ཏུན་ཧོང་ཡིག་རྙིང་ཁྲོད་ཡོད་པའི་རྫོགས་པ་ཆེན་པོའི་བསྟོད་པ་ངོ་སྤྲོད།
རྩོམ་པ་པོ།:ར་སེ་དཀོན་རྒྱམ།
ཡོང་ཁུངས།:ལུག་ཚང་དཔལ་ཡོན་འཕྲིན་སྟེགས།
དུས་ཚོད།:2022-04-25
ཀློག་གྲངས།:
ད་ཡོད་བོད་ཀྱི་གནའ་དཔེའི་ཁྲོད་དུ་ཆེས་སྔ་ཤོས་ནི། ཏུན་ཧོང་ནས་ཐོན་པའི་བོད་ཡིག་ཤོག་དྲིལ་གྱི་གནའ་དཔེ་རྣམས་ཡིན་པས། དེ་དག་ཕལ་མོ་ཆེ་ནི་བཙན་པོའི་དུས་རབས་ཀྱི་ནང་དང་། བཙན་པོའི་དུས་རབས་ཀྱི་མཇུག་ཏུ་བྲིས་པ་ཡིན་པར་ཆ་འཇོག་བྱེད་ཀྱི་ཡོད་ལ། ཕྱིས་ཀྱི་མཁས་བླུན་གྱི་སོར་རྩེས་བཅོས་ལྷད་མ་ཕོག་པ་རྣལ་མའི་རང་བཞིན་དུ་ཡོད་པས་ན། བོད་ཙམ་མ་ཟད་རྒྱལ་ཁབ་ཕྱི་ནང་གི་བོད་ཀྱི་ལོ་རྒྱུས་རིག་གནས་ཞིབ་འཇུག་པ་རྣམས་ཀྱི་ཚད་མཐོའི་རང་བཞིན་གྱི་ཁུངས་སུ་མཛད་ཀྱི་ཡོད་དོ། །
དེས་ན་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་དཔར་དུ་བཏབ་ཏེ་འགྲེམ་སྤེལ་གནང་པའི་དཔེ་ཚོགས་ཏེ། ཧྥ་རན་སིར་ཉར་བའི་ཏུན་ཧོང་ཡིག་རྙིང་གི་བཤུས་ཡིག་ཕྱོགས་བསྒྲིགས་ཞེས་པའི་དཔེ་ཚོགས་ལས། དེབ་ལྔ་པའི་ཤོག་ངོས༡༡༡ནས་ཤོག་ངོས༡༡༣བར་ལ། རྫོགས་ཆེན་ལ་བསྟོད་པ་ཞེས་པའི་བསྟོད་པ་ཚིགས་སུ་བཅད་པ་འདི་བཞུགས་སྣང་བས། དེའི་བརྗོད་བྱ་ཡང་། ཡེ་ནས་ལྷུན་གྲུབ་རྫོགས་པ་ཆེན་པོའི་ཆོས། །ཞེས་པས་ཚིག་སྣ་དྲངས་ཏེ། འདི་ནི་དཔལ་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བའི་དགོངས་པ། གསང་བ་འདུས་པའི་སྙིང་པོར་གྱུར་པའི་རྒྱུད་གསང་བ་སྙིང་པོའི་ལྟ་གྲུབ་ཡིན་ཚུལ་གསལ་པོར་བསྟན་འདུག་པའི་ཕྱིར། རྒྱུད་གསང་བ་སྙིང་པོ་ནི་བཙན་པོ་ཁྲ྄ི་ལྡེ་སྲོང་བཙན་དང་ཁྲི་རལ་པ་ཅན་གྱི་སྐུ་རིང་ལ། འཕགས་ཡུལ་གྱི་པན་ཌི་ཏ་ཆེན་པོ་བི་མ་ལ་མི་ཏྲའི་ཞལ་སྔ་ནས་བོད་ཀྱི་ལོ་ཙཱ་བ་ཆེན་པོ་གཉགས་ཡེ་ཤེས་གཞོན་ནུ་སོགས་ཀྱིས་བོད་སྐད་དུ་བསྒྱུར་གནང་བ་ཡིན་པས། སྔགས་རྙིང་མའི་གཞུང་ལུགས་གཙོ་བོ་མདོ་སྒྱུ་སེམས་གསུམ་གྱི་ཡ་གྱལ་ཡང་ཡིན་པའི་ཕྱིར་རོ། །
