངས་དཀར་པོར་ལ་ཙེ་བསྟོད་དུས» «རྐུན་མ»སོགས་གར་ཆུང་ནི། བོད་སྐད་གར་ཆུང་ལོ་རྒྱུས་སྟེང་རིམ་པ་འཕགས་ཤོས་སུ་ཕྱིན་ཡོད་པའི་གྲས་སུ་ཐེ་སྙམ། ཐ་ན་ཕུལ་ཏུ་ཕྱིན་ནོ་ཞེས་སྨྲས་ཀྱང་དོན་དངོས་དང་མི་འགལ་སྙམ། ཡང་འདིར་བཤད་འདོད་པ་ནི། སྐབས་དེའི་ཁོའི་གར་ཆུང་ནི་གར་ཆུང་སྤྱིའི་འགྲོ་སྟངས་ལྟར། གཙོ་བོར་མི་ལ་དགོད་ཁ་སློང་བའམ་བཞད་གད་ཅན་དུ་ཡོད། འོན་ཀྱང་ལོ་འདི་གཉིས་རིང་། ཞི་བདེ་ཉི་མས་རྣམ་པ་གཞན་ཞིག་སྟེ། གར་ཆུང་གིས“དུངས་བརྗོད”ཀྱི་ལག་ཐབས་ལ་བརྟེན་ནས་མི་ལ་བསམ་གཞིག་སྟེར་བ་ཅན་ལ་ཚོད་ལྟ་བྱེད་ཀྱིན་འདུག་སྙམ། མ་གཞི་ནས་གཏམ་བརྗོད་ཟློས་གར་ནས་ཁོལ་དུ་ཕྱུང་སྟེ་ཡན་ལག་ཅིག་ཏུ་དར་བ་རང་རེད་པས། གར་ཆུང་ནི་ཕྱིར་གཏམ་བརྗོད་ཀྱི་ངོས་སུ་ཅུང་ཞིག་གཞོལ་ནའང་མི་ལེགས་པ་མི་མཐོང་། འོན་ཀྱང་འདི་ནི་གར་ཆུང་གི་མ་འོངས་པའི་ལམ་ག་འཕྱུག་མེད་དེའོ་ཞེས་པའི་སྐད་ཆའང་མེད། གཙོ་བོར་ཚོད་ལྟ་ཡག་པོ་ཞིག་རེད་ཟེར་བ་དེ་ཡིན། དེ་མིན་ཞི་བདེ་ཉི་མའི་ནམ་རྒྱུན་ཁ་བརྡའི་ཞོར་ལའང་གར་ཆུང་སོགས་མཐའ་གཅིག་ཏུ་མང་མའི་དགའ་མོས་དང་བསྟུན་ཏེ་ཆུ་སྣ་གར་རྒྱུག་བྱས་ན་བཀག་རྒྱ་ཞིག་ཡིན་ཚུལ་དང་། ནང་སྒོས་གར་ཆུང་ཞེས་པ་མཐའ་གཅིག་ཏུ་བཞད་གད་ཅན་ཡིན་དགོས་མེད་ལུགས་སོགས་ཤོད་མྱོང་། སྐབས་དེར་ཁོ་བོས་ཟེར་སྟངས་དེ་དག་ཅི་མི་སྙམ་པར་བསམས་མོད། ད་རེས་ཀྱི་གར་ཆུང་འདི་ལས་བློ་ཁ་ཅུང་ཞིག་འགྱུར་ཏེ། དེ་དག་གིས་ཏག་ཏག་གར་ཆུང་ལ་གསོ་རླུང་གཞན་ཞིག་མཁོ་འདོན་བྱས་པ་རེད་ཀྱང་སྙམ་སོང་། གཤམ་ལ་གར་ཆུང་འདི་དང་འབྲེལ་བའི་ཁ་བརྡ་དེ་བྲི་བར་བྱའོ། །
ཆོལ་གསུམ་ཡུལ་སྐད་ཆིག་སྡུད་ཅན།
