དུས་བརྟག་གནམ་དཔྱད་རྩིས་ཀྱི་ཁྱད་ཆོས་དང་ཚད་བཀག་གི་སྐོར་རགས་ཙམ་གླེང་བ།
རྩོམ་པ་པོ།:སྙིང་མོ་རྒྱལ། ཀུན་བཟང་རྡོ་རྗེ།
ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ།
དུས་ཚོད།:2022-03-28
ཀློག་གྲངས།:
དུས་བརྟག་གནམ་དཔྱད་རྩིས་ཀྱི་ཁྱད་ཆོས་དང་ཚད་བཀག་གི་སྐོར་རགས་ཙམ་གླེང་བ།
སྙིང་མོ་རྒྱལ། ཀུན་བཟང་རྡོ་རྗེ།
ནང་དོན་གནད་བསྡུས། དུས་བརྟག་གནམ་དཔྱད་རྩིས་ནི་བོད་ཀྱི་གནམ་རིག་སྐར་རྩིས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཡིན། དེར་གནམ་གཤིས་སྔོན་དཔག་དང་སྔོན་བརྡ་གཏོང་བ། དུས་ཚིགས་ཀྱི་འགྱུར་བ་སྟོན་པ། རང་བྱུང་གི་གནོད་འཚེ་སྔོན་དཔག་བྱེད་པ་སོགས་རྒྱུན་ལྡན་འཚོ་བའི་ཁྲོད་དུ་གེགས་སེལ་གནོད་སྲུང་གི་བྱེད་ནུས་ངེས་ཅན་ཞིག་ལྡན། དཔྱད་རྩོམ་འདིར་དུས་བརྟག་གནམ་དཔྱད་རྩིས་ལ་ཚན་རིག་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ལྡན་པ་དང་། རྩོད་སྒྲུབ་ཀྱི་བསམ་བློས་ཕྱུག་པ་སོགས་ཀྱི་ཁྱད་ཆོས་དང་། དུས་ཚིགས་རང་བཞིན་དང་། ས་ཁུལ་རང་བཞིན། ཉམས་མྱོང་རང་བཞིན་བཅས་ཀྱི་ཚད་བཀག་ཡོད་ཚུལ་སྐོར་ལ་དབྱེ་ཞིབ་དང་དཔྱད་པ་བཏང་ཡོད།
བརྡ་ཆད་གཙོ་བོ། དུས་བརྟག་གནམ་དཔྱད་རྩིས། ཁྱད་ཆོས། ཚད་བཀག
དུས་བརྟག་གནམ་དཔྱད་རྩིས་སམ་མྱོང་རྩིས་ནི་ངལ་རྩོལ་མི་དམངས་ཀྱིས་དུས་ཡུན་རིང་པོའི་འཚོ་བ་དང་ཐོན་སྐྱེད་ཁྲོད་ཉི་ཟླ་སྐར་གསུམ་གྱི་འཁོར་འགྲོས་དང་། རླུང་སྤྲིན་གྱི་རྒྱུ་ཚུལ། འཇའ་ཚོན་དང་སྨུག་པ། འབྲུག་སྒྲ་གློག་འོད། སྲོག་ཆགས་ཀྱི་གནས་སྤོ་ལུགས། རྩྭ་རྩི་ཤིང་གི་སྐྱེ་འཕེལ་སོགས་རང་བྱུང་ཁམས་ཀྱི་སྣང་ཚུལ་དང་དེ་འབྲེལ་གྱི་ལྟས་རྟགས་སྣ་ཚོགས་ལ་མཉམ་འཇོག་དང་རྟོག་དཔྱོད་བགྱིས་ཏེ་སྤྱི་སྡོམ་བྱས་པ་བརྒྱུད། མ་འོངས་པའི་གནམ་གཤིས་འགྱུར་ལྡོག་དང་། དུས་ཚིགས་ཀྱི་འགྱུར་བ། རང་བྱུང་གི་གནོད་འཚེ་སོགས་སྔོན་དཔག་བྱེད་པའི་རིག་པ་ཤིག་སྟེ། བོད་ཀྱི་གནམ་རིག་སྐར་རྩིས་རིག་པ་དང་དམངས་ཁྲོད་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། འདིར་དེའི་ཁྱད་ཆོས་དང་བཀོལ་སྤྱོད་བྱེད་སྐབས་དོ་སྣང་བྱ་དགོས་པའི་གནད་དོན་ནམ་ཚད་བཀག་གི་སྐོར་མདོ་ཙམ་བརྗོད་པར་བྱའོ། །
དང་པོ། དུས་བརྟག་གནམ་དཔྱད་རྩིས་ཀྱི་ཁྱད་ཆོས།
དེང་གི་གནམ་གཤིས་རིག་པ་དང་སྐྱེ་དངོས་དུས་རྟགས་རིག་པ་སོགས་ཀྱི་ཤེས་བྱ་སྤྱད་ནས་དུས་བརྟག་གནམ་དཔྱད་རྩིས་ཀྱི་ནང་དོན་དང་ཕན་ཡོན་ལ་ཞིབ་འཇུག་དང་། དེའི་ལག་ལེན་གྱི་གནས་བབ་སོགས་ལ་བརྟག་དཔྱད་དབྱེ་ཞིབ་ཙམ་བྱེད་ན། དམངས་ཁྲོད་ཀྱི་རིག་གནས་འདི་ལ་གཤམ་གྱི་ཁྱད་ཆོས་དག་ལྡན་པར་འདོད་དེ།གཅིག ཚན་རིག་རང་བཞིན་ལྡན་པ།
དུས་བརྟག་གནམ་དཔྱད་རྩིས་ཀྱི་བྱུང་རྐྱེན་དང་ཕན་ཡོན་གྱི་ཐད་ནས་དེང་གི་གནམ་བྱད་རིག་པ་དང་། གནམ་གཤིས་རིག་པ། ནམ་ཟླ་རིག་པ། སྐྱེ་དངོས་དུས་རྟགས་རིག་པ། གནམ་དཔྱད་རིག་པ་སོགས་དང་མཚུངས་ཆ་མང་ཞིང་འབྲེལ་བ་དམ་པོ་ཡོད་དེ། དཔེར་ན། གནམ་བྱད་རིག་པ་ནི་རླུང་ཁམས་ཆེན་པོའི་ཁྱད་ཆོས་དང་རྣམ་པར་ཞིབ་འཇུག་བྱེད་པའི་རིག་ཚན་ཞིག་ཡིན་ལ། དེའི་དམིགས་ཡུལ་ནི་མི་རྣམས་ལ་གནམ་གཤིས་ཀྱི་གྲུབ་ཆ་གཙོ་བོ(དྲོད་ཚད་དང་། བརླན་ཚད། རླུང་གནོན། རླུང་ཕྱོགས། རླུང་འགྲོས། སྤྲིན་ཚད། ཆར་ཆུ་འབབ་ཚད། མཐོང་ནུས་ཀྱི་ཚད་སོགས)དག་གི་འགྱུར་ལྡོག་གི་ཆོས་ཉིད་རྟོགས་པར་བྱ་བ་དང་། བཟོ་ལས་དང་། ཞིང་ཕྱུགས་ལས་སོགས་ཀྱི་ཐོན་སྐྱེད་བྱ་བ་བཀོད་སྒྲིག་ལེགས་པོ་བྱེད་ཆེད་ཡིན། གནམ་གཤིས་རིག་པ་ནི་གནམ་གཤིས་ཀྱི་སྣང་ཚུལ་དང་། གནམ་གཤིས་འགྱུར་ལྡོག་གི་ཁྱད་ཆོས་དང་ཆོས་ཉིད་ལ་ཞིབ་འཇུག་དང་། གནམ་གཤིས་སྔོན་བརྡ་གཏོང་ཐབས་བསྟན་པའི་ཚན་རིག་ཅིག་ཡིན་ཏེ། གནམ་གཤིས་ནི་ཡུད་ཙམ་མམ་དུས་ཡུན་ཅུང་ཐུང་ངུའི་ནང་གི་ས་ཁུལ་ག་གེ་མོའི་དྲོད་ཚད་དང་བརླན་ཚད། རླུང་གནོན་སོགས་རླུང་ཁམས་ཆེན་པོའི་རྣམ་པ་དང་། རླུང་། སྤྲིན། སྨུག་པ། ཆར་ཆུ་སོགས་རླུང་ཁམས་ཆེན་པོའི་སྣང་ཚུལ་ལ་གོ རིག་ཚན་འདིའི་དམིགས་ཡུལ་ནི་གནམ་གཤིས་སྔོན་བརྡ་ཡང་དག་པ་བཏང་ནས་མང་ཚོགས་ཀྱི་འཚོ་བ་དང་ཐོན་སྐྱེད་ལ་མཛུབ་སྟོན་བྱེད་རྒྱུ་དང་། རང་བྱུང་གི་གནོད་འཚེ་སྔོན་འགོག་དང་གནོད་འཚེའི་གྱོང་གུན་གང་ཐུབ་ཅི་ཐུབ་ཀྱིས་ཆུང་དུ་གཏོང་རྒྱུ་དེ་རེད། ནམ་ཟླ་རིག་པ་ནི་ནམ་ཟླའི་གྲུབ་ཚུལ་དང་། ཁྱད་ཆོས། ཁྱབ་ཚུལ་དང་འཕོ་འགྱུར། མིའི་རིགས་ཀྱི་བྱེད་སྒོ་དང་ནམ་ཟླའི་འབྲེལ་བ་སོགས་ལ་ཞིབ་འཇུག་བྱེད་པའི་རིག་ཚན་ཞིག་རེད། རིག་ཚན་འདིའི་དམིགས་ཡུལ་ནི་ནམ་ཟླའི་འགྱུར་ལྡོག་གི་ཆོས་ཉིད་སྔོན་དཔག་དང་། མ་འོངས་པར་རྒྱུན་ལྡན་མིན་པའི་ནམ་ཟླ་འབྱུང་མིན་དང་། འབྱུང་དུས། ས་གནས། དེའི་གནོད་པ་སོགས་སྔོན་དཔག་བྱས་ནས་རྒྱལ་དམངས་དཔལ་འབྱོར་གོང་དུ་སྤེལ་བའི་