བོད་ཡིག་ཐོན་མིའི་ཕྱག་སྲོལ་ཡིན་པ་སྒྲུབ་བྱེད་ཀྱི་རིག་པ།
རྩོམ་པ་པོ།:ཚེ་ཆུང་།
ཡོང་ཁུངས།:ལུག་ཚང་དཔལ་ཡོན་འཕྲིན་སྟེགས།
དུས་ཚོད།:2022-04-06
ཀློག་གྲངས།:
དེའང་འཇམ་མགོན་ཐོན་མི་སམྦྷོ་ཊ་ནི། ཕྱི་ལོ༦༡༧ལོར་གཙང་སྙེ་མོ་ཐོན་ལུག་ར་ཁར་ཡབ་ཨ་ནུའི་སྲས་སུ་སྐུ་འཁྲུངས། ཡབ་ཆེན་ནི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་ནང་བློན་ཆེ་གྲས་འཇོན་ཐང་ཅན་ཞིག་ཀྱང་ཡིན་པས་ན། བཙན་པོས་ཁོང་ལ་གཞིས་ཀ་སྙེ་མོ་གནང་བས། ཐོན་མི་དེར་སྐུ་འཁྲུངས་པ་ཡིན། འོན་ཀྱང་ལོ་རྒྱུས་ཁ་ཤས་སུ་ཐོན་མི་ལྷོ་ཁ་རུ་སྐུ་འཁྲུངས་པ་ཡིན་ཟེར་དོན་ནི་ཁོང་གི་ཡབ་ཡུམ་གཉིས་འཁྲུངས་ས་དེ་ལྷོ་ཁ་ཡིན་པས་ན་དེར་སྐུ་འཁྲུངས་ཟེར། དེས་ན་ལོ་རྒྱུས་ཡོངས་གྲགས་སུ་སྙེ་མོར་སྐུ་འཁྲུངས་གསུངས་པ་དང་། མ་ཟད་གནའ་བོའི་མཁར་ཤུལ་ལ་སོགས་ཀྱི་བདེན་དཔང་དངོས་སུ་ཡོད་པས་ན། ཐོན་མི་སྙེ་མོར་སྐུ་འཁྲུངས་པ་ལ་སོམ་ཉི་གང་ཡང་མི་དགོས་སྙམ། དེ་ནས་ཐོན་མི་དགུང་ལོ་བཅོ་ལྔའི་ཐོག་འགོ་དཔོན་སྟག་རོ་ལོ་ཤོག་ལ་སོགས་ཅ་དངོས་དང་རྒྱལ་པོར་འབུལ་རྒྱུའི་ཞུ་རྟེན་གྱི་དངོས་པོ་རྣམས་ཁྱེར་མཁན་གྱི་མི་བཅུ་བཅས་དཔོན་གཡོག་བཅུ་གཉིས་རྣམས་འཕགས་ཡུལ་དུ་ཕེབས་ཏེ། ཐོན་མིས་ལོ་ངོ་བདུན་གྱི་རིང་ལ་ལེགས་སྦྱར་གྱི་ཡིག་རིགས་ཉེར་གཅིག་དང་། སྒྲ་རིག་པའི་བསྟན་བཅོས་ལ་སོགས་ནང་ཆོས་དང་རིག་པའི་གནས་རྣམས་ལ་སྦྱངས་པ་མཐར་ཕྱིན་མཛད་དེ། སླར་རང་ཡུལ་གངས་ཅན་དུ་ཕེབས་ཡོང་དུས་མདོ་སྡེ་ཟ་མ་ཏོག་དང་། སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག །འདུས་པ་རིན་པོ་ཆེའི་གཟུངས། སྔགས་ཀྱི་ཆོ་གའི་རྒྱུད་ལ་སོགས་པའི་མདོ་རྒྱུད་ཀྱི་གླེགས་བམ་མང་དག་ཞིག་བསྣམས་ནས་ཕེབས།
དེ་རྗེས་ཐོན་མིས་བོད་མིའི་རྩ་ཁམས་དང་ཡུལ་གྱི་སྐད་ཆ་ལ་སོགས་པར་ཞིབ་འཇུག་མཐར་ཕྱིན་མཛད་དེ། བོད་ཡིག་གི་དབྱངས་གསལ་རྣམས་ལིཙྪ་བཱིའི་ཡིག་གཟུགས་སམ་གུཔྟའི་རྒྱལ་བརྒྱུད་ཀྱི་རྒྱལ་པོ་བྷི་བྷིའི་སྐབས་ཀྱི་ཡི་གེའི་གཟུགས་ལ་གཙོ་བོར་བྱས་པའི་དུས་རབས་བདུན་པ་ཡན་གྱི་ཡིག་གཟུགས་རྣམས་ནས་སྙིང་བཅུད་བླངས་ཏེ། རང་ས་ཕ་བོང་ཁ་རུ་གསར་དུ་བཟོས་པ་ཞིག་ཡིན་པ་རིག་པ་ཆེན་པོ་བཞི་དང་། བདེན་དཔང་གི་ཡིག་རྙིང་གཉིས་ཀྱིས་བོད་ཡིག་གསར་གཏོད་མཛད་པ་པོ་ཐོན་མི་སཾ་བྷོ་ཊ་ཡིན་པ་གསལ་པོར་མངོན་ཡོད།
དེའང་ཐོན་མི་བོད་ཡིག་གསར་གཏོད་མཛད་མཁན་ཡིན་པ་སྒྲུབ་བྱེད་ཀྱི་རིག་པ་ཆེན་པོ་བཞི་ནི། རྒྱ་གར་གྱི་གསལ་བྱེད་ལིཙྪ་བཱི་གསར་རྙིང་གི་ཡིག་གཟུགས་དང་། གུཔྟའི་ཡིག་གཟུགས་ལ་སོགས་པ་རང་རེའི་གསལ་བྱེད་ཉེར་བཞིའི་ཡིག་གཟུགས་གཉིས་འདྲ་བ་དང་། དེ་བཞིན་དུ་ཀ་མད་ཀྱི་གོ་རིམ་ཀྱང་འདྲ་བ། ང་རོ་དང་མཐར་གནས་ཀྱི་ཡི་གེ་འཇོག་ཚུལ་ཀྱང་འདྲ་བ། སྐྱེ་གནས་ཀྱི་གོ་རིམ་འགོད་ལུགས་ཀྱང་འདྲ་བའོ། །དེ་བཞིན་ལོ་ངོ་སྟོང་ཕྲག་གོང་གི་ཡིག་རྙིང་གཉིས་ཀྱིས་ཀྱང་བདེན་དཔང་བྱས་ཡོད་པ་ནི། དུས་རབས་བརྒྱད་པའི་ནང་ནས་བཟུང་། ལོ་ངོ་སྟོང་ཕྲག་ལྷག་ཙམ་བྲག་ཕུག་ཏུ་གཟིམ་ནས་ཕྱིས་ཀྱི་མཁས་པ་སུས་ཀྱང་ལག་ཐུག་རེག་མེད་པའི་ཏུན་ཧོང་གི་ཡིག་རྙིང་ལས། བོད་ལ་སྔ་ན་ཡི་གེ་མྱེད་པ་ཡང་། །བཙན་པོ་འདིའི་ཚེ་བྱུང་ནས། །བོད་ཀྱི་གཙུག་ལག་བཀའ་གྲིམས་ཆེད་པོ་དང་། །བློན་པོའི་རིམ་པ་དང་། ཆེ་ཆུང་གཉིས་ཀྱི་དབང་ཐང་དང་། ལེགས་པ་ཟིན་པའི་བྱ་དགའ་དང་། ཉེ་ཡོ་བའི་ཆད་པ་དང་། ཞིང་འབྲོག་གི་ཐུལ་ཀ་དང་དོར་ཀ་དང་། སླུངས་ཀྱི་གོ་བར་བསྙམ་པས་དང་། བྲེལ་ཕུལ་དང་། སྲོང་ལ་སྩོགས་པ། བོད་ཀྱི་ཆོས་ཀྱི་གཞུང་བཟང་པོ་ཀུན། བཙན་པོ་ཁྲི་སྲོང་བརྩན་གྱི་རིང་ལ་བྱུང་ངོ་། །མྱི་ཡོངས་ཀྱིས་བཀའ་དྲིན་དྲན་ཞིང་ཚོར་བས། སྲོང་བརྩན་སྒམ་པོ་ཞེས་མཚན་གསོལ་ཏོ། །ཞེས་དང་། དེ་བཞིན་དུ་ཐང་ཧྲུལ་རྙིང་པར་ཡུལ་དེར་ཡི་གེ་མེད་ཅེས་བྲིས་ཡོད་པ་དེ་ལ་སོགས་པ་རང་རེའི་ལོ་རྒྱུས་སུའང་ཐོན་མིས་བོད་ཡིག་གསར་གཏོད་མཛད་པའི་བདེན་དཔང་ནི་བརྗོད་ཀྱི་མི་ལངས་ཀྱང་འདིར་སྨྲོས་པར་དགོས་པ་དེ་ཙམ་མོ། །
འོ་ན་ཀ་མད་ཀྱི་གོ་རིམ་ཇི་ལྟར་འདྲ་བ་ཡིན་ཅེས་ན། རང་རེ་བོད་གངས་ཅན་པའི་སྐད་ལ་དགོས་མཁོ་མེད་པའི་ལེགས་སྦྱར་གྱི་ཡི་གེ་སྟེ་མཐུག་ཡིག་ལྔ་སྒྲ་གདངས་དང་བསྟུན་ནས་ཡིག་གཟུགས་གསར་བཟོ་གནང་བ་དང་། དེ་བཞིན་ལོག་ཡིག་ལྔ་མཐའ་ཟད་ཀྱི་ཡི་གེ་ཀྵ་དེ་རྣམས་ཕུད་པའི་རང་རེའི་གསལ་བྱེད་ཉེར་བཞི་འདི་རྣམས་ཀྱང་ལེགས་སྦྱར་གྱི་གསལ་བྱེད་ལྟར་གོ་རིམ་བསྟར་ཆགས་སུ་བསྒྲིགས་པ་དང་། དེ་བཞིན་གཟུགས་བསྒྱུར་གྱི་ཡི་གེ་གསུམ་དང་། གསར་དུ་བཟོས་པའི་ཡི་གེ་གསུམ་པོ་འདི་དག་ཀྱང་ལེགས་སྦྱར་གསལ་བྱེད་ཀྱི་འགྲོ་ལུགས་ལྟར་མཐར་གནས་ཀྱི་ཡི་གེའི་གོང་དུ་བཞག་ནས་མཐར་གནས་ཀྱི་ཡི་གེ་ཝ་དང་ཡ་གཉིས་རྗེས་སུ་བཞག་གནང་ཡོད། དེའང་གཟུགས་བསྒྱུར་གྱི་ཡི་གེ་གསུམ་ནི་ཅ་ཆ་ཇ་དེ་གསུམ་ལ་གསར་དུ་ཙ་ལག་དང་ཚ་ལག་དང་ཛ་ལག་གསུམ་ཁ་སྣོན་རྒྱབ་ཡོད།
འོ་ན་ཐོན་མིས་ཡི་གེ་དེ་གསུམ་གསར་བཟོ་མ་གནང་བར་གཟུགས་བསྒྱུར་བྱེད་དགོས་པའི་རྒྱུ་མཚན་ཅི་ཡིན་ཟེར་ན། རྒྱ་གར་དུ་ཡི་གེ་ཅ་ཆ་ཇ་དེ་གསུམ་ལ་ཀློག་ལུགས་ཁག་གཉིས་ཡོད་པ་ལས་མུ་སྟེགས་པ་དང་བྲམ་ཟེ་ལ་སོགས་པས་ཅ་ཆ་ཇ་རུ་འདོན་པ་དང་། ནང་པ་སངས་རྒྱས་པའི་རྗེས་འཇུག་པཎ་གྲུབ་རྣམས་ཀྱིས་ཙ་ཚ་ཛ་རུ་འདོན་གྱི་ཡོད་པས་ཡིན། དེ་བཞིན་སྔོན་གྱི་ཡིག་རྙིང་དང་། ཏུན་ཧོང་གི་ཡིག་ཆའི་ནང་དུ་འ་ལའང་ཙ་ལག་ཡོད་པ་དེའི་ཐོག་ནས་ཀྱང་ཐོན་མིས་ཙ་ནས་བཟུང་འ་ཡི་བར་གྱི་ཡི་གེ་དྲུག་པོ་དེ་དག་གསར་བཟོ་གནང་བ་ཡིན་པའི་བདེན་དཔང་ཞིག་བསྟན་ཡོད། འོ་ན་ཕྱིས་སུ་འ་ལ་ཙ་ལག་མ་བྲིས་པའི་རྒྱུ་མཚན་ཅི་ཡིན་ཟེར་ན་སྐད་གསར་བཅད་ཀྱི་སྐབས་སུ་འ་ཡི་ཙ་ལག་དེ་དོར་བར་སྙམ་མོ། །
