logo

༄༅། །སྤུ་རྒྱལ་བཙན་པོའི་བང་སོའི་སྐོར་གྱི་བརྗེད་ཐོ།

རྩོམ་པ་པོ།:བན་ཤུལ་དཔལ་མཁར་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ། དུས་ཚོད།:2022-05-07 ཀློག་གྲངས།:
༄༅། །སྤུ་རྒྱལ་བཙན་པོའི་བང་སོའི་སྐོར་གྱི་བརྗེད་ཐོ།
བན་ཤུལ་དཔལ་མཁར་རྒྱལ།

        སྤུ་རྒྱལ་བཙན་པོའི་དུས་སུ་དགེ་བརྗོད་སྒོ་མོ་རྣམ་བཞི་ཞེས་པ་ཞིག་ཡོད། སྒོ་བཞི་ནི་བང་སོ་དང་སྐུ་མཁར། ལྷ་ཁང་། རྡོ་རིང་བཅས་ལ་ཟེར། དེ་དག་ནི་སྤུ་རྒྱལ་བཙན་པོ་རྣམས་ཀྱི་མཛད་མདོ་ཡི་ཆེ་བ་བརྗོད་པའི་སྒོ་མོ་ལྟ་བུ་ཡིན་ཞེས་གསུངས་ཡོད། འདིར་དེའི་ཡ་གྱལ་བང་སོའི་སྐོར་གང་དྲན་བརྗེད་ཐོར་འགོད་རྒྱུ་ཡིན།
འཕྱོངས་རྒྱས་བཙན་པོའི་བང་སོའི་ཚོགས།
        དེ་ལ་བང་སོ་ཞེས་པའི་ཐ་སྙད་འདི་ནི། བཙན་པོ་གང་ཞིག་འདས་པའི་ཚེ་ན། དེར་བདག་པའི་བང་ཟ་ཕྱུགས་ནོར་རྒྱས་བཏབ་ནས་སྦས་པའི་སོ་ཁང་གི་དོན་ཡིན། དེ་གསལ་བྱེད་ཀྱི་མཚན་གཞི་ལ། «བླ་དགོངས»ལས། སྲས་ཀྱིས་ཡར་ལུང་སྨུག་རི་རུ།། བམ་པོ་བརྩེགས་པའི་ཡབ་ཡུམ་སྤུར།། གསེར་བྱུག་དངུལ་གྱི་གའུར་བཅུག། བང་སོ་བྲེ་མིག་དགུ་བ་ཡི།། དབུས་མར་གསེར་གྱི་ཁྲི་ལ་བཞུགས།། གསེར་དངུལ་གཡུ་སོགས་བྲེ་ཁལ་རེ།། རྒྱལ་པོའི་དཀོར་ནོར་སྤྱན་སྔར་སྤུངས།། ཞེས་འབྱུང་བ་ལྟར་ཡིན་ལ། རྒྱལ་པོའི་བང་ཟ་ཕྱུགས་ནོར་རྣམས་ནི་བཞུ་མི་བཞུའི་ཁམས་ཀྱི་རིན་པོ་ཆེ་སྣ་ཚོགས་དང་། བཙན་པོ་འཇིག་རྟེན་འདིར་བཞུགས་པའི་དུས་སུ། གང་དེའི་བྱ་བྱེད་གནས་གསུམ་ལ་འབྲེལ་བའི་ཉེར་མཁོའི་ཅ་ལག་རྩ་ཆེ་བ་དག་ཡིན་པས། རང་དགར་དུར་གྱི་སོ་ཁང་ཙམ་ལ་བཞག་པས་མི་ཆོག་པར་སྲུང་དགོས་པ་ཡིན། དེ་ཡང«བླ་དགོངས»ལས། མི་ཤིག་རྒྱ་རིམ་བདུན་གྱིས་བཏབ།། བློན་པོ་ཀུན་གྱིས་བང་སོ་སྲུང་།། གཤིན་པོའི་ཚུལ་བཟུང་སྤུར་འབངས་མངོས།། མི་ཁྱུར་ནལ་བུད་གསོན་གཤིན་བྱེད།། རྒྱལ་རྒྱུད་གསོན་དང་མི་འཕྲད་ཅིང་།།ཞེས་བཙན་པོའི་བང་སོ་སྲུང་མཁན་རྣམས་ནི་མི་ཚེ་གང་བོར་བང་སོ་དང་ཁ་ཕྲལ་མི་ཆོག་ཅིང་། གསོན་པོའི་དུས་སུ་མི་ཁྱུར་འཁྱམ་མི་ཆོག་ཕྱིར། གང་ཟག་དེ་དག་གི་མིང་ལ་དུར་སྲུང་གཤིན་པོ་ཞེས་འདོགས་པ་ཡིན། བཀས་བཅད་ཅིང་རྒྱས་བཏབ་པའི་བང་སོའི་ནང་དུ། མི་གཞན་གྱི་ཕྱུགས་ཟོག་སོགས་སོང་ན་ཕྱིར་ཡོང་མེད་པར་དུར་སྲུང་གཤིན་པོ་ལ་བདག་པ་ཡིན།