འཆར་འགོད་ལ་ཚན་རིག་དང་མཐུན་པའི་གཞི་འཛིན་ས་མཁོ་འདོན་བྱེད་རྒྱུ་དེ་རེད། སྐྱེ་དངོས་དུས་རྟགས་རིག་པར་མཚོན་ན་གཙོ་བོ་རྩྭ་རྩི་ཤིང་དང་སྲོག་ཆགས་སོགས་སྐྱེ་དངོས་རིགས་དང་རང་བྱུང་ཁོར་ཡུག་གི་འབྲེལ་བར་ཞིབ་འཇུག་བྱེད་པའི་ཚན་རིག་ཅིག་རེད། དེའི་དམིགས་ཡུལ་ནི་གནམ་གཤིས་ཀྱི་དྲོད་གྲང་དང་དུས་ཚིགས་ཀྱི་འགྱུར་ལྡོག་གི་ཆོས་ཉིད་སོགས་ངོས་འཛིན་བྱས་ཏེ། ཞིང་ཕྱུགས་ལས་དང་ནགས་ལས་ཐོན་སྐྱེད་སོགས་ལ་ཞབས་འདེགས་ཞུ་རྒྱུ་དེ་རེད། གནམ་དཔྱད་རིག་པ་ནི་སྐར་མའི་གོ་ལ་དང་དེའི་མ་ལག་ལ་ཞིབ་འཇུག་བྱེད་པའི་ཚན་རིག་ཅིག་ཡིན་ལ། ཞིབ་འཇུག་བྱ་ཡུལ་ནི་སྐར་མའི་འཁོར་བགྲོད་དང་གནས་ཡུལ། དེའི་རྫས་འགྱུར་གྱི་གྲུབ་ཚུལ་དང་དངོས་ལུགས་ཀྱི་རྣམ་པ་སོགས་ཡིན་ཏེ། དེར་གནམ་གཟུགས་ཚད་འཇལ་རིག་པ་དང་། གནམ་གཟུགས་ཤུགས་རིག་པ། གནམ་གཟུགས་དངོས་ལུགས་རིག་པ་བཅས་ཡན་ལག་གི་རིག་ཚན་མང་པོ་ཡོད། དམངས་ཁྲོད་ཀྱི་དུས་བརྟག་གནམ་དཔྱད་རྩིས་ལ་མཚོན་ནའང་གནམ་གཤིས་དང་ནམ་ཟླའི་འགྱུར་ལྡོག་སྔོན་དཔག་དང་། དུས་ཚིགས་ངོས་འཛིན། ལོ་ཟླ་ཞག་དུས་རྩི་བ། རང་བྱུང་གི་གནོད་འཚེ་སྔོན་དཔག་དང་སྔོན་འགོག་བྱེད་ཆེད་དང་། ཞིང་ཕྱུགས་ཐོན་སྐྱེད་དུས་ལྟར་བཀོད་སྒྲིག་བྱེད་པ་སོགས་མང་ཚོགས་ཀྱི་འཚོ་བའི་དགོས་མཁོ་ལྟར་བྱུང་བ་ཡིན་ལ། རླུང་དང་། སྤྲིན། སྨུག་པ། ཁ་ཆར་སེར་གསུམ་སོགས་གནམ་གཤིས་ཀྱི་གྲུབ་ཆ་གཙོ་བོ་དག་དང་། རྩྭ་རྩི་ཤིང་དང་སྲོག་ཆགས་ཀྱི་རིགས། ཉི་ཟླ་སྐར་གསུམ་གྱི་འཆར་ནུབ་དང་གནས་ཡུལ་སོགས་ལ་བརྟེན་ནས་གནམ་གཤིས་དང་ནམ་ཟླའི་འགྱུར་བ་སྔོན་དཔག་བྱེད་པ་དང་དུས་ཀྱི་ཚད་འཇལ་བ་ཡིན་པས། དེའི་བརྟག་འབྲས་མང་ཆེ་བའང་གནམ་གཤིས་རིག་པ་སོགས་ཀྱི་རྩ་བའི་རིགས་པ་དང་མཐུན་ཞིང་ཚན་རིག་གིས་འགྲེལ་བཤད་རྒྱག་ཐུབ། འདིར་དཔེ་མཚོན་ཙམ་དྲངས་ན།
“ལྷོ་ཕྱོགས་ནས་སྤྲིན་དཀར་ཞིང་འོད་འཚེར་བ་རིམ་པ་ལྔ་ཙམ་ལངས་ཏེ་སྤྲིན་རྩེ་མ་ཟིང་པ་བྱང་དུ་དལ་པོར་འཁྱིལ་བ”ནི་ཆར་ཡོད་པའི་སྔོན་རྟགས་ཡིན་པར་བརྗོད་དེ། སྤྲིན་རིམ་པ་ལྔ་ཅན་ཟེར་བ་ནི་སྤྲིན་བང་རིམ་ཅན་གྱི་ནང་གསེས་ཆར་སྤྲིན་བརྩེགས་རིམ་ཅན(雨层云)ཡིན། གནམ་གཤིས་རིག་པའི་དཔེ་དེབ་ཏུ་ཆར་སྤྲིན་བརྩེགས་རིམ་ཅན་བྱུང་བ་ནི་ཆར་འབབ་པའི་སྔ་ལྟས་ཡིན[1]ཞེས་བརྗོད་ཡོད།
“ཤར་སྤྲིན་ནུབ་སྤྲིན་མཉམ་དུ་ཐུག །ཐུག་པའི་མཚམས་ལ་ཁ་ཆར་ཡོད། །”ཅེས་པར་མཚོན་ན། སྤྱིར་རྒྱུ་ཕྱོགས་མི་འདྲ་བའི་སྤྲིན་འཕྲད་པ་ནི་གཅིག་ནས་སྤྲིན་རིམ་མང་ཞིང་མཐུག་པ་དང་། མཁའ་རླུང་ཁྲོད་ཆུ་རླངས་མང་བས་སྤྲིན་པ་འཕེལ་བར་བྱེད་པ་མཚོན་ལ། གཉིས་ནས་མཁའ་རླུང་ཁྲོད་ཀྱི་རླུང་རྒྱུན་སྣ་གཅིག་མིན་པར་ཧ་ཅང་རྙོག་འཛིང་ཆེ་བ་མཚོན་ཡོད། གསུམ་ནས་མཁའ་རླུང་ཧ་ཅང་གཏན་འཇགས་མིན་པར་འཁྲུག་འགུལ་ཆེ་བ་མཚོན་ཏེ། སྤྱིར་བཏང་དུ་གནམ་གཤིས་སྣང་ཚུལ་འདི་ལྟ་བུ་ནི་རླུང་འཁྱིལ་གྱི་མདུན་སར་རམ་དྲོ་གྲང་འགྱུར་ལྡོག་འབྱུང་མཚམས་སུ་བྱུང་བ་ཡིན་པས། གནམ་གཤིས་མ་ལག་ཅུང་རྙོག་དྲ་ཆེ་བའི་མཚོན་རྟགས་དང་ཆར་ཆུ་འབབ་པའི་སྔ་ལྟས་ཡིན། རླུང་འཁྱིལ་གྱི་མདུན་ནམ་མཁའ་རླུང་འགྱུར་ལྡོག་གི་བར་མཚམས་སུ་ད་དུང་རྒྱུན་པར་ཆར་སྤྲིན་འཁྲིགས་ནས་འབྲུག་སྒྲ་གློག་འོད་འབྱུང་བ་དང་རླུང་ཆེན་ལྡང་སྲིད།
“རི་ཚོགས་སྤྲིན་གྱི་སྐེད་རགས་བཅིངས། །ཆར་སིམ་འབབ་པའི་རྟགས་མཚན་ཡིན། །”ཞེས་དང་། “ནུབ་རི་སྤྲིན་གྱིས་སྒྲིབ་ན། །ཆར་བ་མུ་མཐུད་འབབ་ངེས། །” “རི་བོ་སྤྲིན་པས་ཁེབས་གྱུར་ན། །མཚན་སྦྲེལ་ཆར་བ་འབབ་པར་འགྱུར། །”ཞེས་པ་ལས་རི་བོར་སྤྲིན་གྱི་སྐེད་རགས་བཅིངས་པ་དང་སྤྲིན་པས་རི་བོ་ཁེབས་ཞེས་པ་དེས་སྤྲིན་རིམ་ཅུང་དམའ་བ་དང་ཆུ་རླངས་ཀྱི་འདུས་ཚད་ཆེ་བ་མཚོན་པས། ཆུ་རླངས་དམའ་ས་ནས་གོང་བུར་འདུས་ནས་ཆར་ཐིགས་སུ་འགྱུར་བའི་ཆ་རྐྱེན་ལྡན་ཕྱིར། མཁའ་རླུང་གི་གཏད་རྒྱུག་ཤུགས་ཆེར་སོང་ཚེ་ཆར་བ་འབབ་ངེས་པ་རེད།
“འཇའ་ཞེང་ཆུང་ཆེ་རུ་གྱུར་ན་གནམ་ངོ་དྭངས། །”ཞེས་དང་། “འཇའ་ཞེང་ཁ་ཆེ་ན་རླུང་། །འཇའ་ཞེང་ཁ་ཆུང་ན་ཆར། །”ཞེས་པ་ལྟ་བུས་འཇའི་ཞེང་ཚད་དང་འགྱུར་ལྡོག་ལ་བལྟས་ནས་གནམ་གཤིས་བརྟག་པ་རེད། འཇའི་ཚོས་མདོག་དང་ཞེང་ཚད་ནི་མཁའ་རླུང་ནང་གི་ཆུ་ཟིལ་གྱི་ཆེ་ཆུང་ལ་རག་ལས་ཡོད་དེ། ཆུ་ཐིགས་མང་ཞིང་ཆེ་ན་འཇའ་ཚོན་གྱི་མདོག་ཀྱང་དེ་ལྟར་བཀྲག་མདངས་ལྡན་པ་དང་ཞེང་ཅུང་ཆུང་ལ། ཆུ་ཐིགས་ཆུང་ན་འཇའ་ཚོན་གྱི་ཁ་ཞེང་ཆེ་ཡང་མདོག་གསལ་པོ་མིན་ཏེ། ཆུ་ཐིགས་ཇེ་ཆུང་དང་ཡང་ན་ཇེ་ཉུང་དུ་སོང་བ་དང་བསྟུན་ནས་འཇའ་ཚོན་ཡང་རིམ་བཞིན་མེད་པར་གྱུར་འགྲོ། དེ་བས་འཇའ་ཚོན་ནི་བཀྲག་མདངས་ལྡན་པ་ནས་རབ་རིབ་ཏུ་གྱུར་པ་དང་། ཞེང་ཚད་ཆུང་བ་ནས་ཆེ་རུ་གྱུར་ན་དེས་མཁའ་རླུང་ཁྲོད་ཀྱི་ཆུ་ཐིགས་ཇེ་ཆུང་དང་ཇེ་ཉུང་དུ་འགྲོ་བ་མཚོན་པས། མཁའ་རླུང་རིམ་བཞིན་གཏན་འཇགས་དང་གནམ་ངོ་དྭངས་པོར་འགྱུར་སྲིད། འཇའི་ཚོན་མདངས་གསལ་ཞིང་ཞེང་ཆུང་ན་ཆུ་རླངས་འདུས་ཚད་ཆེ་བས་ཆར་བ་འབབ་སྲིད།