འདི་ནི་གར་ཆུང་འདིའི་ཁྱད་ཆོས་གཙོ་བོ་དེ་རེད། དོན་ལ་ཁྱད་ཆོས་ཙམ་དུ་བསྡུས་ན་ཆུང་ཡོད་སྙམ། དེང་སང་ཆོལ་གསུམ་བར་སྤྱི་ཚོགས་འགྲོ་འོང་འབེལ་བ་སྔོན་ཆད་དང་བསྡུར་ཐབས་ཡེ་མེད་པའི་ཚོད་རེད། ལྷག་པར་དྲྭ་བའི་རིག་གནས་དར་བ་ནས་བཟུང་། མདོ་དབུས་ཁམས་གསུམ་བར་གྱི་བོད་ཡིག་གི་འབྲེལ་འདྲེས་ནི་དུས་ཚོད་སྐར་ཆ་རེའི་ནང་ཡང་རྡེབ་གྲངས་ཁྲི་མ་འབུམ་གྱི་ཞོར་ལ་ཡོང་གིན་ཡོད་པ་ཞིག་རེད། འོན་ཀྱང་དེ་ལྟའི་ཡི་གེའི་ཨ་མ་སྟེ་སྐད་ཆ་ད་རུང་རང་གི་ལུང་པ་ན་ཁེགས་ཏེ་མེད་པར་ཡང་མི་སྙམ། དཔེར་ན། ཁོ་བོ་ལྟ་བུར་མཚོན་ན། དབུས་སུ་ཕྱིན་སྐབས་དབུས་པ་ཞིག་དང་སྐད་ཆ་ལབ་དགོས་བྱུང་ཚེ། བར་བར་དུ་རྒྱའི་སྐད་མི་འཇུག་ཐབས་མེད་བྱུང་དུས་ཀྱང་ཤིན་ཏུ་མི་ཉུང་། དེ་འདྲ་ཕྱི་མི་ཞིག་གིས་བལྟས་ན་བཟོ་ལྟ་ག་འདྲ་ཡིན་པ་ཤེས་ཚོད་མི་ཐིག་མོད། སྐད་རིགས་ཤིག་གི་རྒྱུག་ཁ་མ་དྲང་པར་ཏག་ཏག་རང་གི་ངོས་ན་ཁེགས་ཀྱིན་མེད་པའང་མ་རེད་སྙམ་མོ། །ཡིག་ཟོར་ལ་མ་འཛེམས་པར་སྐད་ཆ་འདི་དག་འབྲི་དོན་ནི། གར་ཆུང་འདིས་བོད་ཀྱི་ཡུལ་སྐད་ཆེ་གསུམ་རྩེད་མོ་གཅིག་གི་གཞི་ལ་བསྡུས་ཏེ་སྤེལ་ཚུལ་འདི་ཡག་པར་མཐོང་བས་ཡིན། ད་རུང་ཚིག་གཅིག་གིས་རྟིང་གནོན་བྱས་ན། «སྤྲིན་དཀར་གྱི་འོག་ཏུ»ཞེས་པའི་གར་ཆུང་འདིས། གནའ་སྔ་མོ་ནས་ཡི་གེ་གཅིག་གི་གཞི་ལ་གྲུབ་ཡོད་མོད། ལ་དང་ལུང་པས་བར་ཆོད་དྲགས་ཏེ་འགྲོ་རྒྱུག་ལ་དེ་ཙམ་བྱང་མེད་པའི་འུ་ཚོའི་ཡུལ་སྐད་ཆེ་གསུམ་འདི། རྩེད་མོ་ཞིག་གི་ཤོང་རྒྱ་ནས་ཕན་ཚུན་སྤུན་ངོ་འཕྲོད་པར་ཚོད་ལྟ་བྱེད་ཚུལ་འདི་ཅི་བས་ཡག །ཅི་བས་སྙིང་ཉེ། ཡང་འཕྲོས་ཐལ་ན་གར་ཆུང་ཞིག་ལ་སྒྲུང་ཆེན་ཞིག་གི་ཁྲལ་གདོས་དང་ཁུར་ངལ་བཀལ་བ་རེད་པས་འདི་ཙམ་གྱིས་བསྡུ་བར་བྱའོ། །