        བཙན་པོའི་བང་སོ་འདི་དག་འཆར་ཅན་གྱིས་མཆོད་དགོས་པ་ཡིན། མཆོད་ཚུལ་ཡང«བླ་དགོངས»ལས། མཆོད་དུས་གུང་ལ་གཤེགས་པ་ཡི།། རྒྱལ་གྱི་ཉིན་པར་བང་སོ་མཆོད།། རྒྱལ་པོ་འདས་དུས་གང་ཡིན་པ།། རྒྱལ་རྒྱུད་རྗེ་འབངས་འཁོར་བཅས་ཀྱིས།། ལོངས་སྤྱོད་སྤྱན་གཟིགས་སྣ་ཚོགས་སྟེ།། བཞེངས་ཀྱི་ལྷ་ཁང་ནང་བྱོན་ནས།། དུང་བུད་དབང་པོའི་དྲུང་བཏང་ནས།། སང་ཉིན་བང་སོ་མཆོད་པ་ཡིན།། ཞེས་བཙན་པོ་གང་ཞིག་གཤེགས་པའི་ཉིན་དེར་དེའི་བང་སོ་མཆོད་དགོས་པ་ཡིན། དེའི་ཉིན་སྔོན་མར་དུང་བུས་ནས་དུར་སྲུང་གཤིན་པོ་ལ་བརྡ་བཏང་སྟེ། སང་ཉིན་བང་སོ་མཆོད་པར་གྲ་སྒྲིག་བྱས་ཏེ་བང་སོ་དངོས་སུ་མཆོད་པ་ཡིན། བང་སོ་མཆོད་ཚུལ་གྱི་མཚན་གཞི་གཞན་ཞིག་ལ། «བཀའ་ཐང་སྡེ་ལྔ»ལས་སྲོང་གི་བང་སོ་མཆོད་པའི་ལེ་ཚན་དེར་བལྟ་བར་བྱའོ།།
        སྤུ་རྒྱལ་བཙན་པོའི་དུས་སུ། བང་སོ་ཆེ་བའི་ཡོན་ཏན་ཞེས་ཤིན་ཏུ་མཐོང་ཆེན་པོར་བརྩི་བ་དང་། དེ་ལ་ཆེད་དུ་རྒྱལ་རབས་རིམ་བྱུང་གི་བང་སོའི་ལོ་རྒྱུས«གསང་བ་ཡང་ཆུང»ཞེས་པའང་བྲིས་ཡོད། བང་སོའི་ནང་བང་ཟ་ཕྱུགས་ནོར་གྱི་རིན་པོ་ཆེ་སྣ་ཚོགས་བཞུགས་ཡོད་ཅིང་། དེ་རྒྱས་བཏབ་ནས་ཡོད་ཕྱིར་གསང་བ་ལས་ཀྱང་གསང་བ་བྱེད་དགོས་པ་ན། དོན་ཐོབ་ཀྱི་མཚན་བྱང་ལའང«གསང་བ་ཡང་ཆུང»ཞེས་བཏགས་ཡོད། དེ་ལ་ཁམས་པའི་དགེ་བཤེས་ལྡེའུ་ཡི་ཆོས་འབྱུང་ལས། ཅན་ལྔ་ལོག་དང་དྲུག་གསང་བ་ཡང་ཆུང་ཕྱེད་དང་བདུན་ཞེས། བང་སོའི་ལོ་རྒྱུས«གསང་བ་ཡང་ཆུང»ཞེས་པ་ནི། ལོ་རྒྱུས་གྲགས་ཅན་ལྔའི་ནང་དུ་འཇོག་སྐབས་ཕྱེད་དུ་བརྩིས་ནས་བཞག་པ་ཡིན་ཞེས་གསུངས་ཡོད། དེའི་གོ་དོན་ནི། འབྲས་སྤུངས་གནས་བཅུ་ལྷ་ཁང་གི་ཕྱག་དཔེ«ཆོས་འབྱུང་གསལ་བྱེད་མི་ཐུར་གྱི་འགྲེལ་བ»རུ། གསང་བ་ཡང་ཆུང་ཕྱེད་དུ་བཞག་པ་ནི། རྗེ་སྤྲོས་ནས་གཤིན་བང་སོ་བཏབ་པའི་རབས་ཡིན་པས་ཕྱེད་དུ་འཇོག་པ་ཡིན། ཞེས་འགྲེལ་ཡོད། དོན་ལ་བང་སོ་ནི་བཙན་པོ་འདས་རྗེས་ཀྱི་གཤིན་པོའི་ཆེ་བ་དང་ཡོན་ཏན་བརྗོད་པའི་རབས་ཡིན་པས། མཛད་པ་དངོས་ཀྱི་ནང་དུ་ཕྱེད་ཙམ་གྱི་ངོ་བོར་བཞག་པ་ཡིན་ནམ་དཔྱད་གཞི། གང་ལྟར«གསང་བ་ཡང་ཆུང»གི་དཔེ་རྒྱུན་བཞུགས་མེད་ནའང་། ཕྱིས་ཀྱི་རྒྱལ་པོར་མང་པོར་དཔེ་ཆ་དེ་ལུང་འདྲེན་བྱས་ཡོད། དེར་བརྟག་ན་དཔེ་ཆ་དེ་ཚིགས་བཅད་ཀྱི་དཔེ་ཆ་ཞིག་ཡིན་པ་ཤེས་ནུས་སོ།། གུས་པས་རྒྱལ་རབས་ལོ་རྒྱུས་སྣ་ཚོགས་སུ«གསང་བ་ཡང་ཆུང»གི་ལུང་དུ་དྲངས་པ་རྣམས་ཚུར་བཏུས་ནས་བསྒྲིགས་ཡོད། ཡིན་ནའང་། འདི་ནི«གསང་བ་ཡང་ཆུང»གི་ཕྱི་མོ་དངོས་ཡིན་པར་གཟུང་མི་རིགས་སོ།། 
ཁྲི་བདུན་བང་སོ་ནམ་མཁའི་དབྱིངས་ལ་བཏབ།།
ལྷ་ཡི་ལུས་ལ་རོ་མེད་འཇར་ལྟར་ཡལ།།
སྟེང་གཉིས་བང་སོ་རྫ་དང་སྤང་ལ་བཏབ།།
ལག་དཔོན་རུ་ལས་སྐྱེས་ཀྱི་བུ་ཡིས་བྱས།།
ལྡེ་བརྒྱད་བང་སོ་ཆུ་ཡི་གཞུང་ལ་བཏབ།།
མཚོ་ལ་ཁ་བ་བབས་པ་འདྲའོ་སྐད།།
བཙན་ལྔ་མན་ཆད་བང་སོ་ཡུལ་དུ་བཏབ།།
ཡུལ་གྱི་མིང་ནི་འཕྱོང་རྒྱས་ང་ར་ཐང་།།
བཙན་ལྔའི་མཆད་པ་ས་ཕུང་སྦྲ་འདྲ་ཡོད།།
ཕུལ་མེད་མཆད་པ་གྲུ་བཞི་མི་ཤེས་སྐད།།
འབྲོ་གཉན་ལྡེ་རུའི་བང་སོ་ཞང་མདར་བརྩིགས།།
རྗེ་འབངས་གསུམ་ཀ་གསོན་པོར་བང་སོར་གཤེགས།།
གཉན་གཟིགས་བང་སོ་དོན་མཁར་མདའ་རུ་བརྩིགས།།
གྲལ་ནི་ཁྲི་གཉའི་གོང་ངོས་གཡོན་ན་ཡོད།།
དེ་ཡང་ཕུལ་མེད་ས་ཕུང་བདལ་འདྲ་ཡོད།།
སྟག་གུའི་ལྐོག་ནས་འབྲོ་བཟའ་སྨུན་བཙན་དང་།།
མོན་བུ་རྒྱལ་མཚན་གཉིས་ཀྱི་བང་སོ་ཡོད།།
གནམ་རུའི་མཆད་པ་དོན་མཁར་མདའ་རུ་བརྩིགས།།
གྲལ་ནི་ཁྲི་སྙན་གཟུང་བཙན་གཡས་ན་ཡོད།།
བང་སོའི་ཕུལ་སྐྱེད་བརྩིགས་པ་སོག་ཁང་ཡོད།།
མིང་ཡང་གུང་རི་སོག་ཁང་ལགས་སོ་སྐད།།
སྲོང་བཙན་བང་སོ་འཕྱོང་པོའི་མདའ་རུ་བརྩིགས།།
ཆེ་ཆུང་ཚད་ནི་དཔག་ཆེན་མདའ་རྒྱང་གང་།།
ནང་ན་ལྷ་ཁང་ལྔ་ཡང་བཞུགས་སོ་སྐད།།
བང་སོ་ནང་རྒྱན་ཅན་དུ་གྲགས་པ་ཡིན།།
བང་སོ་གྲུ་བཞིར་བརྩིགས་པ་དེ་ནས་བྱུང་།།
