དགེ་རྒན་ཆེན་མོ་སྐ་བ་ཤེས་རབ་བཟང་པོ་ལགས་ཀྱི་དཔྱད་རྩོམ།
རྩོམ་པ་པོ།:སྐ་བ་ཤེས་རབ་བཟང་པོ།
ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ།
དུས་ཚོད།:2022-05-09
ཀློག་གྲངས།:
༄༅། །བོད་ཡིག་དཔེ་རྙིང་གི་སྲུང་སྐྱོབ་དང་འབྲེལ་བའི་བསམ་གཞིག །
སྐ་བ་ཤེས་རབ་བཟང་པོ།
བོད་ནི་འཛམ་གླིང་ཁྱོན་ལས་ཡིག་ཚངས་ཆེས་ཕུན་སུམ་ཚོགས་ཤོས་ཀྱི་ཡུལ་ཁམས་གྲས་ཤིག་ཡིན་པར་སྔར་ནས་རི་བོའི་གཏོས་དང་རྒྱ་མཚོའི་ཁྱོན་གྱི་གཟུགས་བཀོད་བྱ་བཞིན་ཡོད། དེ་དག་ལོ་རྒྱུས་ཀྱི་རྐྱེན་དབང་དུ་མས་གཞའ་རུལ་རྡུལ་སྐྱོན་མེ་ཞུགས་དང་བསམ་བཞིན་བཅོམ་གཏོར་སོགས་བར་ཆད་དུ་མས་ལྷགས་ན་ཡང༌། བང་མཛོད་ཆེན་མོའི་ཞབས་རྭ་ཟེར་བའི་བཞིན་ད་ལྟའི་ཆར་ཡང་བོད་ཙམ་མ་ཟད་འཛམ་གླིང་ས་ཆ་གང་སར་བོད་ཡིག་གླེགས་བམ་མང་དག་ཉར་ཚགས་ཐུབ་ཡོད། ཡིན་ན་ཡང་དེ་དག་ལ་ཞིབ་ཕྲའི་ཐོ་བཀོད་དཀར་ཆག་འགོད་ཐུབ་མེད་པས་དཔེ་རྙིང་དཔེ་དཀོན་སོགས་ཡིག་ཆའི་རིན་ཐང་གཞལ་ཐབས་བྲལ་ཞིང༌། ལྷག་པར་སྲུང་སྐྱོབ་ཆ་རྐྱེན་དབེན་པས་བོད་ཀྱི་རིག་གནས་ལ་དོན་གཉེར་དང་ཐུགས་སྣང་གནང་མཁན་རྣམས་ཀྱི་ངོས་ནས་ཡིད་ཕམ་ཆེན་པོ་ཞིག་ཀྱང་ཡིན།
རྩོམ་ཡིག་འདིའི་ནང་ཁོ་བོས་བགྲང་བྱ་བཅུ་ཕྲག་གསུམ་ལྷག་རིང་དུ་བོད་ཀྱི་དཔེ་རྙིང་སྲུང་སྐྱོབ་དང་བསྡུ་སྒྲིག་དཀར་ཆག་སོགས་བཀོད་པའི་མྱོང་བ་དངོས་ནས་བྱུང་བའི་བསམ་གཞིག་གཙོ་བོར་བརྗོད་གཞི་བྱས་ནས་ནང་དོན་གསུམ་གྱི་ཐོག་ནས་གླེང་བ་ཅུང་ཞིག་བྱ་རྒྱུ་ལས།
དང་པོ། དཔེ་རྙིང་གི་སྤྱིའི་གནས་སྟངས།