དེའི་ཕྱིར་ཏུན་ཧོང་གི་ཡིག་རྙིང་འདི་ཡིས་རྫོགས་པ་ཆེན་པོ་ནི་བསྟན་པ་སྔ་དར་གྱི་སྐབས་སུ་བསྒྱུར་བའི་སྔགས་ཀྱི་ལྟ་གྲུབ་ཡིན་པར་གྲགས་པ་དེ་ཉིད་དོན་ལ་གྲུབ་པའམ་གནས་པའི་དཔང་པོ་ཡང་དག་པར་བྱས་འདུག་པས། བོད་རིག་པའི་ཞིབ་འཇུག་པ་མཁས་པ་ཚད་མ་རྣམས་ལ་ངོ་སྤྲོད་ཞུ་ག་ལ་དགོས་ཏེ་མི་དགོས་མོད། རང་མཉམ་གནའ་དེང་དཔེ་ཀློག་ལ་དགའ་ཞིང་། ལྷ་སྒྲུང་ཙམ་ལ་ཞེན་པ་མ་ཡིན་པར་མི་ཡུལ་གྱི་ལོ་རྒྱུས་དངོས་ལ་འཇུག་པར་སྤྲོ་བ་དག་དགྱེས་པ་བསྐྱེད་ཕྱིར་ངོ་སྤྲོད་ཞུས་པ་ཙམ་སྟེ། དེང་དུས་དྲ་ལམ་སོགས་སུ་རྫོགས་ཆེན་གྱི་རྩ་བའི་ཁུངས་དང་། དེའི་རྣམ་གཞག་གི་འཕེལ་འགྱུར་གྱི་རིམ་པ་ཚན་རིག་དང་མཐུན་པ་སྨྲ་མཁན་ཧ་ཅང་དཀོན་ལ། ཁ་ཅིག་ནི་དད་པ་གཙོ་བའི་སྒོ་ནས་མ་བརྟག་མ་དཔྱད་པར་བར་སྐབས་ཀྱི་བཤད་སྒྲོས་རྙིང་པ་འགའ་འུར་བཞིན་པ་དང་། ཁ་ཅིག་ནི་ལོ་རྒྱུས་རིག་པ་ཇི་་བཞིན་མ་ངེས་པར། མཁས་པའི་འཁུར་བཟུང་སྟེ་འཁྱོག་བཤད། སྤོམ་བཤད། ཚོད་བཤད། ལོག་བཤད། ལོང་བཤད་སོགས་ལ་འབྱམས་ཞིང་མུ་ཅོར་སྨྲ་བ་མང་དུ་མཐོང་བས། དང་པོའི་ལས་ཅན་དག་རི་བོང་ཅལ་འདྲོགས་མི་བྱེད་པའི་རྐྱེན་བཟང་དུ་འགྱུར་བར་ཕན་ཐོགས་པར་འགྱུར་བའི་ཡིད་ཆེས་ཡོད་དོ། །འདིར་ཏུན་ཧོང་ཡིག་རྙིང་ཤོག་དྲིལ་རིགས་དེང་གི་གློག་རྡུལ་ཡིག་གཟུགས་སུ་ཕབ་ཅིང་ཞུས་དག་པ། དེབ་གཟུགས་སུ་བསྐྲུན་པ་པར་དུ་བླངས་ཏེ་འདྲེན་བྱེད་ལམ་དུ་མཆོད་པར་བཤམས་ཏེ། ཀུན་གྱིས་བདེ་བླག་ཏུ་མཇལ་ཞིང་སྤེལ་ནུས་པ་འདི་ནི། ཚན་རིག་མཁན་པོའི་འཕྲུལ་ལས་ཀྱི་ནུས་དྲིན་ཉག་གཅིག་ཡིན་པའི་ངེས་ཤེས་དང་། བར་ལམ་གྱི་གྲུབ་མཐའི་འཐེན་འཁྱེར་གྱི་བཤད་བསྒྲོས་འཁྱོག་པོ་ཙམ་ལ་ཡིད་མ་རྟོན་པར། དོན་གྱི་གནས་ལུགས་དངོས་ལ་འཇུག་པ་ནི་རང་གི་རྣམ་དཔྱོད་རང་ཚུགས་ཅན་དུ་བསྒྲུབ་པའི་ཐབས་ཡང་དག་ཡིན་པས། ཁོ་བོའི་དཔེ་ཀློག་གི་འབྲས་བུ་ཉུང་ངུ་འདི་ཡང་བོད་རིག་པའི་ཉམས་ཞིབ་ཀྱི་ཞབས་ཏོག་ཏུ་གྲུབ་པར་ངེས་སོ། །
༢༠༢༢/༤/༢༣
འབྲེལ་ཡོད་འོས་སྦྱོར།