དེ་བཞིན་དུ། ནང་པ་ཚོས་ཙ་ཚ་ཛ་རུ་འདོན་གྱི་ཡོད་པའི་སྒྲུབ་བྱེད་ནི། རང་རེའི་ལོ་པཎ་ཚོས་བསྒྱུར་གནང་བའི་བཀའ་བསྟན་གྱི་གཞུང་དང་། རྒྱ་ནག་གི་ལོ་ཙཱ་བ་ཚོས་བསྒྱུར་བའི་བཀའ་བསྟན་གྱི་གཞུང་། ལྷག་ཏུ་ལོ་ཙཱ་བ་གཞན་ལ་བསྟེན་མི་དགོས་པར་སྒྲ་རང་འགྱུར་དུ་བསྒྱུར་ནུས་པའི་མ་ཧཱ་པཎ་ཆེན་ཇོ་བོ་སྨྲྀ་ཏི་ཛྙཱ་ནའི་སྨྲ་སྒོ་མཚོན་ཆ་སོགས་དང་། བོད་ཀྱི་མཁས་པ་ཚོས་མཛད་པའི་ཐོན་མིས་བོད་ཡིག་གསར་གཏོད་གནང་ལུགས་ཀྱི་ལོ་རྒྱུས་ནང་དུ་བྱུང་བའི་ཅ་ཆ་ཇ་ལ་སོགས་པ་ཇི་ལྟར་གསར་བཟོ་གནང་བའི་གཏམ་རྒྱུད་ལས་ཀྱང་ཤེས་ནུས་སོ། །རྒྱུ་མཚན་ནི། ཕྱིས་ཀྱི་ལོ་ཙཱ་བ་རྣམས་འཕགས་ཡུལ་དུ་ཕེབས་པའི་སྐབས་སུ་ལེགས་སྦྱར་གྱི་ཡིག་གཟུགས་ཆེས་དར་ཁྱབ་ཆེ་བ་ནང་བསྟན་གྱི་རྗེས་འཇུག་པཎྜི་ཏ་རྣམས་ཀྱིས་དད་མོས་ཆེན་པོ་བྱེད་པའི་ཡི་གེ་འདི་ནི་ལཉྪ་དང་། ཝརྟུ་གཉིས་ཡིན་ཅིང་མ་ཟད། དེ་སྐབས་ཀྱི་མཁས་པ་པཎ་གྲུབ་རྣམས་ཀྱིས་ལོ་ཙཱ་བ་རྣམས་ལ་ཡིག་གཟུགས་འདི་གཉིས་ནི། ལེགས་སྦྱར་ཡིག་གཟུགས་ཀྱི་ཕྱི་མོ་སྟེ་ལྷ་དང་ཀླུའི་ཡི་གེ་རེད་ཅེས་གསུངས་པར་ཡིད་ཆེས་དང་། ལྷག་ཏུ་དུས་རབས་དེའི་སྐབས་སུ་ཚན་རྩལ་དེ་ཙམ་ལས་མེད་པའི་རྐྱེན་གྱིས་དེང་དུས་ལྟར་གྱི་འཛམ་གླིང་ཤེས་རིག་མཉམ་སྤྱོད་ཀྱི་དུས་རབས་མིན་པས་ཚངས་པའི་ཡིག་གཟུགས་དང་། ལིཙྪ་བཱིའི་ཡིག་གཟུགས། ཁ་རོ་སྠིའི་ཡིག་གཟུགས། ས་ར་དའི་ཡིག་གཟུགས། གུཔྟའི་ཡིག་གཟུགས། ཀ་དཾ་པའི་ཡིག་གཟུགས། ཁ་རོ་ཤི་ཊིའི་ཡིག་གཟུགས། ཤཱ་ར་དཱའི་ཡིག་གཟུགས་ལ་སོགས་པ་རྣམས་ལ་ལོ་ཙཱ་བ་ཚོས་དངོས་སུ་མཇལ་ཐུབ་མེད་པ་དང་། མ་ཚད་ནང་པའི་རྗེས་འཇུག་པཎ་གྲུབ་ཚོས་ཀྱང་རྒྱལ་བའི་གསུང་རབ་ཀློག་འདོན་བྱེད་སྐབས་སུ་ཅ་ཆ་ཇའི་སྒྲ་གདངས་མ་འདོན་པར་ཙ་ཚ་ཛ་རུ་འདོན