ཡང་“སྟོན་དགུན་ནུབ་བྱང་རླུང་ལངས་ན། །ནམ་མཁའ་ངེས་པར་དྭངས་པར་འགྱུར། །”ཞེས་པར་དབྱེ་ཞིབ་བྱེད་ན། སྟོན་ཁར་མཁའ་རླུང་གྲང་མོའི་ཤུགས་ཆེ་རུ་འགྲོ་བ་དང་མཁའ་རླུང་དྲོན་མོའམ་དྲོད་རླུང་གི་ཤུགས་རིམ་གྱིས་ཇེ་ཞན་དུ་འགྲོ་བ་ཡིན་པས། སྟོན་དུས་ཏེ་ལྷག་པར་དུ་གྲང་རླུང་ཅུང་ཆེ་བའི་སྟོན་མཇུག་ཏུ་སྐམ་ཞིང་གྲང་བའི་ནུབ་བྱང་གི་རླུང་ལྡང་ཚེ་མཁའ་རླུང་ལྷག་ཏུ་སྐམ་ཞིང་གྲང་བར་གྱུར་ནས་ཆར་ཆུ་དཀོན་པའི་གནམ་གཤིས་འབྱུང་། དེ་བཞིན་གྲང་ངར་ཆེ་བའི་དགུན་དུས་སུ་ནུབ་བྱང་རླུང་བྱུང་ཚེ་ཡང་གནམ་གཤིས་དྭངས་པོར་འགྱུར་ངེས།
མདོར་ན། མྱོང་རྩིས་ལས་ཁ་ཤས་ཀྱིས་གནམ་གཤིས་འགྱུར་ལྡོག་གི་སྔ་ཕྱིའི་ལྟོས་ཟླའི་འབྲེལ་བ་དང་། གནམ་གཤིས་ཀྱི་རྒྱུ་རྐྱེན་གཙོ་བོ་བར་གྱི་སྡོམ་རྩིས་འབྲེལ་བ་བསྟན་ཡོད་ལ། ལ་ལས་གནམ་གཤིས་ཀྱི་དུས་འཁོར་རང་བཞིན་དང་དུས་ཚིགས་ཀྱི་འཕོ་འགྱུར་སོགས་ནམ་ཟླའི་ཆོས་ཉིད་དང་ཁྱད་ཆོས་བརྗོད་ཡོད། ལ་ལས་གནམ་གཤིས་འགྱུར་ལྡོག་གི་དངོས་ལུགས་འབྲེལ་བ་མཚོན་ཡོད། ལ་ལས་རྩྭ་རྩི་ཤིང་གི་སྐྱེ་འཕེལ་ལམ་སྲོག་ཆགས་རིགས་ཀྱི་འགྲོ་སྡོད་དང་གནམ་གཤིས་སམ་ནམ་ཟླའི་འབྲེལ་བ་བརྗོད་ཡོད་ལ། ཡང་ལ་ལས་གནམ་གཤིས་འགྱུར་ལྡོག་ནི་རླུང་ཁམས་ཆེན་པོའི་བང་རིམ་ཕུད་པའི་རྒྱུ་རྐྱེན་གཞན་པ་སྟེ་དཔེར་ན་ཉི་ཟླའི་འཁོར་འགྲོས་སོགས་དང་འབྲེལ་བ་ཡོད་ཚུལ་བསྟན་ཅིང་། དུས་ཚིགས་དང་ཉིན་མཚན་རིང་ཐུང་སོགས་གནམ་རིག་གི་སྣང་ཚུལ་ངོ་སྤྲོད་བྱས་ཡོད་པས། ཡུན་རིང་གི་ལག་ལེན་ཁྲོད་སྤྱི་བསྡོམས་བྱས་པའི་དུས་བརྟག་གནམ་དཔྱད་རྩིས་ཀྱི་བརྟག་འབྲས་མང་པོ་ནི་གནས་ལུགས་དང་མཐུན་ཞིང་ཚན་རིག་གི་རང་བཞིན་ལྡན་ནོ། །
གཉིས། བཀོལ་སྤྱོད་རང་བཞིན་ལྡན་པ།
ལོ་ངོ་སྟོང་ཕྲག་མང་པོའི་རིང་དུས་བརྟག་གནམ་དཔྱད་རྩིས་ནི་མིའི་རིགས་ཀྱི་ཐོན་སྐྱེད་དང་འཚོ་བར་མཛུབ་ཁྲིད་བྱེད་པར་མེད་དུ་མི་རུང་བའི་ལག་ཆ་ལྟ་བུར་གྱུར་ཡོད་ལ། གནམ་གཤིས་ཚན་རིག་འཕེལ་རྒྱས་ཆེན་པོ་བྱུང་བའི་དེང་གི་ཆར་ཡང་དུས་བརྟག་གནམ་དཔྱད་རྩིས་ཀྱིས་གནམ་གཤིས་སྔོན་དཔག་དང་སྔོན་བརྡ་གཏོང་ཐབས་ཁྲོད་དུ་སྔར་བཞིན་གོ་གནས་གལ་ཆེན་ཞིག་བཟུང་ཡོད། རང་རེ་བོད་ལ་མཚོན་ན་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱིས་དུས་རྒྱུན་གྱི་འཚོ་བ་དང་ཐོན་སྐྱེད་ངལ་རྩོལ་ཁྲོད་དུ་མྱོང་རྩིས་རྒྱ་ཁྱབ་ཏུ་སྤྱོད་བཞིན་པ་མ་ཟད། བོད་ཁུལ་གྱི་གནམ་གཤིས་ལས་ཁུངས་དང་གནམ་རིག་སྐར་རྩིས་ཞིབ་འཇུག་ལས་ཁུངས་སོགས་ནས་ཀྱང་དེའི་དཔྱད་གཞིའི་རིན་ཐང་ལ་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད་ལ། བོད་ལུགས་གསོ་རིག་གི་ནད་བརྟག་པའི་སྐབས་དང་། ནད་སྔོན་འགོག་དང་གསོ་བཅོས། སྨན་རྩྭ་འཐུ་བ་སོགས་ལའང་མཛུབ་སྟོན་གྱི་ནུས་པ་ངེས་ཅན་ཞིག་ཐོན་ཡོད།
ཞིང་ཕྱུགས་ཐོན་སྐྱེད་ཀྱི་ཐད་ནས་བཤད་ན། མང་ཚོགས་ཀྱིས་དུས་བརྟག་གནམ་དཔྱད་རྩིས་ལ་བརྟེན་ནས་དུས་ཚིགས་དང་ནམ་ཟླའི་འགྱུར་བ་བརྟག་པ་དང་། དུས་ཚོད་དང་ཁ་ཕྱོགས་ངོས་འཛིན་བྱེད་པ། ཡུན་རིང་ཡུན་འབྲིང་ཡུན་ཐུང་གི་གནམ་གཤིས་འགྱུར་ལྡོག་སྔོན་དཔག་བྱས་ནས་ལས་ཀ་སྣ་ཚོགས་བཀོད་སྒྲིག་དང་། གནོད་འགོག་གནོད་སེལ་གྱི་བྱ་བ་ལེགས་པར་སྒྲུབ་ཀྱིན་ཡོད། དཔེར་ན། ཞིང་པ་རྣམས་ཀྱིས་མྱོང་རྩིས་ལ་བརྟེན་ནས་ས་ཞིང་རྨོན་འདེབས་ཀྱི་དུས་ཚིགས་ངོས་འཛིན་དང་། འབྲུ་རིགས་མི་འདྲ་བའི་འདེབས་དུས་གདམ་ག་བྱེད་པ། ཞིང་ཆུ་འདྲེན་གཏོང་དང་། ཡུར་མ་ཡུར་བ། འབུ་གནོད་འགོག་པ། ལོ་ཏོག་སྡུད་ལེན་གྱི་དུས་ཚོད་སོགས་ངོས་འཛིན་བྱེད་པ། གནམ་གཤིས་ཀྱི་དྲོ་གྲང་དང་ཆར་ཆུའི་འབབ་ཚད། རླུང་ཤུགས་རླུང་ཕྱོགས་སོགས་ལ་བརྟེན་ནས་ལོ་རེའི་ཆར་ཆུ་བཟང་ངན་དང་། རྩི་ཤིང་ལོ་ཏོག་རྒྱས་མིན། ཁ་ཆར་སད་སེར་དང་བཙའ་ཐན། གྲང་ལྷགས་རླུང་འཚུབ། ཤྭ་འོད་འབྱུང་མིན་སོགས་ལ་བརྟགས་ནས་རང་བྱུང་གི་གནོད་འཚེ་སྣ་ཚོགས་སྔོན་དཔག་སྔོན་འགོག་བྱེད་པར་འབད་ཀྱིན་ཡོད་ལ། འབྲོག་པ་མང་ཚོགས་ཀྱིས་མྱོང་རྩིས་ལ་བརྟེན་ནས་ལོ་རེའི་རྩྭ་ཆུའི་ལེགས་ཞན་དང་། བཞོན་མའི་འོ་མ་མང་ཉུང་། ཕྱུགས་རིགས་འཕེལ་མིན། གངས་སྐྱོན་འབྱུང་མིན། གནམ་གཤིས་ཀྱི་དྲོ་གྲང་སོགས་ལ་བརྟག་པ་དང་། བེའུ་ལུ་གུ་སྐྱེ་དུས་དང་རུ་སྤོ་བའི་དུས་ཚོད། བལ་རྩིད་ར་སྤུ་འབྲེག་པའི་དུས་ཚོད་ངོས་འཛིན་དང་། རྩྭ་ས་བདག་གཉེར་སོགས་ཕྱུགས་རིགས་འཚོ་སྐྱོང་གི་བྱ་བ་བཀོད་སྒྲིག་བྱེད་ཀྱིན་ཡོད།