༡ དཔེ་རྙིང་གི་ངེས་ཚིག །བོད་ཡིག་དཔེ་རྙིང་གི་ཐུན་མོང་མ་ཡིན་པའི་དཔེ་གཞིའི་བཟོ་དབྱིབས་དང༌། སྐད་བརྡའི་འགྲོས། དུས་རབས་ཀྱི་ཁྱད་ཆོས། ལོ་རྒྱུས་ཀྱི་གནས་སྟངས་བཅས་ཀྱི་ཆ་ནས་མི་རིགས་གཞན་དང་ཁྱད་པར་ཆེ་རྐྱེན་བོད་ཡིག་དཔེ་རྙིང་ཞེས་པར་ཁོ་བོའི་ངོས་འཛིན་ལྟར་ན། ༡༩༥༩ལོའི་གོང་གི་བྲིས་སྤར་གང་རུང་གི་དཔེ་དེབ་ལ་བོད་ཡིག་དཔེ་རྙིང་ཞེས་བརྗོད་ན་མི་འཚམ་པ་མེད་སྙམ།
༢ འབོར་ཚད།
རང་རེ་རྣམས་རྒྱུན་དུ་རི་བོའི་གཏོས་ཞེས་དཔེར་སྦྱར་ནས་བོད་ཀྱི་དཔེ་རྙིང་ལ་བཤད་པ་བྱ་སྲོལ་ཡོད། འོ་ན་བོད་ཡིག་དཔེ་རྙིང་ཡང་སྙིང་ཙམ་ཡོད་སྙམ་ན། ད་ལྟའི་ཆར་ཕྱོགས་སྡོམ་བྱས་པའི་འབོར་ཚད་ཞིག་རྙེད་ཐུབ་མེད་དེ། དེའི་རྒྱུ་མཚན་ཡང༌། གཅིག་ནས་ཕྱོགས་སྡོམ་བྱ་དཀའ་བ། བོད་ཀྱི་ལོ་རྒྱུས་དུས་ཡུན་རིང་ཞིང༌། དཔེ་རྙིང་གི་འབོར་ཚད་ཤིན་ཏུ་གཏོས་ཆེ་རྐྱེན་དཔེ་རྙིང་མང་དག་ཞིག་ད་རུང་ཉོག་སེལ་དང་དཀར་ཆག་བཀོད་ཐུབ་མེད། གཉིས་ནས་ཕྱོགས་སྡོམ་བྱ་སྟབས་མི་བདེ། སྔར་ནས་བོད་ཡིག་དཔེ་རྙིང་ཕལ་ཆེར་དགོན་སྡེ་ཁག་དང་མི་སྒེར་སོགས་ནས་ཉར་ཚགས་མཛད་ཅིང་མཛོད་ཉར་བྱ་མཁན་རྒྱ་ཆེ་བར་རྟེན་ཆ་ཚང་གི་གྲངས་འབོར་ཕྱོགས་སྡོམ་ཞིག་བྱ་རྒྱུ་ནི་ཤིན་ཏུ་ནས་བྱ་སྟབས་མི་བདེ་བ་ཞིག་རེད། གསུམ་ནས་ཕྱོགས་སྡོམ་བྱ་མྱོང་མེད་པ། བོད་ཡིག་དཔེ་རྙིང་ཡིག་ཚངས་སྐོར་ལ་རྒྱལ་ཁབ་ཕྱི་ནང་ཁག་ནས་དཀར་ཆག་འདྲ་མིན་བཏོན་མྱོང་ཡོད་ལ་དཔེ་རྙིང་སྐོར་ལ་གཞི་རྒྱ་ཆུང་བའི་བརྟག་ཞིབ་བྱེད་མྱོང་ཡོད་མོད། འོན་ཀྱང་མཛོད་ཉར་ཡོད་ཚད་ཀྱི་ཡིག་ཚངས་ཇི་ཡོད་ལ་འཚོལ་སྡུད་ཕྱོགས་སྡོམ་བྱེད་མྱོང་མེད། ཇི་ལྟར་ཡང་བོད་ཡིག་ནི་འཛམ་གླིང་ཐོག་ཡིག་ཚངས་ཆེས་ཕུན་སུམ་ཚོགས་ཤོས་ཀྱི་ཡིག་རིགས་གྲས་ཤིག་ཡིན།
༣ གནས་སྟངས་ཆ་རྐྱེན།
ཀ །གནས་ཡུལ་རྒྱ་ཆེ་ལ་ཁ་འཐོར་ཚ་བ།