་གྱི་ཡོད་པའི་རྐྱེན་གྱིས་ཕྱིས་ཀྱི་ལོ་ཙཱ་བ་ཚོའི་ཐུགས་ལ་ཐོན་མིས་བོད་ཡིག་གསར་བཟོ་གནང་སྐབས་སུ་ཅ་ཆ་ཇ་དང་ཞ་ཟ་འ་རྣམས་ཀྱི་ཡིག་གཟུགས་དེ་དག་གསར་བཟོ་གནང་བ་རེད་འདུག་དགོངས་ནས་མ་འོངས་གངས་ཅན་པའི་ན་གཞོན་སློབ་ལ་བརྩོན་པ་རྣམས་སྤྲོ་བ་ཡོང་ཆེད་དུ་ཇ་ཉོ་བའི་གཏམ་རྒྱུད་དེའང་མཛད་པ་ཡིན་ནོ། །རྒྱུ་མཚན་དེས་ན་སྔགས་ཀྱི་གཞུང་ནང་དུ་ཐོན་མི་དང་ལོ་པཎ་ཚོས་ཙ་ཚ་ཛའི་ཡིག་གཟུགས་རྣམས་བཞག་གནང་བ་དང་། བོད་ཡིག་གི་སྐབས་སུ་ཅ་ཆ་ཇ་ཡི་ཡིག་གཟུགས་དེ་དག་ལེགས་སྦྱར་ཡིག་གཟུགས་ཀྱི་འགྲོ་ལུགས་ལྟར་སྔོན་དུ་བཞག་གནང་ཡོད་པའི་དགོས་དོན་ཀྱང་དེ་ལྟར་རོ། །འོན་ཀྱང་དེང་གི་ཆར་མཁས་པ་ཚོ་ཞིག་གིས་སྔགས་ཡིག་གི་ཙ་ཚ་ཛ་རྣམས་སྒྲ་བསྒྱུར་ནས་ཅ་ཆ་ཇ་རུ་ལྗགས་ཀློག་བྱེད་མཁན་དེ་རྣམས་ཀྱི་དགོངས་པ་ལྟར་ན་སྔར་གྱི་ལོ་རྒྱུས་སྨྲ་བའི་མཁས་དབང་ཚོས་རང་རེའི་ན་གཞོན་བློ་གསར་སློབ་ལ་བརྩོན་པ་རྣམས་སྤྲོ་བ་འཕེལ་ཕྱིར་བྲིས་གནང་བའི་ཐོན་མིས་ཡི་གེ་གསར་བཟོ་གནང་སྐབས་ཀྱི་གཏམ་རྒྱུད་དེ་ཉིད་འདི་ལྟར་གྱི་བསྒྱུར་བཅོས་བྱེད་དགོས་པའི་ཚོད་དུ་གདའ་སྟེ། དེའང་ལེགས་སྦྱར་གྱི་ཡིག་གཟུགས་ལ་མེད་པའི་བོད་ཡིག་དྲུག་པོ་འདི་དག་གི་སྒྲ་གཟུགས་རྣམས་ཐོན་མིས་ཐུགས་དྲན་མ་གསོས་པར་ལམ་ཟུར་གྱི་སྤངས་ལྗོངས་ཞིག་ཏུ་ཁ་སྦུབ་ཏུ་ཉལ་ནས་བཞུགས་སྐབས་འཕེན་པོ་ནས་ཡིན་པའི་ཚོང་པ་ཕྱིང་ཞ༵་གྱོན་པ་ཞིག་མདུན་དུ་སླེབས་པར། ཐོན་མིས་མི་དེ་ལ་ཁྱོད་གང་དུ་འགྲོ་བཤད་པར་མི་དེས་ལན་བཏབ་པར་ང་ནི་ལྷ་ས་རུ་འགྲོ་ཟེར། ཡང་ཐོན་མིས་དོན་གང་གི་ཕྱིར་འགྲོ་བཤད་པར། མི་དེས་ལན་བཏབ་པར་ཟ༵་ཚ༵་དང་ཙ༵་སྨྱུག་ཉོ་རུ་འགྲོ་ཟེར། ཡང་ཐོན་མིས་མི་དེར་ནམ་ཐོན་འདྲིས་པར་མི་དེས་ཁྱིམ་ན་ཛ༵་དོན་ཆེ་བས་རེམས་ནས་འོ༵ངས་ཟེར། འདི་ལྟར་གྱི་གཏམ་རྒྱུད་བསྒྱུར་བཅོས་མ་བྱེད་ཀ་མེད་ཀྱི་གནས་སུ་ལྷུང་འདུག་གོ །
ད་ནི་འཕགས་པའི་ཡུལ་དུ་ཡིག་གཟུགས་རྣམས་དུས་རབས་གང་ལ་དར་ལུགས་ཀྱི་གསལ་བཤད་རང་གིས་མཐོང་ཐོས་བྱུང་བའི་ཡིག་གཟུགས་རྣམས་འདིར་འགོད་པ་ཡིན་ཏེ། ཐོག་མར་ལེགས་སྦྱར་ཡི་གེའི་གཟུགས་ཀྱི་ཨ་མའམ་ཕྱི་མོ་བྲམ་ཟེའི་ཡི་གེའམ་ཚངས་པའི་ཡི་གེ་འདི་ནི་ཕྱི་ལོའི་སྔོན་གྱི་ལོ་ཆིག་སྟོང་ཡས་མས་སུ་བྱུང་བ་དང་། དེ་ལས་མཆེད་པ་ལིཙྪ་བཱི་སྔོན་མའི་ཡིག་གཟུགས་དེ་དུས་རབས་གཉིས་པ་ནས་དུས་རབས་བདུན་པའི་བར་དུ་དར་བ། པྱུའི་ཡིག་གཟུགས་དེ་དུས་རབས་གཉིས་པ་ནས་དུས་རབས་དྲུག་པའི་བར་དུ་དར་བ། དབུས་ཨེ་ཤ་ཡའི་ཡིག་གཟུགས་དེ་དུས་རབས་གསུམ་པ་ནས་དུས་རབས་དྲུག་པའི་བར་དུ་དར་བ། ལིཙྪ་བཱི་ཕྱི་མའི་ཡིག་གཟུགས་དེ་དུས་རབས་གསུམ་པ་ནས་དུས་རབས་བདུན་པའི་བར་དུ་དར་བ། ཁ་རོ་སྠིའི་ཡིག་གཟུགས་དེ་དུས་རབས་བཞི་པ་ལ་དར་ནས་ཉམས་ཀྱང་ཕྱིས་སུ་ལི་ཡུལ་གྱི་ས་ཆར་དར་ཁྱབ་བྱུང་བ། ས་ར་དའི་ཡིག་གཟུགས་དེ་དུས་རབས་བཞི་པ་ནས་དུས་རབས་བདུན་པའི་བར་དུ་དར་བ། གུཔྟའི་ཡིག་གཟུགས་དེ་དུས་རབས་བཞི་པ་ནས་དུས་རབས་བརྒྱད་པའི་བར་དུ་དར་བ། ཀ་དཾ་པའི་ཡིག་གཟུགས་དེ་དུས་རབས་ལྔ་པ་ནས་ད་ལྟའི་བར་དུ་དར་བ། ཁ་རོ་ཤི་ཊིའི་ཡིག་གཟུགས་དེ་དུས་རབས་དྲུག་པ་ནས་དུས་རབས་དགུ་པའི་བར་དུ་དར་བ། སིདྡྷཾ་གྱི་ཡིག་གཟུགས་དེ་དུས་རབས་དྲུག་པ་ནས་དུས་རབས་བཅུ་པའི་བར་དུ་དར་བ། ག་རན་དྷའི་ཡིག་གཟུགས་དེ་དུས་རབས་དྲུག་པ་ནས་དུས་རབས་བཅུ་དགུ་པའི་བར་དུ་དར་བ། ཤཱ་ར་དཱའི་ཡིག་གཟུགས་དེ་དུས་རབས་བདུན་པ་ནས་དུས་རབས་བཅུ་པའི་བར་དུ་དར་བ། ཏུརྐི་ཙ་ཡི་ཡིག་གཟུགས་དེ་དུས་རབས་བདུན་པ་ནས་དུས་རབས་བཅུ་པའི་བར་དུ་དར་བ། སུ་གུ་དའི་ཡིག་གཟུགས་དེ་དུས་རབས་བདུན་པ་ནས་དུས་རབས་བཅུ་པའི་བར་དུ་དར་བ། ཀ་བིའི་ཡིག་གཟུགས་དེ་དུས་རབས་བརྒྱད་པ་ནས་དུས་རབས