མིང་ཡང་སྨུ་རི་སྨུག་པོ་ལགས་སོ་སྐད།།
གུང་སྲོང་བང་སོ་དོན་མཁར་མདའ་རུ་བརྩིགས།།
གྲལ་ནི་གནམ་རི་སྲོང་བཙན་གཡོན་ན་ཡོད།།
མིང་ནི་གུང་རི་གུང་ཆེན་ལགས་སོ་སྐད།།
མང་སྲོང་བང་སོ་གནམ་རུའི་གཡོན་ན་ཡོད།།
མིང་ནི་སྔོ་བཞེར་ཧྲལ་པོ་ཞེས་བྱ་ལགས།།
འཕྲུལ་རྒྱལ་བང་སོ་མང་སྲོང་གཡོན་ན་ཡོད།།
མིང་ནི་སེང་གེ་བརྩེགས་པ་ཅན་ནོ་སྐད།།
བང་སོ་འདི་ཉིད་ལྕགས་རིས་བསྐོར་ནས་ཡོད།།
ཧོར་གྱི་མི་སྡེས་བརྩིགས་པ་ལགས་སོ་སྐད།།
ཨག་ཚོམ་བང་སོ་མུ་ར་རི་ལ་བརྩིགས།།
གྲལ་ནི་འཕྲུལ་གྱི་བང་སོའི་གཡོན་ན་ཡོད།།
མིང་ནི་ལྷ་རི་གཙུག་ནམ་ཞེས་བྱ་ལགས།།
ལྡེའུ་བཙན་བང་སོ་རི་ལ་བརྩིགས།།
གྲལ་ནི་ཡབ་ཀྱི་རྒྱབ་ངོས་གཡས་ན་བཞུགས།།
ཡབ་ཀྱི་འོད་པ་སྲུང་བ་ལགས་སོ་སྐད།།
དེ་ནི་མ་དྲངས་པ་ནས་ཉིད་ཀྱིས་བརྩིགས།།
མིང་ནི་འཕྲུལ་རི་གཙུག་སྣང་བྱ་བར་བཏགས།།
བང་སོ་ཕྱི་རྒྱ་ཅན་ཞེས་གྲགས་པ་ཡིན།།
རྩ་ན་རྡོ་རིང་ཡི་གེ་ཅན་ཞིག་ཡོད།།
ཁུ་ཆེན་མུ་ནེ་བཙན་པོའི་བང་སོ་ནི།།
ཨག་ཚོམ་བང་སོའི་གཡས་ངོས་མདུན་ན་ཡོད།།
མིང་ནི་ལྷ་རི་འདེམ་བུ་ལགས་སོ་སྐད།།
མུ་ཏིག་བང་སོ་དོན་མཁར་མདའ་ན་ཡོད།།
མིང་ནི་སྐྱ་རི་སྐྱ་ལྡེམ་ལགས་སོ་སྐད།།
རྒྱལ་ཆེན་བང་སོ་འཕྲུལ་རྒྱལ་མདུན་ན་ཡོད།།
ཡུམ་གྱིས་ཆབ་གང་སྐོང་བས་ནངས་ཀྱིས་མཐོང་།།
མིང་ནི་རྒྱལ་ཆེན་འཕྲུལ་རི་ལགས་སོ་སྐད།།
ཁུ་ཆེན་རལ་པ་ཅན་གྱི་བང་སོ་ནི།།
དོན་མཁར་མདའ་ཡི་གཡོན་གྱི་ཕྱོགས་ན་ཡོད།།
མིང་ནི་ཁྲི་སྟེངས་རྨང་རི་ལགས་སོ་སྐད།།
དར་མའི་གྲལ་ནི་འཕྲུལ་དང་རྒྱ་ཆེན་བར།།
མིང་ནི་བང་རིམ་འཁོར་ལོ་ཀུན་ཞེས་གྲགས།།
བང་སོ་བརྩིགས་ཏེ་འཕྲོ་རུ་ལུས་ཞེས་གྲགས།།
འོད་སྲུང་གྲལ་ནི་འཕྲུལ་རྒྱལ་རྒྱབ་ན་ཡོད།།
མིང་ནི་སྐྱེའུ་ལྷ་རྟེན་ལགས་སོ་སྐད།།
འདི་ནས་བང་སོ་བརྩིགས་པ་ནུབ་སྐད་དོ།།