ལོ་རྒྱུས་དང་རིག་གནས་ཀྱི་རྐྱེན་དབང་དུ་མའི་དབང་གིས་བོད་ཡིག་ཏུ་འཁོད་པའི་དཔེ་རྙིང་ཡིག་ཆ་ཉར་ཚགས་བྱ་སའི་ཡུལ་ནི་ཤིན་ཏུ་ནས་རྒྱ་ཆེ་སྟེ། བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་ཕུད་ད་དུང་བོད་རིགས་འདུས་སྡོད་བྱ་སའི་མཚོ་སྔོན་དང་སི་ཁྲོན། ཀན་སུའུ། ཡུན་ནན་བཅས་པར་བོད་ཡིག་དཔེ་རྙིང་འབོར་ཆེན་བཞུགས་ཡོད་ལ། ད་དུང་ནང་སོག་དང་པེ་ཅིན། ལའོ་ཉིང་སོགས་ཀྲུང་གོའི་ནང་ཁུལ་བོད་བརྒྱུད་ནང་བསྟན་དར་ཁུལ་ལའང་ཉར་ཚགས་འབོར་ཆེན་གནང་ཡོད། དེ་བཞིན་དུ་ཧི་མ་ལ་ཡའི་བོད་རིགས་འདུས་སྡོད་བྱ་ཡུལ་གྱི་འབྲུག་ཡུལ་འབྲས་ལྗོངས་དང་རྒྱ་གར་བལ་ཡུལ་ཁུལ་གྱི་ལ་དྭགས་དང་གློ་བོ་སོགས་ས་ཁུལ་མང་པོར་ཡང་བོད་ཡིག་དཔེ་རྙིང་འབོར་ཆེན་ཉར་ཚགས་མཛད་ཡོད། དུས་རབས་བཅོ་བརྒྱད་བཅུ་དགུའི་ནང་ནས་དབུ་ཚུགས་ནས་ཡོ་རོབ་གཙོས་པའི་ཕྱི་རྒྱལ་རྒྱལ་ཁབ་ཁག་གིས་བོད་ཀྱི་ཆོས་དང་རིག་གནས་ཁག་ལ་དོ་འཁུར་བྱེད་འགོ་ཚུགས་ཤིང་ཨི་ཐ་ལིའི་ཆོའོ་མཱ་དང་ཨུ་རུ་སུའི་རྡོ་རྗེ་ཡིབ། འཇར་པན་གྱི་ཧ་བ་ཁུ་ཆི། ཨ་རིའི་ཡོ་སོབ་རོག །དེ་བཞིན་སི་ཐན་དབྱིན་དང་ཧྥོལ་ཕཱ་ལས་ཐི་སོགས་ཀྱིས་བོད་ཡིག་ཏུ་འཁོད་པའི་ཡིག་ཆ་མང་དག་འཚོལ་སྡུད་ཀྱིས་ནུབ་ཕྱོགས་ཀྱི་ས་གནས་གང་སར་ཁྱབ་པར་གྱུར། གཞན་ཡང་བོད་ཞི་བས་བཅིངས་གྲོལ་ཐོབ་རྗེས་དང་ལྷག་པར་སྤྱི་ལོ༡༩༥༩ལོའི་ཟིང་འཁྲུག་ཞོད་འཇགས་རྗེས་སུ་ཀུན་སློང་འདྲ་མིན་གྱི་རྐྱེན་གྱིས་ཨ་རིས་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་བོད་ཀྱི་ཆོས་ལུགས་རིག་གནས་ལ་དོ་འཁུར་བྱེད་འགོ་ཚུགས་ཤིང་བོད་ཡིག་གི་དཔེ་རྙིང་ཡིག་ཚངས་འབོར་ཆེན་འཛམ་གླིང་ཡུལ་གྲུ་མང་པོར་གྱར་འཐོར་བྱུང་ཡོད།
རྒྱུ་མཚན་དེ་འདྲའི་དབང་གིས་བོད་ཡིག་དཔེ་རྙིང་ཡིག་ཚངས་ཀྱི་ཉར་ཚགས་བྱ་སའི་ཡུལ་ལུང་ཤིན་ཏུ་རྒྱ་ཆེ་བ་མ་ཟད་ཁ་འཐོར་ཚ་བས་དེ་དག་ཕྱོགས་སྡོམ་བྱ་རྒྱུར་དཀའ་ཁག་ཆེ་བའི་གནས་ཤིག་ཆགས་ཡོད།