་བཅུ་དྲུག་པའི་བར་དུ་དར་བ། ཨུ་ཡ་གྷུར་གྱི་ཡིག་གཟུགས་དེ་དུས་རབས་བརྒྱད་པ་ནས་དུས་རབས་བཅོ་ལྔ་པའི་བར་དུ་དར་བ། ན་ག་རའི་ཡིག་གཟུགས་དེ་དུས་རབས་བརྒྱད་པ་ནས་དུས་རབས་བཅོ་ལྔ་པའི་བར་དུ་དར་བ། ཤཱ་ར་དཱའི་ཡིག་གཟུགས་དེ་དུས་རབས་བརྒྱད་པ་ནས་ད་ལྟའི་བར་དུ་དར་བ། མ་ལ་ཡ་ལམ་གྱི་ཡིག་གཟུགས་དེ་དུས་རབས་དགུ་པ་ནས་དུས་རབས་བཅུ་པའི་བར་དུ་དར་བ། ཀནྣ་ད་སྔོན་མའི་ཡིག་གཟུགས་དེ་དུས་རབས་བཅུ་པ་ནས་དུས་རབས་བཅུ་གསུམ་བར་དུ་དར་བ། ཤར་ཕྱོགས་ན་ག་རའི་ཡིག་གཟུགས་དེ་དུས་རབས་བཅུ་གཅིག་པ་ནས་ད་ལྟའི་བར་དུ་དར་བ། ལཉྪའི་ཡིག་གཟུགས་དེ་དུས་རབས་བཅུ་གཅིག་པ་ནས་ད་ལྟའི་བར་དུ་དར་བ། ཝརྟུའི་ཡིག་གཟུགས་དེ་དུས་རབས་བཅུ་གཅིག་པ་ནས་ད་ལྟའི་བར་དུ་དར་བ། དེ་བ་ན་ག་རའི་ཡིག་གཟུགས་དེ་དུས་རབས་བཅུ་གཉིས་པ་ནས་ད་ལྟའི་བར་དུ་དར་བ། ཀནྣ་ད་ཕྱི་མའི་ཡིག་གཟུགས་དང་ཏེ་ལུ་གུའི་ཡིག་གཟུགས་དེ་དུས་རབས་བཅུ་གསུམ་པ་ནས་ད་ལྟའི་བར་དུ་དར་བ། གུ་ཛ་རཱ་ཏཱིའི་ཡིག་གཟུགས་དེ་དུས་རབས་བཅུ་དྲུག་པ་ནས་ད་ལྟའི་བར་དུ་དར་བ། གུརྨུ་ཁཱིའི་ཡིག་གཟུགས་དེ་དུས་རབས་བཅུ་དྲུག་པ་ནས་ད་ལྟའི་བར་དུ་དར་བ། ཀཻ་ཐཱིའི་ཡིག་གཟུགས་དེ་དུས་རབས་བཅུ་དྲུག་པ་ནས་དུས་རབས་ཉི་ཤུ་པའི་བར་དུ་དར་བ། ཁ་རོ་སྠིའི་ཡིག་གཟུགས་དེ་ལི་ཡུལ་གྱི་ས་ཆར་དུས་རབས་བཅུ་དགུ་པ་ནས་དུས་རབས་ཉི་ཤུ་པའི་བར་དུ་དར་རོ། །གོང་གི་ཡིག་གཟུགས་དར་ལུགས་དེ་རྣམས་ནི་འཛམ་གླིང་གི་སྐད་བརྡ་རིགས་པའི་ཞིབ་འཇུག་པ་རྣམས་ཀྱིས་ཞིབ་འཇུག་བྱས་པའི་གྲུབ་འབྲས་ཤིག་ཡིན་ནོ། །