དེ་ལས་གཞན། ༢༠༡༦ལོའི་ཁམས་པ་བརྙན་འཕྲིན་གྱི་བོད་ལོའི་ལོ་སར་དགོང་ཚོགས་སྟེང་། བོད་ཀྱི་ཁ་ཤགས་སྒྱུ་རྩལ་གྱི་ཆུ་མགོ་ལྟ་བུའི་ལྷ་སའི་རྒན་ཐུབ་བསྟན་དང་། སྒྱུ་རྩལ་པ་ཞི་བདེ་ཉི་མ། ཁམས་པ་བརྙན་འཕྲིན་གྱི་མདོ་འཛིན་པ་གྲགས་ཅན་བྱམས་པ་གསུམ་གྲོགས་སུ་སྦྲན་ཏེ། གཅིག་མཚུངས་དབུས་སྐད་ཁམས་སྐད་ཨམ་སྐད་གསུམ་གྱི་ལམ་ནས«བཀྲ་ཤིས་ལེགས་སྐྱེས»ཞེས་པའི་ཁ་ཤག་ཅིག་འཁྲབ་སྟོན་བྱས་འདུག་ལ། གཙོ་བོར་དེ་འདྲ་སྔོན་ཆད་མཐོང་ཐོས་སུ་བྱུང་མྱོང་མེད་པས། ཆོལ་གསུམ་སྐད་ལ་བརྒྱུས་པའི་ཁ་ཤག་གི་རྣམ་པ་འདི་ལ་ཐོག་དང་པོར་ཚོད་ལྟ་གནང་མཁན་ཡང་ཞི་བདེ་ཉི་མ་དང་རྒན་ཐུབ་བསྟན། བྱམས་པ་རྡོ་རྗེ་གསུམ་ཡིན་ཚོད་རེད། འདི་ནས་ཁོང་རྣམ་པ་ཚོའི་སྤོབས་པ་དང་རིག་པ་ལ་རྗེས་སུ་ཡི་རང་ཡང་ཞུའོ། །
འཁྲབ་སྟོན་གཤིས་ཀ“དུངས་བརྗོད”ཅན།
སྤྱིའི་བག་ཆགས་ལྟར་ན། གར་ཆུང་ནང་དུ་གལ་སྲིད“དུངས་བརྗོད”ལྟ་བུ་ཞིག་ཡོད་པར་དཔེ་བཞག་ན། དེའང་ཕལ་ཆེར་རྩེད་མོའི་དགོས་དབང་གིས་ལྡོག་ཕྱོགས་ཅན་དུ་འགྲོ་སྲིད། དེ་མ་ཡིན་པར“དུངས་བརྗོད”དེ་རིགས་གཟབ་ནན་དུ་བྱས་པ་ཡིན་ན་སྐྱོན་ཆར་འགྲོ་སྙམ། འོན་ཀྱང་གར་ཆུང་འདིའི“དུངས་བརྗོད”ནི་དྲང་ངོས་ནས་སྤེལ་འདུག་ལ། དེར་མ་ཟད་བལྟས་པའི་གོ་རིམ་ཁྲོད་ཐ་ན་སྙན་ངག་གྱེར་འདོན་འདྲ་བའི་སྐད་ཆ་མང་པོར་འཕྲད་མོད་དེ་སྐྱོན་ཆ་ཞིག་ཏུའང་མ་མཐོང་། ལྡོག་སྟེ་སྐྱེ་བོ་ཀུན་པོར་ཡོད་ངེས་པའི་ཕ་ཡུལ་གྱི་བརྩེ་གདུང་སྟེང་འཁེལ་ནས་རང་དབང་མེད་པར་ཡིད་འཁུལ་བར་བྱས་སོང་། དེ་ནི་སྒྱུ་རྩལ་པ་ཚོའི་ཆུ་ཚད་ཧ་ཅང་མི་དམན་པའི་འཁྲབ་སྟོན་དང་ཁ་འབྲལ་ཐབས་མེད། དེའི་ཁྲོད་ཞི་བདེ་ཉི་མ་ཀུན་ལ་ཆ་རྒྱུས་ཆེ་བ་དེ་རེད། འདིར་ཆེད་དུ་གླེང་དགོས་པ་ནི། དབུས་ནས་ཡིན་པའི་ཉི་སྒྲོན་ལགས་ལོ་གཞོན་རང་རེད་མོད། ཆེད་ལས་ཟློས་གར་ལ་སྦྱངས་པ་ཡག་པས། འཁྲབ་སྟོན་ཁྲོད་མི་སྣ་བགྲེས་མོ་དེའི་སྣང་བརྙན་མ་བཞེངས་ལྷུན་གྱིས་གྲུབ་འདྲ་ཞིག་ཏུ་བརྐོ་བཟོ་བྱས་པ་བརྒྱུད། གར་ཆུང་ཁྲོད་ཀྱི་གཏམ་རྒྱུད་དེ་མི་སེམས་འགུལ་བ་ཅན་དུ་བཟོ་ལ་ནུས་ཤུགས་ཆེན་པོ་བཏོན་འདུག་སྙམ། གཅིག་མཚུངས། ཁམས་པ་བརྙན་འཕྲིན་གྱི“ཁ་བརྡ་ལེ་ཚན”གྱི་མདོ་འཛིན་པ་གྲགས་ཅན་བྱམས་པ་རྡོ་རྗེ་ལགས་ཀྱང་ཆེད་ལས་ལས་བརྒལ་བའི་འཁྲབ་སྟོན་འདིའི་ཁྲོད། སྐད་ཆའི་སྒྱུ་རྩལ་ལ་གྲིམ་ལྷོད་བཀར་སྟངས་ནས་སྣང་བརྙན་གྱི་ཉམས་འགྱུར་ལ་ཁ་ལོ་བསྒྱུར་སྟངས་བར་གྱི་འཁྲབ་སྟོན་དག་རན་རན་ཚོད་ཚོད་དུ་སྤེལ་འདུག་པས། གར་ཆུང་འདིའི་མཛེས་པའི་སུམ་ཆ་གཅིག་དེ་ལེགས་པར་བསྐངས་ནས་སྤྱིའི་གྲུབ་འབྲས་ལ་ལག་རྗེས་ཆེ་སྙམ།
དུས་དང་རྣམ་པའི་སྐུམ་ཤུགས་ཅན།
ངག་གི་སྒྱུ་རྩལ་དང་སྐད་ཆའི་རང་དབང་ལ་བརྟེན་པའི་ཁ་ཤགས་དང་མི་འདྲ་བར། གར་ཆུང་ལ་ཁོར་ཡུག་གི་ཆ་ནས་འཁྲབ་ཆས་ཅི་རིགས་དང་། ལྷག་པར་བརྗོད་བྱ་ལྟར་འཁྲབ་སྟོན་གང་དེ་གཏན་འཁེལ་བྱས་ཟིན་ཡོད་པས་ཡས་འགྱུར་མས་འགྱུར་མང་པོ་ཡོང་ཚོད་མི་འདུག་པར། ཏག་ཏག་ལུས་པོའི་སྐད་བརྡའི་སྐུད་ལམ་དེ་གཅིག་པུ་གཙོ་བོར་བྱ་དགོས་པ་ཞིག་ཏུ་འདོད། དེར་བརྟེན། དུས་ཚོད་དང་བར་སྣང་ལྟ་བུ་མཚོན་རྒྱུ་ཤིན་ཏུ་དཀའ་བའི་ཚོད་ཅིག་རེད། འོན་ཀྱང་མ་གཞི་ནས་སྤྲོ་གར་གྱི་རིགས་ཁོངས་གཅིག་ལ་འདུ་བས། ཁ་ཤགས་ཁྲོད་དུ་གར་ཆུང་གི་ཆ་འདྲེས་ཆོག་པ་ལྟར། གར་ཆུང་ནང་དུའང་ཁ་ཤགས་ཕྲན་བུ་བཅུག་རུང་བ་དེ་ལྟར། གར་ཆུང་འདིས་ཁ་ཤགས་ཀྱི་དགེ་