བོད་ཡུལ་གྱི་གནམ་གཤིས་ལས་ཁུངས་དང་བོད་རྩིས་ཞིབ་འཇུག་ལས་ཁུངས་ནས་དེ་འཚོལ་སྡུད་དང་ལག་ལེན་བྱེད་པར་སྔར་ནས་དོ་སྣང་བྱས་པ་དང་། དེ་ལས་ཁག་ཅིག་གནམ་གཤིས་སྔོན་བརྡའི་དཔྱད་གཞིའི་རྒྱུ་ཆ་གལ་ཆེན་ཞིག་དང་བོད་ཀྱི་ལོ་ཐོའི་ནང་དོན་གཙོ་བོ་ཞིག་ཏུ་གྱུར་ཡོད་པ་ལས་ཀྱང་དུས་བརྟག་གནམ་དཔྱད་རྩིས་ལ་བཀོལ་སྤྱོད་རང་བཞིན་ལྡན་པ་ཤེས་ཐུབ་སྟེ། དཔེར་ན། བོད་ལྗོངས་སྨན་རྩིས་ཁང་ནས་སྤེལ་བའི་ལྕགས་བྱི་ལོའི་ལོ་ཐོ་རུ“བོད་ཟླ་བཅུ་གཉིས་པའི་ཚེས20ནས་བོད་ཟླ་དང་པོའི་ཚེས1བར་བྱ་བུ་ཞག་བཅུ་གཉིས་ནང་གནམ་གཤིས་དྲོ་ན་སོས་འཕར་སྔ། ཚེས2ནས་ཚེས13བར་ཁྲུམས་ཞག་བཅུ་གཉིས་ཟིན་པས་དེའི་རིང་ཁ་བ་དང་བཅས་གྲང་ན་ཡུར་མའི་བར་གྲང་ཟེར་བ་དཔྱིད་གྲང་ཡུན་རིང་བས་རྒྱུན་དུ་སད་ཉེན་ཆེ་བའི་ས་ཁུལ་གྱི་ལྗང་པར་སྲུང་སྐྱོབ་བྱ་དགོས། ཚེས14ནས་ཚེས28བར་ཤོལ་པོ་ཟླ་ཕྱེད་རིང་ཁ་བ་ཡང་ཡང་བབས་ནས་གྲང་མོ་བྱུང་ན་དབྱར་དུས་ཞིང་འབྲོག་ས་ཁུལ་དུ་ཚ་བ་དང་ཆར་ཆུ་ཆུང་། ཚེས29ནས་བོད་ཟླ་གཉིས་པའི་ཚེས7བར་སྐྱུང་ཞག་དགུའི་ནང་ཁ་ཆར་བབས་ན་ཉིན་དེ་ནས་བརྩིས་པའི་ཞག་གྲངས60ནས70མཚམས་སུ་སོས་ཐན་ཡོད་པ་དང་། ཚེས8ནས་ཚེས14བར་ཤེ་མོ་ཞག་བདུན་ནང་གངས་ཆར་བྱུང་ན་ལོ་བཤད་དང་ཟླ་བཤད་ནང་བཀོད་པའི་ཆར་རྩིས་ལ་མ་བལྟོས་པར་ཞག་གྲངས80ནས90མཚམས་སུ་དགུང་ཐན་འོང་བའི་ཉེན་ཆེ”[2]ཞེས་བྱ་ཞག་གནམ་དཔྱད་བཀོད་ཡོད་པ་དང་། པིང་ཀྱུར་སླེབས་དུས་ཤིང་རྩི་ཁ་འབུས་པ། དབུས་སུ་སྔ་འདེབས་སྔ་མ་རན་པ། བྱ་པུ་ཤུད་སླེབས་པ་དང་འཕྱི་བ་མལ་ནས་ལང་དུས་སྔ་འདེབས་ཕྱི་མ་ཟིན་པ། བོད་ཟླ2འི་ཚེས4ནས་དབུས་སུ་ཁམ་བུའི་མེ་ཏོག་ཤར་བ་དང་། ཚེས9སྐོར་ནས་བྱ་པུ་ཤུད་སྐད་འདོན་དུས་ས་དྲོད་འབྲིང་ཙམ་སླེབ་པས་བར་འདེབས་སྔ་མ་ཟིན། བྱ་སྐྱར་མོ་འབྱོར་བ་དང་ལུག་རྫི་མོ་སླེབ་དུས་ཡར་ཀླུང་ཁུལ་དུ་བར་འདེབས་ཟིན་པ། བོད་ཟླ3པའི་ཚེས2ཕྱི་མ་ནས་བྱ་ཁུག་རྟ་སླེབ་དུས་ས་དྲོད་ཡོངས་སུ་སླེབ་པས་དབུས་སུ་ཕྱི་འདེབས་ཟིན། ཚེས3ནས་སྨིན་དྲུག་ནུབ་རིར་བརྒལ་བ་དང་གཞིས་རྩེར་སྔ་འདེབས་རན་པ། ཚེས14སྐོར་ནས་བྱ་རྒྱལ་ཁུ་བྱུག་སླེབ་པས་དེའི་གོང་དུ་དབུས་དང་ལྷོ་རྒྱུད་སོགས་ཀྱི་ས་ཞིང་མང་ཆེ་བ་འདེབས་ཚར་བ་བྱ་དགོས་ཞེས་སྐྱེ་དངོས་དུས་རྟགས་དང་འབྲེལ་ནས་ས་ཞིང་འདེབས་དུས་བསྟན་ཡོད་ལ། དུས་ཚིགས་ཉེར་བཞི་སོགས་དུས་རྟགས་རྣམས་ལོ་ཐོའི་ཚེས་ཁོངས་སུ་བཀོད་པ་དེས་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བར་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་ཐོན་ཡོད།
གཞན་བོད་དུ་སྨན་རྩིས་གཉིས་ནི་གཅིག་ལ་གཅིག་བརྟེན་གྱི་ཚུལ་དུ་ཡོད་པས། གནའ་ནས་བཟུང་མཉམ་སློབ་མཉམ་སྤྱོད་ཀྱི་སྲོལ་རྒྱུན་ཆགས་ཡོད། ནད་བརྟག་པའི་སྐབས་དང་། ནད་སྔོན་འགོག་དང་གསོ་བཅོས། སྨན་རྩ་འཐུ་བ། སྨན་སྦྱོར་བཟོ་སོགས་གསོ་རིག་གཞུང་གི་ནང་དོན་མང་པོ་ཞིག་སྐར་འབྱུང་རྩིས་ཀྱི་རིག་པ་ལ་བརྟེན་ནས་ཤེས་དགོས་ཏེ། དཔེར་ན། «ཕྱི་མ་རྒྱུད»དུ། “དཔྱིད་དང་དབྱར་སྟོན་དགུན་བཞི་དུས་མཚམས་ལྔ། །དཔྱིད་ཟླ་གསུམ་ནི་ཤིང་རྩི་ཁ་འབུས་དུས། །རྟ་པ་དབོ་དང་ནག་པས་ནམ་ཚོད་འཛིན། །བྱེ་འུ་ཅོ་ག་རང་སྐད་འབྱིན་པའི་དུས། །བདུན་ཅུ་རྩ་གཉིས་ཤིང་ཁམས་མཆིན་རྩ་རྒྱུ། །ཅོ་གའི་སྐད་ལྟར་ཕྲ་ལ་གྲིམས་པར་འཕར། །ལྷག་མ་བཅོ་བརྒྱད་ས་ཁམས་མཆེར་རྩ་རྒྱུ། །”[3]ཞེས་ཕྱིའི་རང་བྱུང་ཁམས་ཀྱི་རྩྭ་རྩི་ཤིང་ཁ་འབུས་པ་སོགས་དུས་བཞིའི་འགྱུར་ལྡོག་གི་ཆོས་ཉིད་དང་། བར་སྣང་དུ་རྒྱུ་སྐར་གང་གིས་ནམ་ཚོད་འཛིན་པ། ས་གཞིའི་ཐོག་བྱ་བྱེའུ་གང་གིས་རང་སྐད་འབྱིན་པ་སོགས་དུས་རྟགས་ལ་གཞིགས་ནས་ནང་ལུས་ཁམས་ཀྱི་རྩའི་འཕར་ཚུལ་གསལ་བར་བསྟན་ཡོད། སྨན་བཏུ་བའི་སྐབས་སུའང་དུས་རྟགས་ལ་བརྟེན་ནས་བཏུ་ཚུལ་གསུངས་ཡོད་དེ། “བཏུ་དུས་རྩ་བ་ཡལ་ག་སྡོང་པོ་གསུམ། །་་་་་་སྟོན་ཀ་རྩི་སྐམ་དུས་སུ་བཏུ་བར་བསྔགས། །ལོ་མ་ཞོ་དང་མྱུ་གུ་རྣམ་པ་གསུམ། །་་་་་་འདབ་རྒྱས་ཆར་གྱི་དུས་སུ་བཏུ་བར་བསྔགས། །མེ་ཏོག་འབྲས་བུ་རྩེ་མོ་རྣམ་པ་གསུམ། །་་་་་་སྟོན་སེར་སྨིན་པའི་དུས་སུ་བཏུ་བར་བསྔགས། །སྐོགས་པ་བར་ཤུན་ཚི་བ་རྣམ་པ་གསུམ། །་་་་་་ཁ་འབུས་དཔྱིད་ཀྱི་དུས་སུ་བཏུ་བར་བསྔགས། །བཤལ་སྨན་རྩི་སྐམ་ནུས་པ་གཏིང་འགྲོའི་དུས། །སྐྱུགས་སྨན་ཁ་འབུས་གྱེན་འདྲེན་དུས་སུ་བཏུ། །”[4]ཞེས་འཁོད་ཡོད། གཞན་ཡང་དུས་བཞིའི་ཚ་གྲང་གི་འགྲོས་དང་། ཉི་མ་ལྷོ་བགྲོད་བྱང་བགྲོད་སྐབས་ཀྱི་ཟས་སྤྱོད་སྤང་བླང་སོགས་བསྟན་ཡོད་པས། གསོ་རིག་གི་ལག་ལེན་དང་། ནད་རིགས་སྔོན་འགོག་དང་གསོ་བཅོས། བདེ་ཐང་སྲུང་སྐྱོབ་སོགས་ཀྱི་ཐད་ནས་ཀྱང་དུས་བརྟག་གནམ་དཔྱད་རྩིས་ལ་ཁྲིད་སྟོན་གྱི་ནུས་པ་ངེས་ཅན་ཡོད་པ་ཤེས་ཐུབ། གོང་གསལ་ལས་དུས་བརྟག་གནམ་དཔྱད་རྩིས་ནི་རྒྱུན་ལྡན་འཚོ་བའི་ཁྲོད་དུ་སྤྱོད་སྒོ་ཆེ་ཞིང་རང་བྱུང་གི་གནོད་སྐྱོན་འགོག་ཟོན་ཐད་རིན་ཐང་ཆེན་པོ་ལྡན་པའི་རིག་གནས་ཤིག་ཡིན་པ་ཤེས་ཐུབ།
གསུམ། རྩོད་སྒྲུབ་ཀྱི་བསམ་བློས་ཕྱུག་པ།