        ཞེས་གོང་དུ་བཀོད་པའི«གསང་བ་ཡང་ཆུང»གི་ལུང་དོན་རྣམས་ལ་བརྟག་ན། སྤུ་རྒྱལ་བཙན་པོའི་བང་སོ་ནི། གནམ་གྱི་བང་སོ། ས་ཡི་བང་སོ། ཆུ་ཡི་བང་སོ་ཞེས་རིགས་གསུམ་དབྱེ་ནུས་ལ། གནམ་གྱི་བང་སོ་ནི་གནམ་གྱི་དམུ་ཐག་ལ་འཇུས་ནས་གནམ་དུ་ཕྱིན་པར་བཤད་ཅིང་། ལ་ལས་འཇའ་ལུས་སུ་གྲུབ་པར་ཡང་ངོས་འཛིན་བྱས་ཡོད། ས་ཡི་བང་སོ་ནི་དྲི་གུམ་བཙན་པོའི་དུས་ནས་བཟུང་བང་སོ་རྫ་དང་སྤང་ལ་འདེབས་པར་གོ་དགོས། ཡང་ལྡེ་བརྒྱད་ཀྱི་བང་སོ་ཆུ་ལ་བཏབ་ཡོད། ཆུ་ཡི་བང་སོ་ཞེས་པ་ནི། གཤིན་པོ་ལ་གང་ཐོབ་སྤུར་ནང་བཅུག་ནས་རྐོ་ལེར་འཁྱིལ་བའི་ཆུའི་ནང་དུ་བཞག་ཏེ་རབ་ཁར་འཕྱང་པ་ཙམ་གྱི་དོན་ཡིན།
        མདོར་ན་སྤུ་རྒྱལ་བཙན་པོའི་བང་སོའི་ལོ་རྒྱུས«གསང་བ་ཡང་ཆུང»ཞེས་བྱ་བའི་དཔེ་རྒྱུན་འཇིག་རྟེན་འདིར་ཕལ་ཆེར་ནུབ་ཟིན་ནའང་། ཕྱིས་ཀྱི་རྒྱལ་རབས་སྨྲ་བ་རྣམས་ཀྱིས་ལུང་དྲངས་པ་རྣམས་ཚུར་བཏུས་ནས་བསྒྲིག་ཡོད་ལ། ལུང་འདྲེན་དུས་ཀྱང་ཁ་ཤས་ཀྱི་དོན་དྲངས་ཡོད་པ་དང་། འགའ་ཞིག་གིས་ཚིག་རིས་ཇི་བཞིན་ལུང་དྲངས་ཡོད། འདི་དག་གུང་བསྒྲིགས་ནས་དཔྱད་ན། «གསང་བ་ཡང་ཆུང»ནི་རྒྱལ་པོ་སུ་ཞིག་གི་བང་སོ་གང་དུ་བཏབ་ཡོད་པ་དང་། མཚན་ལ་ཅིར་འབོད་པ། གོ་རིམ་ནི་གྲལ་གྱི་གཡས་གཡོན་གང་དུ་ཡོད་པ་སོགས་གསལ་བོར་གསུངས་ཡོད། གང་ལྟར་ཕྱིས་ཀྱི་རྒྱལ་རབས་སྨྲ་བའི་ལུང་དུ་དྲངས་པའི«གསང་བ་ཡང་ཆུང»གི་ཐ་སྙད་མི་འདྲ་བ་དང་ཚིག་དོན་གྱི་གོ་རིམ་བསྐྱར་བསྒྲིག མཆན་འགྲེལ་ཞིབ་འགོད། བརྗོད་བྱ་རྣམས་ཡུལ་དངོས་ལ་སྦྱར་ནས་བསྐྱར་ཞིབ་ནན་ཏན་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན།
        ད་ལྟའི་ལྷོ་ཁ་གྲོང་ཁྱེར་འཕྱོང་རྒྱས་རྫོང་ཁུངས་སུ་ཡོད་པའི་སྤུ་རྒྱལ་བཙན་པོའི་བང་སོའི་ཚོགས་སོ་སོར་ངོས་འཛིན་ཐུབ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན། ཡིན་ནའང་། རྒྱལ་རབས་ལོ་རྒྱུས་ཁག་ན་བང་སོའི་སྐོར་མ་འདྲ་བ་བཀོད་ཡོད་ཕྱིར་ངོས་འཛིན་ཡང་སྣ་ཚོགས་བྱུང་ཡོད། བོན་གྱི་མཁས་དབང་བསྟན་འཛིན་རྣམ་དག་མཆོག་གིས་མཛད་པའི«སྔ་རབས་བོད་ཀྱི་བྱུང་བ་བརྗོད་པ་འབེལ་གཏམ་ལུང་གི་སྙིང་པོ»ནི་སྤུ་རྒྱལ་བང་སོའི་སྐོར་བཀོད་པ་ཅུང་སྔ་ཤོས་ཡིན་ནམ་སྙམ། དེ་མིན་བང་སོའི་སྐོར་གྱི་བོད་རིག་པའི་དཔྱད་རྩོམ་ཡང་ཅི་རིགས་ཤིག་མཐོང་རྒྱུ་ཡོད་མོད། དེ་དག་ཡང་ཧ་ཅང་གལ་ཆེན་ཡིན། དེ་ལྟ་ནའང་། འདིར«གསང་བ་ཡང་ཆུང»གི་དགོངས་པ་གཞིར་བཞག་གིས་ངོས་འཛིན་བྱས་ཡོད།
རྩོམ་པ་པོས་བྲིས་པའི་བང་སོའི་ཚོགས་ཀྱི་གནས་ཡུལ་ངོས་འཛིན་སྐོར་གྱི་ས་བཀྲ།
        ཡུལ་ངོས་སུ་བང་སོ་བརྒྱད་ཙམ་ངོས་གཟུང་ཐུབ་པ་སྟེ། སྲོང་བཙན་བང་སོ། མང་སྲོང་བང་སོ། ཁྲི་ལྡེ་གཙུག་བཙན་མེས་ཨག་ཚོམ་གྱི་བང་སོ། ཁྲི་སྲོང་ལྡེ་བཙན་བང་སོ། མུ་ནེ་བཙན་པོའི་བང་སོ། ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་གྱི་བང་སོ། རལ་པ་ཅན་གྱི་བང་སོ། མུ་རུག་བཙན་པོའི་བང་སོ། གླང་དར་གྱི་བརྩིགས་འཕྲོ་ཅན་གྱི་བང་སོ་བཅས་ཡིན། 
        སྲོང་བཙན་བང་སོ་ནི། «གསང་བ་ཡང་ཆུང»ལས། སྲོང་བཙན་བང་སོ་འཕྱོང་པོའི་མདའ་རུ་བརྩིགས།། ཆེ་ཆུང་ཚད་ནི་དཔག་ཆེན་མདའ་རྒྱང་གང་།། ནང་ན་ལྷ་ཁང་ལྔ་ཡང་བཞུགས་སོ་སྐད།། བང་སོ་ནང་རྒྱན་ཅན་དུ་གྲགས་པ་ཡིན།། བང་སོ་གྲུ་བཞིར་བརྩིགས་པ་དེ་ནས་བྱུང་།། མིང་ཡང་སྨུ་རི་སྨུག་པོ་ལགས་སོ་སྐད།། ཅེས་བཀོད་ཡོད་ལ། འདི་ཉིད་རྩོད་མེད་དུ་ངོས་འཛིན་སླ་བ་ཡིན། ཀུན་མཁྱེན་འཇིགས་མེད་པའི«སྲོང་བཙན་བང་སོའི་གཏམ»ལའང་ཞོར་དུ་གཟིགས་པར་འཚལ། 
        མང་སྲོང་བང་སོ་ནི། «གསང་བ་ཡང་ཆུང»ལས། མང་སྲོང་བང་སོ་གནམ་རུའི་གཡོན་ན་ཡོད།། མིང་ནི་སྔོ་བཞེར་ཧྲལ་པོ་ཞེས་བྱ་ལགས།། ཞེས་བཀོད་ཡོད་མོད། མང་སྲོང་བང་སོའི་གཡས་སུ་གནམ་རུ་སྲོང་བཙན་གྱི་བང་སོ་ཞིག་ཡོད་པ་ངོས་འཛིན་མི་ཐུབ་པས་དཔྱད་གཞི། 
        ཁྲི་ལྡེ་གཙུག་བཙན་མེས་ཨག་ཚོམ་གྱི་བང་སོ་ནི། «གསང་བ་ཡང་ཆུང»ལས། ཨག་ཚོམ་བང་སོ་མུ་ར་རི་ལ་བརྩིགས།། གྲལ་ནི་འཕྲུལ་གྱི་བང་སོའི་གཡོན་ན་ཡོད།། མིང་ནི་ལྷ་རི་གཙུག་ནམ་ཞེས་བྱ་ལགས།། ཞེས་བཀོད་ཡོད། འདི་ནི་སད་ན་ལེགས་མཇིང་ཡོན་གྱི་བང་སོའི་གཡོན་ན་ཡོད་པ་ཡུལ་དངོས་ལས་གསལ་བོར་མཐོང་ཐུབ་པ་ཡིན། 