ཁ། གནས་སྟངས་ཡ་ང་ལ་སྲུང་སྐྱོབ་ཆ་རྐྱེན་ཕོངས་པ།
དེ་ལྟར་གནས་ཡུལ་རྒྱ་ཆེ་ལ་ཁ་འཐོར་ཚ་བའི་བོད་ཡིག་དཔེ་རྙིང་འདི་དག་སྲུང་སྐྱོབ་ཆ་རྐྱེན་ཐད་དེ་བས་དངངས་ཚབ་སྐྱེ་བའི་གཞི་ཞིག་ཆགས་ཡོད། ད་ལྟའི་ཆ་ལ་དཔེ་རྙིང་ཉར་ཚགས་བྱ་ཡུལ་གྱི་དགོན་སྡེ་ཁག་དང་ལྷ་ཁང་། དེ་བཞིན་མ་ལྷ་ཁང་དང་ས་ཚ་ཁང་། མན་ཐང་སོགས་སུ་རང་སོར་དང་རང་བྱུང་གི་རྣམ་པའི་ཐོག་ནས་གནས་པ་མ་གཏོགས་སྤྱིར་བཏང་གི་སྲུང་སྐྱོབ་གང་ཡང་ཐུབ་མེད།
བོད་ཡུལ་གཙོ་བོར་གྱུར་བའི་ས་ཆ་གང་སར་སྐུ་རྟེན་ཐུགས་རྟེན་གཅིག་ལས་གཅིག་མཐོ་བ་དང་གཅིག་ལས་གཅིག་རྫིག་པ་དེ་འདྲ་བཞེངས་མཁན་མང་པོ་ཡོད་མོད། འོན་ཏེ་གསུང་རབ་རྙིང་པར་སྲུང་སྐྱོབ་བྱ་རྒྱུ་ལྟ་ཞོག་ཐ་ན་དཔེ་རྙིང་གིས་འཇིམ་སྐུ་སོགས་བཞེངས་པའི་ཚི་རྒྱུན་ལ་གཏོང་བར་ཐེ་ཚོམ་མེད་པ་དེ་འདྲ་མཐོང་དང་མཐོང་མུས་ལགས་པས་སྲུང་སྐྱོབ་ཧ་ཅང་ཞན་པའི་གནས་སྟངས་འདི་འདྲར་དཔྱོད་ལྡན་སྐྱེས་བུ་རྣམས་ཀྱི་ཐུགས་འཚབ་མ་སྐྱེ་བའི་རང་དབང་མེད་པར་གྱུར།
ག །རིན་ཐང་རྩད་མ་ཆོད་ལ་བེད་སྤྱོད་རྒྱུན་དབེན་པ།
བོད་ཡིག་དཔེ་རྙིང་གི་རིན་ཐང་ཐད་ལ་མང་པོ་ཞིག་གི་ངོས་འཛིན་ལྟར་ན་ཇི་ཙམ་གྱི་དུས་ཚོད་ཡུན་རིང་ན་དེ་ཙམ་གྱི་ལོ་རྒྱུས་རིན་ཐང་ཆེ་བ་དང་ཇི་ཙམ་གྱི་རྒྱུ་ཕུན་སུམ་ཚོགས་པ་དེ་ཙམ་གྱི་རིག་དངོས་རིན་ཐང་ཆེ་བ་ཡོད་པར་བརྩི་གིན་ཡོད་མོད། དོན་དམ་ཐོག་དཔེ་རྙིང་གི་རིན་ཐང་གཙོ་བོ་ཡིག་ཚངས་ཀྱི་རིན་ཐང་སྟེ་དཔེ་རྒྱུན་གྱི་རིན་ཐང་དང་དཔྱད་གཞིའི་རིན་ཐང་འབའ་ཞིག་ཡིན་པས་འདི་ཉིད་ཀྱི་རིན་ཐང་བསྔོག་འདོན་དང་བེད་སྤྱོད་ཀྱིས་དོན་དངོས་ཀྱི་འཚོ་བ་དང་ཞིབ་འཇུག་ཁྲོད་ཞབས་འདེགས་ཞུ་རྒྱུ་དེ་ཡིན། དེས་ན་ངེད་ཚོས་དཔེ་རྙིང་དངོས་ཀྱི་སྲུང་སྐྱོབ་དང་ཕྱོགས་སྒྲིག་སྤར་སྐྲུན་ཕུད་དེ་བས་དཔེ་རྙིང་ནང་དུ་བཞུགས་པའི་མེས་པོའི་བློ་གྲོས་ཀྱི་སྙིང་བཅུད་དེ་དག་འདོན་སྤེལ་བྱ་རྒྱུ་དེ་ཡིན། འོན་ཀྱང་ད་ལྟའི་ཆར་རང་རེ་རྣམས་ཀྱིས་གཅིག་ནས་དཔེ་རྙིང་རིན་ཐང་རྩད་མ་ཆོད་པའི་ཐོག་བེད་སྤྱོད་གཏོང་རྒྱུ་སོགས་ཤིན་ཏུ་ནས་དབེན་པའི་གནས་ལ་ལྷུང་ཡོད།
ང་། དཔེ་དཀོན་གྱི་རེ་བ་དང་དཔེ་ཉོག་དྭོགས་པ་ཅིག་ཆར་ལྡན་པ།
ཉེ་བའི་ལོ་ཤས་ནང་དུ་གཅིག་ནས་དཔེ་རྙིང་སྐོར་ལ་དོ་གལ་གནང་མཁན་མང་དུ་སོང་བའི་རྐྱེན་དང་། གཉིས་ནས་བོད་ཕྱི་ནང་གི་ས་ཆ་གང་ས་ནས་དཔེ་རྙིང་མང་དག་ཞིག་རྙེད་སོན་བྱུང་དང་འབྱུང་བཞིན་པར་ལྟོས་ནས་དཔེ་རྙིང་ཕྱོགས་སྒྲིག་དང་སྤར་སྐྲུན་སོགས་ཀྱི་བྱ་བར་ཚ་རླབས་འཕྱུར་བཞིན་པའི་དུས་ཚོད་ཞིག་ཆགས་ཡོད་པ་ནི་དགའ་འོས་པའི་གནས་ཡིན། ཡིན་ན་ཡང་དཔེ་རྙིང་ལག་ཏུ་སོན་ཚད་ཕྱོགས་སྒྲིག་སྤར་སྐྲུན་ཞུ་བའི་དགོས་པ་ཡོད་དམ་སྙམ་ན་དེ་ཡང་ངེས་པར་བསམ་གཞིག་ཞུ་བའི་གནད་གཅིག་ཡིན། གལ་ཏེ་དཀར་ཆག་རིག་པ་དང་དཔེ་གཞིའི་རིག་པ། དཔེ་སྡུར་རིག་པ་སོགས་ཡིག་ཚངས་རིག་པའི་དཔྱད་པ་ཙམ་ཡང་མེད་པར་དཔེ་རྙིང་ཡིན་ཚད་ཕྱོགས་སྒྲིག་གིས་སྤར་འདེབས་གནང་བ་ཡིན་ན། དེས་དགེ་མཚན་གང་ཞིག་མངོན་རྒྱུ་ཕར་གཞག་དཔེ་གཞི་ཟང་ཟིང་གིས་ཕྱིས་སུ་དཔེ་སྡུར་བྱ་རྒྱུར་དཀའ་ཁག་ཆེན་པོ་བཟོ་ངེས་ཡིན་པས་འདིའང་ཤིན་ཏུ་ནས་གཟབ་དགོས་པའི་གནད་དོན་གཅིག་ལགས།
གོང་ཞུས་བཞིན་རང་རེ་རྣམས་ཀྱིས་དཔེ་རྙིང་གི་རིན་ཐང་བརྩད་མ་ཆོད་པའི་ཐོག་དཀར་ཆག་དང་གཞུང་ལུགས་སོགས་གང་དེའི་རྒྱུས་མངའ་ཙམ་ཡང་མེད་པར་འོལ་ཚོད་ཙམ་གྱིས་སྤར་སྐྲུན་དང་ཞིབ་འཇུག་བྱས་ཁུལ་བྱེད་སྐད་འདི་ནི་དཔེ་རྙིང་ལས་དོན་པ་ཞིག་གི་ངོས་ནས་འགན་འཁྲི་རྩ་བ་ནས་མེད་པའི་སྤྱོད་ལམ་ཞིག་ལ་སོང་ཀུན་གྱིས་ལག་ཏུ་སོན་པའི་ཕྱག་དཔེ་གང་དེ་དཔེ་དཀོན་ཡིན་དང་དཔེ་ཉོག་ཡིན་གྱི་ས་མཚམས་གསལ་པོ་ཤེས་རྟོགས་བྱ་རྒྱུ་དེ་གལ་འགངས་ཤིན་ཏུ་ནས་ཆེ་བ་ཞིག་ཡིན་ནོ། །
གཉིས་པ། སྲུང་སྐྱོབ་ཀྱི་ཐབས་ལམ།
༡ དཔེ་རྙིང་འཚོལ་ཞིབ།དཔེ་རྙིང་གི་འཚོལ་ཞིབ་བྱ་རྒྱུ་ནི་དཔེ་རྙིང་གི་ལས་དོན་ཀུན་གྱི་ཕྱི་མོ་ཡིན། འདི་ཉིད་ཀྱི་འགག་རྩ་ནི་ལག་ཏུ་བསྟར་རྒྱུ་དེ་རེད།
དཔེ་རྙིང་འཚོལ་ཞིབ་དོན་དུ་གཉེར་སྐབས་དམིགས་ཡུལ་ཡོད་པའི་འཚོལ་ཞིབ་དང་དམིགས་ཡུལ་མེད་པའི་འཚོལ་ཞིབ་གཉིས་ཀ་བྱེད་ཆོག །
དམིགས་ཡུལ་ཡོད་པའི་འཚོལ་ཞིབ་ནི་ཡོངས་སུ་གྲགས་པའི་དཔེ་རྙིང་དང་ཡིག་ཚངས་མཛོད་ཉར་ཁང་ལ་འཚོལ་ཞིབ་ཞུས་པ་ཞིག་ཡིན་གཤིས། དེ་ཡང་དཔེར་ན་འབྲས་སྤུངས་དགོན་དང་ས་སྐྱ་དགོན་སོགས་ཕྱི་ནང་ཀུན་གྱི་ཁས་ལེན་དུ་གྱུར་པའི་དཔེ་རྙིང་ལ་འཚོལ་ཞིབ་ཞུས་པ་ལ་གོ་དགོས། དམིགས་ཡུལ་མེད་པའི་འཚོལ་ཞིབ་ནི་ཡོངས་སུ་མ་གྲགས་པའི་དཔེ་རྙིང་དང་ཡིག་ཚངས་ཉར་ཚགས་མཛད་ཡུལ་ཁག་ལ་འཚོལ་ཞིབ་ཞུས་པ་ཞིག་ཡིན་གཤིས། དེ་ཡང་དཔེར་ན་ཆོས་སྡེ་དང་ཁྱིམ་ཚང་མི་སྒེར་སོགས་ཡོངས་སུ་མ་གྲགས་པའམ་ཅུང་ཟད་སྐུང་ནས་ཉར་ཚགས་མཛད་མཁན་གྱི་དཔེ་རྙིང་ལ་འཚོལ་ཞིབ་ཞུས་པ་ཞིག་ཡིན།
དམིགས་ཡུལ་ཡོད་པའི་འཚོལ་ཞིབ་ཞུ་སྐབས་ཀྱི་གཙོ་གནད་ནི་དཔེ་དཀོན་དང༌། དཔེ་གཞི་མི་འདྲ་བ་བཙལ་འཚོལ་ཞུ་རྒྱུ་དེ་ཡིན་ཞིང༌། དམིགས་ཡུལ་མེད་པའི་འཚོལ་ཞིབ་ཞུ་སྐབས་གཙོ་གནད་ནི་དཔེ་དཀོན་དང་དཔེ་གཞི་སོགས་ཕུད། དེ་བས་ལོ་རྒྱུས་རིན་ཐང་དང་རིག་གནས་རིན་ཐང༌། རིག་དངོས་རིན་ཐང་སོགས་ལ་བསམ་གཞིག་མང་ཙམ་ཞུ་དགོས་པ་ཡིན།