དུས་བརྟག་གནམ་དཔྱད་རྩིས་ནི་ངལ་རྩོལ་མི་དམངས་ཀྱིས་དུས་ཡུན་རིང་པོའི་འཚོ་བ་དང་ཐོན་སྐྱེད་ཁྲོད་མཐོང་ཐོས་མྱོང་གསུམ་བརྒྱུད་དེ་རང་བྱུང་ཁམས་ཀྱི་སྣང་ཚུལ་སྣ་ཚོགས་དང་། བྱ་དངོས་གང་དེའི་རང་བཞིན་དང་ནུས་པ། འཕེལ་རིམ་སོགས་ལ་ངོས་འཛིན་དང་བརྟག་དཔྱད་བྱས་ནས་བྱུང་བའི་ཤེས་བྱའི་ཉིང་བཅུད་ཡིན་ལ། རྩིས་མང་པོའི་ནང་དུ་བབ་ཆགས་ཀྱི་མཚན་ཉིད་རིག་པའི་བསམ་བློ་མངོན་ཡོད། དཔེར་ན། “དགུན་དྲོད་ན་དཔྱིད་གྲང་། །” “རླུང་ཆེན་གཡུག་ཡུན་མི་རིང་། །ཆར་ཆེན་འབབ་ཡུན་མི་རིང་། །”ལྟ་བུས་འགལ་ཟླ་གཅིག་འདུ་དང་རྩེར་སོན་ལྡོག་འགྱུར་གྱི་བསམ་བློ་མངོན་ཡོད་དེ། སྔ་མས་དགུན་དཔྱིད་གཉིས་ཀྱི་དྲོད་གྲང་གི་འགལ་ཟླ་གཅིག་འདུ་མཚོན་ཡོད། དུས་ཚིགས་སོ་སོའི་ཁྱད་ཆོས་ལྟར་གྲང་བའི་དུས་ཏེ་དགུན་དུས་སུ་དེ་འདྲའི་གྲང་མོ་མིན་ཚེ། དཔྱིད་ཀར་གནམ་གཤིས་ཧ་ཅང་དྲོན་མོར་འགྱུར་དཀའ་སྟེ། དགུན་དུས་དྲོ་བ་ནི་གྲང་ངར་སླེབ་འཕྱི་བ་དང་། གྲང་དུས་ཕྱི་སྣུར་བྱེད་དགོས་པ་མཚོན་པས། དཔྱིད་དུས་སུ་གྲང་ངར་འབྱུང་སྲིད་པ་རེད། རྩིས་འདིས་དྲོད་གྲང་ཁ་གསབ་དང་དོ་མཉམ་པར་བྱེད་པའི་ཆོས་ཉིད་དང་། དུས་ཚིགས་རིམ་འཕོའི་འབྲེལ་བ་མཚོན་ཡོད། “སྟོན་མཇུག་ཏུ་ཚ་བ་ཆེ་ན། །ཕྱི་ལོའི་དཔྱིད་ཀར་གྲང་ངར་ཆེ། །”ཞེས་དང་། “དཔྱིད་འགོར་དྲོ་ན། །དཔྱིད་མཇུག་གྲང་ངེས། །”“དགུ་རུལ་དཔྱིད་འཁྱགས། །དབྱར་སྐམ་སྟོན་ཞོད། །”“དགུན་དུས་ཁ་བ་ཉུང་ན། །དཔྱིད་དུས་ཁ་བ་མང་། །”ལྟ་བུའང་གོང་དང་འདྲ། ཕྱི་མ“རླུང་ཆེན་གཡུག་ཡུན་མི་རིང་། །ཆར་ཆེན་འབབ་ཡུན་མི་རིང་། །”ཞེས་པས་རླུང་ཆེན་གྱི་ལྡང་ཡུན་མི་རིང་བ་དང་། ཆར་ཆེན་གྱི་འབབ་ཡུན་མི་རིང་བ་བསྟན་ཡོད་དེ། རླུང་ཇི་ལྟར་ཆེ་ན་རླུང་གནོན་གྱི་ཁྱད་བག་དེ་མཁའ་རླུང་གིས་མགྱོགས་མྱུར་ངང་ཁ་གསབ་བྱས་ཏེ་རླུང་གནོན་ཁྱད་ཇེ་ཆུང་དུ་འགྲོ་བས་ན་རླུང་ཆེན་འབྱུང་མི་ཐུབ་ལ། ཆར་པ་བབས་པ་ཇི་ལྟར་ཆེ་ན་བར་སྣང་གི་ཆུ་ཟིལ་དེ་ལྟར་མགྱོགས་པོར་སར་ལྷུང་བ་ཡིན་པས། ཆར་པའི་འབབ་ཡུན་རིང་མི་སྲིད། རྩིས་འདི་དང་“ཚ་བ་རབ་ཏུ་ཆེ་ན་རླུང་བུ་ལྡང་། །ཚ་ངད་ཤིན་ཏུ་ཆེ་ན་ཆར་པ་འབབ། །”“སྔ་དྲོ་ཉི་མ་ཚ་དྲགས་ན། །ཕྱི་དྲོ་སེར་བས་གྲོག་དོང་འདྲུ། །”“ཉིན་མོ་ཉི་མ་མེ་ལྟར་ཚ་བ་དེ། །ཡུད་ཙམ་མི་འགོར་ཆར་ཆུའི་རྟགས། །”“དབྱར་སྟོད་འཇམ། །དབྱར་སྨད་འཚུབ། །དབྱར་སྟོད་འཚུབ། དབྱར་སྨད་འཇམ། །”ཞེས་པ་ལྟ་བུས་བྱ་དངོས་གང་ཞིག་ཡང་རྩེར་འཕེལ་བས་ན། ལྡོག་པའི་ཕྱོགས་སུ་འགྱུར་བར་ངེས་པའམ་འཕེལ་བ་ཡོད་ན་འགྲིབ་པ་ཡོད་པའི་རྩོད་སྒྲུབ་ཀྱི་འབྲེལ་བ་བསྟན་ཡོད། དོན་དངོས་ཐོག་གནམ་གཤིས་ཀྱི་འགྱུར་ལྡོག་ཀྱང་རྒྱུན་པར་ཆོས་ཉིད་འདི་ལྟར་རེས་འཁོར་གྱིས་འཕོ་འགྱུར་བྱུང་བ་རེད།
“སྟོན་ཆར་མང་ན་སད་དུས་སླེབས་འཕྱི”ཞེས་པས་གྲངས་ཀྱི་འགྱུར་ལྡོག་ནས་ངོ་བོའི་འགྱུར་ལྡོག་བྱུང་བའི་བསམ་བློ་མངོན་ཡོད་དེ། ཆུ་ཡི་ཚ་བ་ཤོང་ཚད་ཆེ་བས། སྟོན་ཀར་ཆར་པ་བབས་ཐེངས་མང་ན་ཆར་ཆུས་བརླན་པའི་ས་གཞིའི་ཚ་དྲོད་ཤོང་ཚད་ཀྱང་ཆེ་བ་དང་། དྲོད་ཚད་འཇགས་པ་ཅུང་དལ་ཕྱིར། སྤྱིར་བཏང་གི་མཁའ་རླུང་གྲང་མོ་བྱུང་ཡང་སད་འབྱུང་མི་ནུས། དེ་བས་སྟོན་ཆར་མང་ན་སད་དུས་འཕྱི་ཞེས་པ་རེད། “ཉིན་ཤས་སྨུག་པ་འཁོར་ན་འབབ་རྒྱུའི་རྟགས།” “དབྱར་དུས་ཉིན་ཤས་ཤར་ལྷགས་ལྡང་། །ཉིན་གསུམ་མཚམས་ནས་ཆར་པ་ཡོད། །” “དབྱར་དུས་སྤྲིན་པ་སེར་པོ་ཇེ་མང་འཁོར། །ཕྱི་དྲོ་དགོང་དྲོར་སེར་བ་འབབ་པའི་རྟགས། །”ཞེས་པ་ལྟ་བུས་ཀྱང་གོང་གི་བསམ་བློ་དེ་མཚོན་ཡོད།
གཞན་རླུང་དང་སྤྲིན། ཉི་གུར་ཟླ་འཁྱིམས། རྩྭ་རྩི་ཤིང་གི་སྐྱེ་འཕེལ། སྲོག་ཆགས་རིགས་ཀྱི་རྒྱུན་འགལ་གྱི་བྱ་སྤྱོད་སོགས་བརྟག་བྱེད་གང་དེའི་འགྱུར་ལྡོག་ཕྲན་བུ་ལ་བལྟས་ནས་གནམ་གཤིས་སམ་ནམ་ཟླའི་འགྱུར་བ་སོགས་བརྟག་པ་ནི་ཟུར་བལྟས་ལེབ་མཐོང་ངམ་ཕྲ་མཐོང་ཆེ་ཤེས་ཀྱི་རྩོད་སྒྲུབ་ཀྱི་བསམ་བློ་ཞིག་ཡིན་ཏེ། འགྱུར་ལྡོག་ཕྲན་བུ་གང་ཞིག་བྱུང་རུང་དེར་རྒྱུ་མཚན་ངེས་ཅན་ཞིག་ཡོད། འགྱུར་ལྡོག་དེ་ནི་གནམ་གཤིས་ཀྱི་འབྱུང་རྐྱེན་ལས་བྱུང་བའི་སྣང་ཚུལ་ཡིན་སྲིད་ལ། དངོས་ལུགས་འགྱུར་ལྡོག་སོགས་རྒྱུ་རྐྱེན་གཞན་དག་ལས་བྱུང་བའི་སྔ་ལྟས་ཀྱང་ཡིན་སྲིད་པས། འགྱུར་ལྡོག་ཕྲན་བུ་ལས་གནས་སྐབས་དེ་དང་ཡང་ན་མ་འོངས་པའི་གནམ་གཤིས་ཀྱི་གནས་ཚུལ་ཤེས་ཐུབ། ཟླ་ཚེས་རྩི་བའམ“གནད་འགག་ཉིན”ལ་བརྟགས་ནས་ནམ་ཟླ་དང་གནམ་གཤིས་ཀྱི་འགྱུར་ལྡོག་ཚོད་དཔག་བྱེད་པའི་མྱོང་རྩིས་མང་པོ་ལས་ཀྱང་དོན་དངོས་ཐོག་ཕྲ་མཐོང་ཆེ་ཤེས་ཀྱི་རྩོད་སྒྲུབ་ཀྱི་བསམ་བློ་དེ་མངོན་ཡོད་པས། མཚན་ཉིད་རིག་པའི་བསམ་བློས་ཕྱུག་པ་ནི་དུས་བརྟག་གནམ་དཔྱད་རྩིས་ཀྱི་ཁྱད་ཆོས་ཤིག་ཏུ་འདོད།
བཞི། བརྗོད་བདེ་ཞིང་ཡིད་ལ་འཛིན་སླ་བ།