མཚན་བེད་སྤྱད་ནས། བགྲེས་ལོ་ནས་གཞོན་དུས། གྲོང་ཁྱེར་ནས་རྩྭ་ཐང་། དངོས་ཡོད་ནས་འཕྲུལ་སྣང་བཅས་ཕན་ཚུན་ངོ་བརྗེ་དང་སྣོལ་སྡེབ། འཕོ་བརྒལ་དང་སྤྲོ་བསྡུ་བྱེད་ལ། ངག་གི་སྒྱུ་རྩལ་དང་སྐད་ཆའི་རང་དབང་། དེ་བཞིན་རོལ་དབྱངས་དང་དམངས་གཞས་སོགས་ལ་བརྟེན་ཏེ། དུས་དང་རྣམ་པ་མཐའ་མེད་པ་ཞིག་གཏན་འཁེལ་བྱས་ཟིན་པའི་འཁྲབ་སྟོན་ཆུང་ངུ་ཞིག་གི་ནང་བསྐུམས་ཡོད་པ། ད་དུང་ཆེས་སྤྱིར་བཏང་གི་འཚོ་བའི་ཟུར་ཞིག་ལས། ཆེས་སྤྱིར་བཏང་མིན་པའི་མི་ཚེ་ཡི་འཚོ་གནས་གཏན་ཚིགས་རིག་པ་ཞིག་ཤུགས་སུ་བསྟན་དེ། མི་སེམས་རྨང་ནས་འགུལ་བའི་སྒྱུ་རྩལ་གྱི་སྣང་བརྙན་ཞིག་ཏུ་གྲུབ་ཡོད་པ་འདི། ཏག་ཏག་གར་ཆུང་འདི་ལེགས་འགྲུབ་བྱུང་སྤྱད་ཀྱི་རྒྱུ་གཙོ་བོ་ཞིག་རེད་སྙམ།
གཞན། གར་ཆུང་ལ་བལྟ་རྒྱུར་དགའ་མཁན་ཞིག་ཡིན་པའི་ཆ་ནས་བསམ་ཚུལ་ཚིག་གསུམ་ཡང་ཞུ་འདོད། ཁ་བརྡའི་མགོར་ཡང་གླེང་སོང་བ་ལྟར། ཁོ་བོར་མཚོན་ན། ཅི་ལྟར་བཤད་རུང་། གར་ཆུང་གི་རུས་བཞད་གད་ཅན་མིན་མི་སྲིད་པས། “དྲང་ཕྱོགས”དང”གཟབ་ནན”དུ་སོང་ཆེས་ན་གཏམ་བརྗོད་ཟློས་གར་ཐུང་ངུ་ཞིག་དང་ཁྱད་ཆེར་མི་ཕྱེ་བས། གར་ཆུང་འདིའི་ནང་བཞད་གད་སློང་བྱེད་ཉུང་ཞན་དུ་ཡོད་པ་སྐྱོན་ཆ་ཞིག་མ་རེད་ཀྱང་མི་སྙམ་མོ། །
མཇུག་མཐར། སྤྲིན་དཀར་པོའི་འོག་གི”ཨ་མདོའི་གསར་བུ་གསེར་སོ་ཅན”ཞི་བདེ་ཉི་མ་དང་། ནས་ཞིང་མཐའ་རུ”འཕྲེད་གླིང་སྙན་མོ་གཏོང་བའི་ཁམས་པའི་ཕོ་རྒོད”བྱམས་པ་རྡོ་རྗེ། ནས་ཞིང་སྔོན་མོའི་དཀྱིལ་དུ”མགོ་དཀྲིས་དམར་པོ་ཅན་གྱི་ལྷ་སའི་བུ་མོ”ཉི་སྒྲོན་གསུམ་གྱི་སྒྱུ་རྩལ་གྱི་ལམ་ག་སྔར་ལས་ཇེ་ཡངས་ལ་ཕྱེ་པར་ཤོག །
བཀྲ་ཤིས་བདེ་ལེགས།
འབྲེལ་ཡོད་འོས་སྦྱོར།