ད་ནི་ཡིག་གཟུགས་རྣམས་ཇི་ལྟར་མཆེད་པའི་ཚུལ་ལ། ཚངས་པའི་ཡི་གེ་ནས་ལིཙྪ་བཱི་སྔོན་མའི་ཡི་གེ་མཆེད། ལིཙྪ་བཱི་སྔོན་མའི་ཡི་གེ་ནས་བོད་ཡིག་དང་། ལིཙྪ་བཱི་ཕྱི་མའི་ཡི་གེ །གུཔྟའི་ཡི་གེ །ཀ་དམ་པའི་ཡི་གེ །ཀ་ལིངྒའི་ཡི་གེ །ཝཏྟེ་ལུཏྟའི་ཡི་གེ །གྲནྠའི་ཡི་གེ་རྣམས་མཆེད། ལིཙྪ་བཱི་ཕྱི་མའི་ཡི་གེ་ནས་སིདྡྷཾ་གྱི་ཡི་གེ་མཆེད། གྲནྠའི་ཡི་གེ་ནས་མ་ལ་ཡ་ལམ་གྱི་ཡི་གེ་མཆེད། གུཔྟའི་ཡི་གེ་ནས་ས་ར་དའི་ཡི་གེ་དང་ན་ག་རའི་ཡི་གེ་གཉིས་མཆེད། ས་ར་དའི་ཡི་གེ་ནས་ལན་དའི་ཡི་གེ་དང་ཏ་ཀྲིའི་ཡི་གེ །ཀ་ཤྨི་རིའི་ཡི་གེ་མཆེད། ལན་དའི་ཡི་གེ་ནས་གུརྨུ་ཁིའི་ཡི་གེ་མཆེད། གུརྨུ་ཁིའི་ཡི་གེ་ནས་ཤཱ་ར་དཱའི་ཡི་གེ་མཆེད། ན་ག་རའི་ཡི་གེ་ནས་ལཉྪའི་ཡི་གེ་དང་བེན་ག་ལིའི་ཡི་གེ །ཤར་ཕྱོགས་ན་ག་རའི་ཡི་གེ །དེ་བ་ན་ག་རའི་ཡི་གེ་རྣམས་མཆེད། བེན་ག་ལིའི་ཡི་གེ་ནས་ཨོ་རི་ཡའི་ཡི་གེ་མཆེད། ཤར་ཕྱོགས་ན་ག་རའི་ཡི་གེ་ནས་ཝརྟུའི་ཡི་གེ་མཆེད། དེ་བ་ན་ག་རའི་ཡི་གེ་ནས་གུ་ཛ་ར་ཏིའི་ཡི་གེ་མཆེད། གུ་ཛ་ར་ཏིའི་ཡི་གེ་ནས་མོ་དིའི་ཡི་གེ་མཆེད། ཀ་དམ་པའི་ཡི་གེ་ནས་ཨོཏྐནྣ་དའི་ཡི་གེ་དང་ཀནྣ་དའི་ཡི་གེ །ཏེ་ལུ་གུའི་ཡི་གེ་མཆེད་པའོ། །གོང་གི་ཡི་གེ་མཆེད་ཚུལ་འདི་རྣམས་ནི་འཛམ་གླིང་སྐད་བརྡ་རིག་པའི་མཁས་པ་ཚོས་གསུངས་པ་ཞིག་ཡིན། བོད་ཡིག་དང་། ལཉྪ། ཝརྟུ། སིདྡྷཾ་གྱི་ཡི་གེའི་མཆེད་ཚུལ་གྱི་ཡིག་ཆ་དེ་སྔ་ཁོ་བོས་མ་མཐོང་བ་ལ་བརྟེན་ནས་རང་ཉིད་ཀྱིས་རྣམ་པར་དཔྱོད་པའི་ཤེས་རབ་ཀྱིས་ཧིན་དྷུའི་སྐད་ཁྱིམ་ཁག་ནས་ཇི་ལྟར་བརྒྱུད་ལུགས་དང་། དུས་རབས་ཀྱི་བརྒྱུད་ལུགས། ས་ཕྱོགས་ཀྱི་བརྒྱུད་ལུགས། ཡིག་གཟུགས་ཀྱི་བརྒྱུད་ལུགས། རིག་གནས་ཀྱི་བརྒྱུད་ལུགས་ལ་སོགས་པའི་རིག་པའི་གཞུང་ལུགས་ལ་བརྟེན་ནས་དཔྱད་ཁུལ་ལགས་པས། འོན་ཀྱང་རང་རིགས་ན་གཞོན་བློ་གྲོས་ཀྱི་ལང་འཚོ་གསར་དུ་རྒྱས་ཤིང་ཐོས་དཔྱོད་བསམ་པའི་ཤེས་རབ་ཀྱི་འདབ་མ་ཡོངས་སུ་རྫོགས་པའི་མཁས་དབང་ཚོས་ཀྱང་དཔྱད་གསུམ་རྣལ་མའི་རིགས་ལམ་ལ་བརྟེན་ནས་མུ་མཐུད་དེ་དཔྱད་པར་འཚལ་ལོ། །
འབྲེལ་ཡོད་འོས་སྦྱོར།