དུས་བརྟག་གནམ་དཔྱད་རྩིས་སྤྱོད་རྒྱ་ཆེ་བ་དང་ད་ལྟའི་བར་དུ་རྒྱུད་འཛིན་བྱེད་ཐུབ་ཡོད་པའི་རྒྱུ་རྐྱེན་གཙོ་བོ་ནི་གཅིག་ནས་དེའི་བརྟག་འབྲས་མང་པོར་ཚན་རིག་རང་བཞིན་ལྡན་ཕྱིར་མི་དམངས་ཀྱི་དངོས་ཡོད་འཚོ་བར་ཞབས་འདེགས་ཀྱི་ནུས་པ་ངེས་ཅན་ཐོན་ཡོད་པའི་རྐྱེན་ཡིན་ལ། གཉིས་ནས་དེའི་རྣམ་པ་དང་སྐད་ཆའི་ཁྱད་ཆོས། བརྒྱུད་སྤེལ་བྱེད་སྟངས་ལའང་འབྲེལ་བ་ཡོད་དེ། དུས་བརྟག་གནམ་དཔྱད་རྩིས་ནི་ངལ་རྩོལ་མི་དམངས་ཀྱི་ངག་ཐོག་ནས་བྱུང་ཞིང་། ངག་ཐོག་ནས་མི་རབས་ནས་མི་རབས་བརྒྱུད་པ་ཞིག་ཡིན། ལུས་ཀྱི་ཐད་ནས་ཕལ་ཆེ་བ་ཚིག་ཉུང་ཞིང་འདུས་ཆེ་བ། བརྗོད་བདེ་ཞིང་ཡིད་ལ་འཛིན་སླ་བའི་ཁྱད་ཆོས་བཞི་ལྡན་གྱི་ཚིགས་བཅད་ཡིན་པ་དང་། དམངས་ཁྲོད་དུ་སྤྱོད་སྒོ་ཆེ་བའི་གཏམ་དཔེའི་རྣམ་པར་བརྟེན་ནས་བརྒྱུད་སྒྲོག་བྱེད་པ་ཡིན་པས་ངག་ཐོག་གི་ཁྱད་ཆོས་མངོན་པར་གསལ་ཏེ། དཔེར་ན། “སྔ་དྲོ་སྨུག་པ་ས་ལ་བཞག་ན། །ཕྱི་དྲོ་ཙད་ནག་ཀླད་འཁོར་རྒྱག་ངེས། །”ཞེས་དང་། “དགུང་ཁའི་སྤྲིན་དམར་མེ་ཡིན། །ནངས་སྔ་སེའི་སྤྲིན་དམར་ཆུ་ཡིན། །” “ནུབ་ཕྱར་བ་ཙམ་ཞིག་ཕྱེ་པ་ལས། །ལྷོ་ར་འགྲམ་ཙམ་ཞིག་ཕྱེ་ན་བཟང་། །” “བྱང་རང་རྒྱབ་དྭངས་ན་དྭངས་ནི་ཡིན། །ལྷོ་སྡུག་སྡུག་བྱས་པ་སྡུག་གྱོང་ཡིན། །” “རི་ངུས་ན་གངས་ཆེན་འབབ་པའི་ངོ་། །”“གཙང་ཆུ་རྒྱུག་ཚད་མགྱོགས་ན། །ཆར་པ་འབབ་པའི་རྟགས་ཡིན། །” “དཔྱིད་དགུང་ཐང་བརྒྱབ་ན་ལུག་རྫི་རྒད་པོས་ལྷམ་སྒྲོག་སྡོམ། །སྟོན་དགུང་ཐང་བརྒྱབ་ན་ཞིང་འབྲེག་རྒད་པོས་ཟོར་ར་རྡོར། །”ལྟ་བུ་སྟེ། སྐད་ཆའི་བཀོལ་སྤྱོད་ཐད་ནས་མང་ཚོགས་ཀྱི་ཁ་སྐད་ལས་ཐད་ཀར་བྱུང་ཞིང་། བརྡ་རྙིང་དང་མངོན་བརྗོད་ཀྱིས་མ་བཅིངས་པར་རྗོད་བྱེད་ཚིག་རྣམས་བབ་ཆགས་པ། ཁ་སྐད་དང་འཚོ་བའི་རང་བཞིན་ལྡན་ལ། ངག་ནས་བརྗོད་བདེ་ཞིང་ཡིད་ལ་འཛིན་བདེ་བ། བརྒྱུད་སྤེལ་བྱེད་སླ་བའི་ཁྱད་ཆོས་མངའ་བས་མི་རབས་ནས་མི་རབས་ལ་བརྒྱུད་པ་དང་། བོད་མིའི་སྤྱི་ཚོགས་འཕེལ་རྒྱས་དང་དཔལ་འབྱོར་གོང་འཕེལ་དུ་གཏོང་བར་ནུས་པ་གལ་ཆེན་ཐོན་པ་རེད། དེ་བས་བརྗོད་བདེ་ཞིང་འཛིན་སླ་བ་ནི་དུས་བརྟག་གནམ་དཔྱད་རྩིས་ཀྱི་རྗོད་བྱེད་ཚིག་གི་ཁྱད་ཆོས་ཤིག་གོ །
གཉིས་པ། དུས་བརྟག་གནམ་དཔྱད་རྩིས་ཀྱི་ཚད་བཀག་རང་བཞིན།
དུས་བརྟག་གནམ་དཔྱད་རྩིས་ནི་དུས་ཡུན་རིང་པོའི་ལག་ལེན་ཁྲོད་བྱུང་བ་ཡིན་པས། དེར་ཚན་རིག་གི་རང་བཞིན་ངེས་ཅན་ལྡན་ཡང་། བྱ་དངོས་གང་ཡིན་ཡང་ལེགས་ཆ་དང་ཞན་ཆ་གཉིས་ཀ་ཡོད་པ་ལྟར། དམངས་ཁྲོད་ཀྱི་གནམ་གཤིས་བརྟག་ཐབས་འདི་ལའང་ས་ཁུལ་རང་བཞིན་དང་། དུས་ཚིགས་རང་བཞིན། ཉམས་མྱོང་རང་བཞིན་བཅས་ཀྱི་ཞན་ཆའམ་ཚད་བཀག་ཡོད་དེ། གཤམ་ནས་འདིའི་སྐོར་ཅུང་ཟད་བཤད་ན།གཅིག ས་ཁུལ་རང་བཞིན།
དུས་བརྟག་གནམ་དཔྱད་རྩིས་ནི་ངལ་རྩོལ་མི་དམངས་ཀྱིས་རང་རང་འཚོ་སྡོད་བྱེད་སའི་གནམ་གཤིས་དང་འཚོ་བར་འབྲེལ་ཆེ་བའི་བྱ་དངོས་སམ་དེ་འབྲེལ་གྱི་ལྟས་རྟགས་སྣ་ཚོགས་ལ་ཡུན་རིང་མཉམ་འཇོག་དང་བརྟག་དཔྱད་བྱས་པའི་བསྡོམས་ཚིག་ཅིག་ཡིན་པས། རྩིས་ཁ་ཤས་ཀྱི་བཀོལ་སྤྱོད་ལ་ས་ཁུལ་གྱི་ཚད་བཀག་ཡོད། ས་ཁུལ་གང་དེར་བྱུང་བའི་གནམ་དཔྱད་དུས་བརྟག་གི་ཉམས་མྱོང་མང་པོ་ནི་ཡུལ་ཕྱོགས་དེའམ་རང་ས་ཁུལ་དེར་བཀོལ་ཚེ་ཧ་ཅང་ཐིག་པོ་ཡིན་ཡང་། ཡུལ་དང་གནས་གང་དུ་སྤྱད་ནའང་འཕྲོད་པ་ཞིག་མིན། ལྷག་པར་དུ“དགེ་འཕེལ་དབུ་རྩེར[5]སྤྲིན་ཞྭ་གྱོན། །ཆར་ཆུ་མྱུར་དུ་ཕེབས་པ་ཡིན། །” “ཨམ་ལ་སྣབས་ལུག་ན་མ་འོངས་ཆར་ཆུ་འབབ་པའི་རྟགས། །”[6]ཞེས་པ་ལྟ་བུ་དང་། ཡར་འབྲོག་གཡུ་མཚོ་དང་མཚོ་སྔོན་པོ་སོགས་ཡུལ་ཕྱོགས་གང་དེར་ཡོད་པའི་རི་ཀླུང་ནགས་ཆུ་དང་། མཚོ་མཚེའུ། རྩྭ་རྩི་ཤིང་སོགས་ལ་བརྟགས་ནས་གནམ་གཤིས་ཀྱི་དྲོད་གྲང་དང་ནམ་ཟླའི་འགྱུར་ལྡོག་བརྟག་པའི་རྩིས་ལ་ས་ཁུལ་རང་བཞིན་ངེས་ཅན་ལྡན་པས། ཡུལ་ཕྱོགས་དེ་ཁོ་ནར་འཚམ་པ་རེད། ཡང་དཔེར་ན་གཤོངས་ཞིང་དང་སོན་འབྲུ་ལྕི་ཡང་སྙོམས་པའི་ས་ཁུལ་དུ་བྱུང་བའི་ཞིང་སྔ་འདེབས་བར་འདེབས་ཕྱི་འདེབས་ཀྱི་དུས་ཚོད་སོགས་བསྟན་པའི་མྱོང་རྩིས་ཀྱང་ས་ཁུལ་གང་དུའང་སྤྱོད་ཆོག་པ་ཞིག་མིན་པར་སོ་ནམ་བྱེད་ཚོད་ནི་ཡུལ་སོ་སོའི་ཕུ་མདའི་ས་བབ་དང་། ས་ཆུ་བཟང་ངན། སོན་འབྲུ་ལྕི་ཡང་། གནམ་གཤིས་དྲོ་གྲང་བཅས་ལ་གཞིགས་ནས་བརྟག་དགོས་པ་རེད།
གཉིས། དུས་ཚིགས་རང་བཞིན།