        ཁྲི་སྲོང་ལྡེ་བཙན་བང་སོ་ནི། «གསང་བ་ཡང་ཆུང»ལས། ལྡེའུ་བཙན་བང་སོ་རི་ལ་བརྩིགས།། གྲལ་ནི་ཡབ་ཀྱི་རྒྱབ་ངོས་གཡས་ན་བཞུགས།། ཡབ་ཀྱི་འོད་པ་སྲུང་བ་ལགས་སོ་སྐད།། དེ་ནི་མ་དྲངས་པ་ནས་ཉིད་ཀྱིས་བརྩིགས།། མིང་ནི་འཕྲུལ་རི་གཙུག་སྣང་བྱ་བར་བཏགས།། བང་སོ་ཕྱི་རྒྱ་ཅན་ཞེས་གྲགས་པ་ཡིན།། རྩ་ན་རྡོ་རིང་ཡི་གེ་ཅན་ཞིག་ཡོད།། ཅེས་བཀོད་ཡོད། འདི་ཡང་ཡུལ་དངོས་ལས་ཡབ་ཁྲི་ལྡེ་གཙུག་བརྟན་གྱི་རྒྱབ་ངོས་ན་ཡོད་པ་གསལ་བོར་མཐོང་ཐུབ་ཅིང་། གཡས་ཞེས་པར་དཔྱད་དགོས་ལ། བང་སོའི་མདུན་གྱི་རྡོ་རིང་མེད་ཀྱང་། རྡོ་རིང་འདེགས་བྱེད་ཀྱི་སེང་གེ་གཉིས་པོ་དིང་སང་ཡང་མཇལ་རྒྱུ་ཡོད། ཕྱི་ལོ༢༠༡༧ལོའི་ཟླ༧པའི་ཚེས༡༨ཉིན་གུས་པས་འཕྱོང་རྒྱས་སྤུ་རྒྱལ་བང་སོའི་སྐོར་ལ་བརྟག་དཔྱད་བྱེད་དུས་སུ། འཕྱོང་རྒྱས་རྫོང་མི་དམངས་སྨན་ཁང་གི་རྭ་སྐོར་ནང་རྡོ་རིང་ཞིག་མཇལ་ཞིང་། དེ་ནི་འབའ་ཉག་ཨ་ཐང་གི་གདན་ས་བས་ཉར་བའི་རྡོ་རིང་ཞལ་བཤུས་ཕྱག་དཔེ་དེརའཕྱོང་རྒྱས་སྟག་རྩེའི་ཟམ་སྣེ་རྡོ་རིངཞེས་བཀོད་པ་དེ་རེད། འདི་ནི་དེ་སྔོན་ཁྲི་སྲོང་ལྡེ་བཙན་གྱི་བང་སོའི་མདུན་དུ་སེང་གེ་དང་བཅས་བཞུགས་པའི་རྡོ་རིང་དེ་ཡིན་པ་ལ། ཕྱིས་སུ་རྐྱེན་ག་གེ་མོས་འཕྱོང་རྒྱས་ཀྱི་ཟམ་སྣེ་དེར་སྤར་རམ་ཅི། 
        མུ་ནེ་བཙན་པོའི་བང་སོ་ནི། «གསང་བ་ཡང་ཆུང»ལས། ཁུ་ཆེན་མུ་ནེ་བཙན་པོའི་བང་སོ་ནི།། ཨག་ཚོམ་བང་སོའི་གཡས་ངོས་མདུན་ན་ཡོད།། མིང་ནི་ལྷ་རི་འདེམ་བུ་ལགས་སོ་སྐད།། ཅེས་འབྱུང་ལ། ཡུལ་དངོས་ལས་ཀྱང་ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་གྱི་བང་སོའི་གཡས་ངོས་སུ་ཡོད་པ་གསལ་ཡོད།
        ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་གྱི་བང་སོ་ནི། «གསང་བ་ཡང་ཆུང»ལས། རྒྱལ་ཆེན་བང་སོ་འཕྲུལ་རྒྱལ་མདུན་ན་ཡོད།། ཡུམ་གྱིས་ཆབ་གང་སྐོང་བས་ནངས་ཀྱིས་མཐོང་།། མིང་ནི་རྒྱལ་ཆེན་འཕྲུལ་རི་ལགས་སོ་སྐད།། ཅེས་བྱུང་ཡོད། གང་ལྟར་བང་སོ་ངོས་འཛིན་ཐུབ་ལ། བང་སོའི་རྡོ་རིང་དིང་སང་ཡང་མཇལ་དུ་ཡོད། «དེབ་དམར»ན་སད་ན་ལེགས་མཇིང་ཡོན་གྱི་ཡར་ལུང་བང་སོའི་རྡོ་རིང་ཞེས་བཀོད་ཡོད་པ་དང་། རྒྱལ་ཆེན་བང་སོའི་རྡོ་རིང་ཞེས་ཀྱང་ཟེར།
        རལ་པ་ཅན་གྱི་བང་སོ་ནི། «གསང་བ་ཡང་ཆུང»ལས། ཁུ་ཆེན་རལ་པ་ཅན་གྱི་བང་སོ་ནི།། དོན་མཁར་མདའ་ཡི་གཡོན་གྱི་ཕྱོགས་ན་ཡོད།། མིང་ནི་ཁྲི་སྟེངས་རྨང་རི་ལགས་སོ་སྐད།། ཅེས་འབྱུང་ལ། འདིའི་སྐབས་ཀྱི་དོན་མཁར་མདའ་ཡི་གཡས་གཡོན་གསལ་བོར་ཕྱེ་མ་ཤེས་སོ།། «རྒྱ་བོད་ཡིག་ཚང་ཆེན་མོ»ལས། རལ་པ་ཅན་གྱི་བང་སོའི་མདུན་ན་རྡོ་རིང་ཡི་གེ་མེད་པ་ཞིག་ཡོད་ཅེས་གསུངས་ཡོད། རྡོ་རིང་དེའི་སྐོར་རྩད་གཅོད་ནན་ཏན་བྱེད་དགོས།
མུ་རུག་བཙན་པོའི་བང་སོ་ནི། «གསང་བ་ཡང་ཆུང»ལས། མུ་ཏིག་བང་སོ་དོན་མཁར་མདའ་ན་ཡོད།། མིང་ནི་སྐྱ་རི་སྐྱ་ལྡེམ་ལགས་སོ་སྐད།། ཅེས་འབྱུང་ལ། མུ་རུག་བཙན་པོ་དང་མུ་ཏིག་བཙན་པོ་ནི་མཚན་གྱི་རྣམ་གྲངས་ཡིན་སྙམ་ཡང་དཔྱད་གཞི་ཆེ་ལ། དོན་མཁར་མདའ་ན་ཡོད་པ་ཡུལ་དངོས་ལས་མཐོང་ཐུབ་པ་ཡིན།
        གླང་དར་བང་སོ་བརྩིགས་འཕྲོ་ཅན་གྱི་བང་སོ་ནི། «གསང་བ་ཡང་ཆུང»ལས། དར་མའི་གྲལ་ནི་འཕྲུལ་དང་རྒྱ་ཆེན་བར།། མིང་ནི་བང་རིམ་འཁོར་ལོ་ཀུན་ཞེས་གྲགས།། བང་སོ་བརྩིགས་ཏེ་འཕྲོ་རུ་ལུས་ཞེས་གྲགས།། ཞེས་བྱུང་ཡོད། དིང་སང་ཡང་ཡུལ་དངོས་སུ་ས་ཕུང་བརྡལ་བ་ལྟ་བུའི་བང་སོའི་ཤུལ་ཞིག་ཡོད་པ་དེ་ཡིན།
རྩོམ་པ་པོས་ཡུལ་དངོས་སུ་སོང་ནས་བརྟག་དཔྱད་གནང་སྐབས་ཀྱི་པར།
        མདོར་ན། སྤུ་རྒྱལ་བཙན་པོའི་བང་སོའི་ལོ་རྒྱུས«གསང་བ་ཡང་ཆུང»གི་རྩ་བའི་ཡིག་འབྲུ་དག་གཅེས་པར་བཟུང་ནས། ཡར་ལུང་བང་སོའི་གྲུབ་ཚུལ་དང་ངོས་འཛིན་ལ་བསྐྱར་ཞིབ་བྱེད་དགོས་པ་གལ་ཆེན་པོ་ཡིན། གུས་པས་བརྗེད་ཐོར་བཀོད་པ་འདི་དག་འབྲོང་ཁམ་པའི་ལས་གཞི་གཏོས་ཆེ་བ་ཞིག་གི་ཞོར་ནས་བྲིས་པ་ཡིན་ཕྱིར། མ་དག་པའམ་ནོར་བ་སོགས་ཡོད་ན་མཁྱེན་དཔྱོད་ཡངས་པ་རྣམས་ཀྱིས་མཛུབ་མོས་རི་སྟོན་གྱི་ལམ་སྟོན་གནང་བར་ཞུ། 
ཕྱི་ལོ༢༠༢༢ལོའི་སྤྱི་ཟླ༥ཚེས༥ཉིན་དབུས་འགྱུར་འཆང་ལྷ་སར་སྤེལ།
འབྲེལ་ཡོད་འོས་སྦྱོར།