དུས་བརྟག་གནམ་དཔྱད་རྩིས་ཀྱི་བཀོལ་སྤྱོད་ལ་དུས་ཚིགས་ཀྱི་བཀག་རྒྱ་ཡང་ཡོད་དེ། བརྟག་ཐབས་གང་དེ་དུས་ཚིགས་ག་གེ་མོའི་ནང་དུ་གནད་དུ་འཁེལ་ཡང་། དུས་ཚིགས་གཞན་པའི་ནང་ལྟས་དེ་ལ་འབྲས་བུ་དེ་ལྟ་བུ་འབྱུང་ཤ་སྟག་ཡིན་པའི་ངེས་པ་མེད། མྱོང་རྩིས་ཁ་ཤས་སུ་དུས་ཚིགས་གསལ་པོར་བསྟན་ཡོད་དེ། དཔེར་ན། “དབྱར་དུས་སྤྲིན་ནག་འཁྲིགས་ན་ཡང་། །ལྷགས་པ་བརྒྱབ་ན་ཆར་མི་འབབ། །” “དགུན་སྤྲིན་ལང་ལོང་ཆེ་བ་དེ། །གངས་ཆེན་ཡོད་པའི་སྔ་ལྟས་ཡིན། །” “སྟོན་དགུན་ཤར་ལྷོའི་རླུང་བྱུང་ན། །དེ་ཉིན་ཆར་པ་འབབ་མི་འགྱུར། །” “དཔྱིད་ཀའི་སྨུག་པ་ཉི་མའི་ལྟས། །དབྱར་ཁའི་སྨུག་པ་ཆར་བའི་ལྟས། །”ལྟ་བུ་ཡོད། ཡིན་ནའང་སྤྱིར་ཡིག་གྲངས་ཀྱི་ཚོད་འཛིན་ཐེབས་པའི་དབང་གིས་མྱོང་རྩིས་མང་པོས་སྤྱད་འཐུས་ཀྱི་དུས་ཚིགས་བསྟན་མེད། དཔེར་ན། སྤྲིན་ལ་བརྟག་པའི་རྩིས་ལས“ཉ་ཁྲབ་ལྟ་བུའི་སྤྲིན་བྱུང་ན་ཆར་ཐག་ཉེ། །”ཞེས་དང་། “སྤྲིན་པ་ཉ་ཁྲབ་འདྲ་བ་བྱུང་ན། །ཕྱི་ཉིན་རླུང་ཆེན་ལྡང་བར་འགྱུར་ངེས། །” “ཉ་ཁྲབ་ལྟ་བུའི་སྤྲིན་འཁྲིགས་ན། །ཆར་བ་མེད་ཀྱང་རླུང་གཡུག་ངེས། །”ཞེས་པ་ལྟ་བུ་སྟེ། ཉ་ཁྲབ་སྤྲིན་ནི་སྤྲིན་ལེབ་ཆུང་ཆུང་ཚགས་དམ་ཞིང་གོ་རིམ་ལྡན་པའི་སྒོ་ནས་གྲལ་སྒྲིག་པ་ཉ་ཁྲབ་དང་འདྲ་བ་སྟེ། མཐོ་སྤྲིན་གྱི་རིགས་ལས་འཁྱགས་ཟིལ་གྱིས་གྲུབ་པའི་སྤྲིན་ཕུང་འཁྱིལ་མར་གོ་བ་རེད། དེའི་མཐོ་ཚད་ལ་སྤྱིར་བཏང་དུ་སྨི2300ནས6500ཡས་མས་ཡོད། སྤྲིན་པ་དེ་རིགས་བྱུང་བ་དེས་མཁའ་དབྱིངས་ཀྱི་རླུང་རྒྱུན་གཏན་འཇགས་མིན་པ་མཚོན་པས། རླུང་འཁྱིལ་ལམ་རླུང་ཚོམ་མི་འདྲ་བ་འཕྲད་ཐུག་བྱུང་ནས་རླུང་དང་ཆར་པ་འབྱུང་སྲིད། སྤྲིན་ཕུང་འཁྱིལ་མ་ནི་རྒྱུན་པར་སྤྲིན་རིམ་འཁྱིལ་མ་དང་མཉམ་དུ་བྱུང་བ་དང་། གནམ་གཤིས་ངན་པར་འགྱུར་བའི་མཚོན་རྟགས་ཡིན་ལ། བརྟག་ཚུལ་འདི་ནི་དབྱར་དུས་སུ་ཧ་ཅང་ཐིག་པོ་ཡོང་བ་རེད། དུས་ཚིགས་རང་བཞིན་མངོན་པར་གསལ་བའི་མྱོང་རྩིས་འདི་དང་འདི་ལྟ་བུ་བཀོལ་བའི་ཚེ་དུས་ཚིགས་དང་བསྟུན་མ་ཐུབ་ཚེ་ལྡོག་ཕྱོགས་ཀྱི་མཇུག་འབྲས་ཀྱང་འབྱུང་སྲིད། ཡང་གནམ་གཤིས་རིག་པའི་གཞུང་དུ་སྨུག་པར་རྩིབས་འཕྲོའི་སྨུག་པ་དང་། སྙོམས་རྒྱུག་སྨུག་པ། གྲང་འགྱུར་སྨུག་པ། རླངས་འགྱུར་སྨུག་པ་སོགས་རིགས་དུ་མར་དབྱེ་ཞིང་། སྨུག་པའི་རིགས་ལ་ལའི་དུས་ཚིགས་རང་བཞིན་དང་ཉིན་མཚན་གྱི་འགྱུར་ལྡོག་ཆེ་བར་བརྗོད་ལ། རླུང་ལ་མཚོན་ནའང་རྒྱུ་ཕྱོགས་དང་རླུང་ཤུགས་སོགས་ནི་དབྱར་དགུན་སྟོན་དཔྱིད་ཀྱི་དྲོ་གྲང་དང་རླུང་གནོན་སོགས་མི་འདྲ་བའི་དབང་གིས་འགྱུར་ལྡོག་འབྱུང་བ་རེད། གལ་ཏེ་དུས་བརྟག་གནམ་དཔྱད་རྩིས་ཀྱི་སྤྱད་འཐུས་དུས་ཚིགས་མ་ཤེས་བར་བཀོལ་ནོར་བྱུང་ཚེ་དེས་སྔོན་བརྡའི་ནུས་པ་འདོན་མི་ཐུབ་པས། དུས་ཚིགས་རང་བཞིན་ནི་མྱོང་རྩིས་བེད་སྤྱོད་བྱེད་པའི་བརྒྱུད་རིམ་ནང་ཡིད་གཟབ་བྱེད་དགོས་པའི་གནད་དོན་ཞིག་རེད།
གསུམ། ཉམས་མྱོང་རང་བཞིན།
རླུང་སྤྲིན་སོགས་ལ་བལྟས་ནས་དུས་བརྟག་པའམ་གནམ་གཤིས་ལ་དཔྱད་པ་ནི་དོན་དངོས་ཐོག་མིའི་མཐོང་ཚོར་དང་། ཐོས་ཚོར། ཚོར་བ། ཉམས་མྱོང་བཅས་ལ་བརྟེན་པ་ཡིན་ཕྱིར། མྱོང་རྩིས་ལ་ལར་རླུང་ཁམས་ཆེན་པོའི་ཚན་རིག་གཞུང་ལུགས་ཀྱི་འདེགས་སྐྱོར་མེད་པ་དང་། གནམ་གཤིས་མ་ལག་གི་འགུལ་སྐྱོད་དང་གནམ་གཤིས་འགྱུར་ལྡོག་གི་དངོས་ལུགས་བརྒྱུད་རིམ་ཇི་བཞིན་དུ་རྟོགས་ཐུབ་མེད་པ་སོགས་ཀྱི་དབང་གིས་གནམ་གཤིས་འགྱུར་ལྡོག་གི་ཆོས་ཉིད་སྤྱི་སྡོམ་བྱེད་པའི་ཉམས་མྱོང་ཁ་ཤས་ཀྱང་“དེ་འདྲ་ཡིན་པ་ཤེས་རུང་དེ་འདྲ་ཡིན་ལུགས་མི་ཤེས་པའི”ཚོར་ཤེས་ཀྱི་དུས་རིམ་དུ་གནས་ཡོད། དེང་རབས་གནམ་བྱད་རིག་པའི་གཞུང་ལུགས་ལྟར་ན་གནམ་གཤིས་ཀྱི་འགྱུར་ལྡོག་ནི་ས་ཆ་གཅིག་དང་ཡུལ་ཁག་གཅིག་གིས་ཐག་གཅོད་ཀྱི་ནུས་པ་ཐོན་པ་ཞིག་མིན་པར་སའི་གོ་ལའི་ཤར་ནུབ་ཟླུམ་ཕྱེད་དང་ལྷོ་བྱང་ཟླུམ་ཕྱེད་ཀྱི་རླུང་ཁམས་ཆེན་པོའི་ཕྱོགས་བསྡུས་འགུལ་སྐྱོད་དང་ཕན་ཚུན་ཤུགས་རྐྱེན་ཐེབས་པའི་འབྲས་བུ་ཡིན་པ་དང་། རླུང་ཁམས་ཆེན་པོས་ས་ངོས་ནས་སྤྱི་ལེ་བཅུ་ཕྲག་ཁ་ཤས་བར་གྱི་བར་སྣང་གི་གནམ་གཤིས་འགྱུར་ལྡོག་ལ་ཤུགས་རྐྱེན་ཐེབས་ཀྱིན་ཡོད་པས། མིའི་མཐོང་ཐོས་མྱོང་གསུམ་ལས་བྱུང་བའི་དུས་བརྟག་གནམ་དཔྱད་རྩིས་ཀྱིས་རྒྱང་ཐག་ཅུང་རིང་བའི་ས་ཆར་གནམ་གཤིས་འགྱུར་ལྡོག་ག་འདྲ་བྱུང་དང་འབྱུང་བཞིན་པ་དང་དེས་རང་སའི་གནམ་གཤིས་ལ་ཤུགས་རྐྱེན་བཟོ་མིན་སོགས་སྟོན་མི་ཐུབ་ལ། འདི་ནི་བརྟག་འབྲས་ཐིག་པོ་ཡོང་མིན་དང་འབྲེལ་བ་དམ་པོ་ཡོད།
མདོར་ན། དུས་བརྟག་གནམ་དཔྱད་རྩིས་བཀོལ་སྤྱོད་བྱེད་སྐབས་དེར་ས་ཁུལ་རང་བཞིན་དང་། དུས་ཚིགས་རང་བཞིན། ཉམས་མྱོང་རང་བཞིན་བཅས་ཀྱི་ཚད་བཀག་ཡོད་པ་རྟོགས་དགོས་པ་དང་། གནམ་གཤིས་བརྟག་སྐབས་ངེས་པར་དུ་ཡུལ་བབ་དང་དུས་ཚིགས། སྐབས་ཐོག་དེའི་གནམ་གཤིས་ཀྱི་གནས་ཚུལ་སོགས་ལ་བལྟས་ནས་བཀོལ་དགོས། སྐབས་འགར་མྱོང་རྩིས་འགའ་ཟུང་འབྲེལ་གྱིས་གནམ་གཤིས་སྔོན་དཔག་བྱེད་ན་བརྟག་འབྲས་ཧ་ཅང་ཐིག་པོ་ཡོང་ངེས་ཏེ། དཔེར་ན། བོད་ཁུལ་དུ་དར་ཁྱབ་ཆེ་བའི“ཤར་འཇའ་མེ། །ནུབ་འཇའ་ཆུ། །” “ཞོགས་འཇའ་ཆུ། །དགོང་འཇའ་མེ། །”ཞེས་པར་མཚོན་ན། རང་རྒྱལ་གྱི་གནམ་གཤིས་མ་ལག་སྤོ་འགུལ་བྱེད་པའི་ཆོས་ཉིད་དང་མཐུན་པས་སྤྱིར་བཏང་དུ་ལྟས་དེ་ལ་འབྲས་བུ་དེ་ལྟ་བུ་འབྱུང་སྲིད། ཡིན་ནའང་ཤར་འཇའ་བྱུང་ན་ངེས་པར་དུ་གནམ་དྭངས་པ་ཡིན་ནམ་ཞེ་ན། དེ་ལྟར་ཡིན་པའི་ངེས་པ་མེད་དེ། ད་དུང་འཇའ་ཚོན་དང་ཉི་མའི་མཐོ་དམའ་ལ་བལྟ་དགོས། གལ་ཏེ་འཇའ་ཚོན་ནི་ཉི་མ་ལས་མཐོ་ཚེ་ཆར་ཐིགས་ང་ཚོའི་མགོ་ཐོག་ཏུ་ཡོད་པ་མཚོན་པས་མི་རིང་བར་ཆར་པ་འབབ་སྲིད་ལ། ཉི་མ་མཐོ་ཚེ་ཆར་ཐིགས་རྒྱང་དུ་གྱེས་ཟིན་པ་མཚོན་པས། གནམ་གཤིས་དྭངས་པོར་འགྱུར་ངེས། དེ་བས་གོང་གི་མྱོང་རྩིས་དང“འཇའ་མགོ་ཉི་མ་ལས་མཐོ་ན་ཆར་རྟགས་ཡིན། །” “འཇའ་མཐོ་ནས་ཉི་མ་དམའ་ན་ཆར་པའི་རྟགས”ཞེས་པ་ཟུང་འབྲེལ་བྱས་ནས་གནམ་གཤིས་བརྟགས་ཚེ་བརྟག་འབྲས་གནད་དུ་འཁེལ་ཐུབ། གང་ལྟར་དུས་བརྟག་གནམ་དཔྱད་རྩིས་བཀོལ་སྐབས་དེའི་ནང་དོན་ཇི་བཞིན་དུ་རྟོགས་དགོས་པ་མ་ཟད། དེའི་དུས་ཚིགས་རང་བཞིན་སོགས་ལའང་མཉམ་འཇོག་བྱས་ཏེ་གང་ལ་དེ་འཚམ་གྱིས་སྤྱོད་དགོས་པ་ལས་ཞྭ་དཔེ་ལྷམ་འགེབས་བྱེད་མི་རུང་ངོ་། །
གསུམ་པ། མཇུག་བསྡུ་བ།
དུས་བརྟག་གནམ་དཔྱད་རྩིས་ལ་གཏན་ཚིགས་དང་ཚན་རིག་གི་རང་བཞིན་དང་། ཁྲིད་སྟོན་གྱི་ནུས་པ་ངེས་ཅན་ཞིག་ལྡན་པས་དེའི་བཀོལ་སྤྱོད་ཀྱི་རིན་ཐང་ནི་དེང་དུས་སུའང་ཉམས་མེད་དེ། ཉི་ཟླ་སྐར་གསུམ་གྱི་འཆར་ནུབ་དང་ཉི་གུར་ཟླ་གུར། རླུང་ཕྱོགས་དང་རླུང་ཤུགས། སྤྲིན་གྱི་དབྱིབས་དང་ཁ་དོག སྨུག་པའི་སྲབ་མཐུག་དང་རྒྱུ་ཚུལ། འཇའ་ཚོན་གྱི་གསལ་ཚད་དང་འཆར་ཕྱོགས། འབྲུག་སྒྲ་གློག་འོད། རྩི་ཤིང་གི་སྐྱེ་འཕེལ་དང་སྲོག་ཆགས་རིགས་ཀྱི་འགྲོ་སྡོད་སོགས་ལ་བརྟེན་ནས་གནམ་གྱི་དྭངས་འཐིབ་དང་། གནམ་གཤིས་ཀྱི་དྲོད་གྲང་། དུས་ཚིགས་ཀྱི་འགྱུར་བ། ཁ་ཆར་རླུང་འཚུབ། སད་སེར་བཙའ་ཐན། ཤྭ་འོད་གངས་སྐྱོན་སོགས་སྔོན་དཔག་དང་། ཁ་ཕྱོགས་ངོས་འཛིན་དང་དུས་ཚོད་ཚོད་དཔག་བྱེད་པ་ནི་དམངས་ཁྲོད་དུ་རྒྱ་ཁྱབ་ཏུ་སྤྱོད་ཅིང་། མི་རྣམས་ལ་གོམས་ལོབས་སུ་གྱུར་པའི་གནམ་གཤིས་བརྟག་ཐབས་དང་དུས་ཀྱི་ཚད་འཇལ་ཚུལ་ཞིག་རེད། དེ་མ་ཟད་དུས་བརྟག་གནམ་དཔྱད་ཀྱི་ནང་དོན་ཁག་ཅིག་ནི་བོད་ཁམས་ཀྱི་གནམ་གཤིས་ལས་ཁུངས་དང་གནམ་རིག་སྐར་རྩིས་ཞིབ་འཇུག་ལས་ཁུངས་སོགས་ཀྱི་དཔྱད་གཞིའི་ཡིག་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད་པས། དམངས་ཁྲོད་ཀྱི་ངག་ཐོག་རིག་གནས་དེ་མུ་མཐུད་དུ་རྒྱུད་འཛིན་དང་དར་སྤེལ་གྱི་དགོས་པ་ཆེན་པོའམ་དངོས་ཡོད་ལག་ལེན་གྱི་དོན་སྙིང་ཆེས་ཆེར་ལྡན་པ་ཤེས་ཐུབ། དེ་བས་དུས་བརྟག་གནམ་དཔྱད་རྩིས་ཀྱི་རིན་ཐང་ལ་ངོས་འཛིན་ཡང་དག་བྱས་ཏེ་རིག་གནས་དེ་སྔོག་འདོན་དང་འཚོལ་སྡུད་ཀྱི་བྱ་བ་ལེགས་སྒྲུབ་དང་། གནམ་གཤིས་བརྟག་ཐབས་ཀྱི་གནད་འཁེལ་རང་བཞིན་དང་སྤྱོད་རུང་རང་བཞིན་ཞིབ་བཤེར་བྱས་ནས་སྙིགས་དོར་བཅུད་ལེན་བྱེད་རྒྱུ་ནི་གཙོ་གནད་དུ་འཛིན་དགོས་ཤིང་། གནམ་གཤིས་རིག་པ་དང་གནམ་དཔྱད་རིག་པ་སོགས་ཀྱི་ཤེས་བྱ་སྤྱད་ནས་མྱོང་རྩིས་ཀྱི་ནང་དོན་ལ་འགྲེལ་བཤད་རྒྱག་པ་དང་། དུས་ཚིགས་རང་བཞིན་སོགས་གསལ་པོར་སྟོན་པ། བརྒྱུད་སྤེལ་གྱི་གོ་རིམ་ཁྲོད་གཞན་འགྱུར་དང་སྤྱོད་ནོར་བྱུང་བའི་སྐོར་དག་བཅོས་བྱེད་པར་དོ་སྣང་ཆེན་པོ་བྱེད་དགོས་ལ། ལག་ལེན་གྱི་ཞོར་དུ་མུ་མཐུད་དུ་ཉམས་མྱོང་ཕྱོགས་བསྡོམས་དང་སྔོན་བརྡའི་ནུས་པ་མཐོར་འདེགས་གཏོང་དགོས། འདི་ནི་དུས་བརྟག་གནམ་དཔྱད་རྩིས་ཀྱི་རིག་གནས་རིན་ཐང་དང་བཀོལ་སྤྱོད་ཀྱི་རིན་ཐང་མི་ཉམས་པར་བྱེད་པའི་ཐབས་ལམ་ཉག་ཅིག་ཡིན་པར་སྙམ་མོ། །ལུང་དང་མཆན་འགྲེལ་དཔྱད་ཡིག
[1] 姜世中《气象学与气候学》[M]. 北京:科学出版社,2011.11 P.118
[2] བོད་ལྗོངས་སྨན་རྩིས་ཁང་ནས་བརྩམས། «བོད་ལྗོངས་སྨན་རྩིས་ཁང་གི་ལོ་ཐོ།» སི་ཁྲོན་མི་དམངས་དཔེ་སྐྲུན་ཁང་། 2019.11 P.31
[3][4] གཡུ་ཐོག་ཡོན་ཏན་མགོན་པོ། «བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད» [M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1982.3 P.560 P.605
[5] ལྷ་སའི་རི་ཞིག་གི་མིང་།
[6] “ཨམ”ཞེས་པ་ནི་མཚོ་སྔོན་ཡ་རྫི་རྫོང་རྡོ་སྦིས་ཞང་གི་ཉིན་ཕྱོགས་སུ་ཡོད་པའི་རི་ཁུག་ཅིག་གི་མིང་། “སྣབས”ནི་སྤྲིན་ལ་གོ་བ་རེད།
དཔྱད་གཞིའི་ཡིག་ཆ།
1. བྱམས་པ་འཕྲིན་ལས་སོགས། «བོད་ཀྱི་རྩིས་རིག་ཀུན་འདུས་ཆེན་མོ» སི་ཁྲོན་མི་རིས་དཔེ་སྐྲུན་ཁང་། 1998.8
2. 余明 主编 《简明天文学教程》, 北京:科学出版社,2007.
3. 竺可桢 宛敏渭《物候学》,长沙:湖南教育出版社,1999.
4. 姜世中 主编《气象学与气候学》,北京:科学出版社, 2010.
5. 陈久金 杨怡《中国古代的天文与历法》,北京:中国国际广播出版社 2010
རྩོམ་པ་པོ།
སྙིང་མོ་རྒྱལ། ནུབ་བྱང་མི་རིགས་སློབ་ཆེན་ཀྲུང་གོ་སྐད་ཡིག་རྩོམ་རིག་སློབ་གི་དགེ་རྒན་ཡིན།
ཀུན་བཟང་རྡོ་རྗེ། ནུབ་བྱང་མི་རིགས་སློབ་ཆེན་གློག་ཤུགས་བཟོ་བསྐྲུན་སློབ་གླིང་གི་དགེ་རྒན་ཡིན།
དཔྱད་རྩོམ་འདི༢༠༢༠ལོའི«མཚོ་སྔོན་སྤྱི་ཚོགས་ཚན་རིག»དེབ་གསུམ་པའི་སྟེང་བཀོད་ཡོད།
འབྲེལ་ཡོད་འོས་སྦྱོར།