མདོར་ན་ས་ཆ་མང་ཙམ་ཞིག་ལ་བསྐྱོད་ཐུབ་པ་དང༌། སྐད་ཆ་མང་ཙམ་འདྲི་ཐུབ་པ་དགོས་རྒྱུ་དེ་གལ་ཆེན་པོ་རེད། ལོ་འགའི་མྱོང་བར་ལྟོས་ན་དཔེ་འདི་གཞན་སུ་ལའང་བསྟན་མེད་བྱ་བ་དེ་འདྲ་མང་རབས་འཕྲད་རྒྱུ་འདུག་པས་ལྷག་བསམ་དང་དོ་འཁུར་ཆེར་བཞེས་ནས་བཙལ་ན་རྙེད་རྒྱུ་ཡང་ཡོང་སྲིད།
༢ མྱུར་སྐྱོབ།
བོད་ཡིག་དཔེ་རྙིང་ཡིག་ཚངས་དང་བཅས་པར་ལོ་རྒྱུས་ཀྱི་རྐྱེན་དབང་དུ་མས་གཞའ་ཕོག་རུལ་སྐྱོན་དང༌། འབུས་ཟོས་སམ་བྱི་བའི་གནོད་འཚེ། རྡུལ་སྐྱོན་མེ་ཞུགས། བསམ་བཞིན་བཅོམ་གཏོར་སོགས་བར་ཆད་དུ་མས་ལྷགས་དང་ལྷགས་བཞིན་ཡོད་ལ། དཔེ་རྙིང་འགའ་ཞིག་གི་གནས་སྟངས་ངོས་ནས་ཞུས་ན་ཐ་ན་བཞུགས་སུ་གསོལ་སའི་གནས་ཁང་ཙམ་ཡང་མེད་པར་ཆར་རླུང་འཛེམ་མེད་བཟོད་པའི་ངལ་བ་བསྟེན་དགོས་པ་དེ་འདྲའང་ཡོད།
མྱུར་སྐྱོབ་ཀྱི་ལས་དོན་གྱི་རྩ་བ་ནི་གནས་དུས་ལ་དཔག་པའི་སྲུང་སྐྱོབ་བྱ་རྒྱུ་དེ་གལ་ཆེན་ཡིན། དེ་ཡང་སྤྱིར་ནས་བཤད་ན། ཐོག་མར་ཆར་རླུང་འགོག་པའི་གནས་ཁང་ཐག་གཅོད་ཡོང་རེ་དང༌། དེ་ནས་དཔེ་རས་དཔེ་སྒྲོམ་གསོལ་རྒྱུ། དེ་ནས་ཞལ་གསོས་གནང་རྒྱུ་སོགས་ཡིན་གཤིས། དམིགས་བསལ་ལ་རེར་དམིགས་བསལ་གྱི་བྱ་ཐབས་སྤྱད་རྒྱུ་ཤིན་ཏུ་འོས་ཏེ། ཉེ་ལམ་བོད་ཀྱི་ས་ཆ་མང་པོ་ཞིག་ལ་སྣང་ཚུལ་འདི་འདྲ་མཐོང་ཐོས་བྱུང་བར། ས་ཆ་འགའ་ཞིག་ལ་དཔེ་རྙིང་ཆོས་ཤོག་གིས་སྐུ་རྒྱུ་བཞེངས་བྱེད་ཀྱི་རྫས་སུ་བེད་སྤྱོད་བྱེད་པ་དང་མེ་ཤིང་དོད། བོད་ཤོག་གསར་པའི་ཕབ་རྒྱུན། ཐ་ན་ས་ཕག་སྟེང་ཆུ་མྀ་ཤོར་ཆེད་ཆར་ཁེབས་སོགས་ཀྱང་བྱེད་པ། གྱང་བསློག་པའི་ས་རྡུལ་འོག་ཚུད་པ་སོགས་ཀྱི་གནས་ཚུལ་ཅི་རིགས་ཐོན་མུས་ལ་ཤེས་འཚོར་བྱུང་ན་སྐབས་ཕྲལ་དེ་རང་ངམ་དུས་ཚོད་མྱུར་ཤོས་ནང་སྣང་ཚུལ་དེ་དག་ལས་སྐྱོབ་པའི་ལག་ལེན་མངོན་དུ་འགྱུར་རྒྱུ་ནི་ཤིན་ཏུ་གལ་འགངས་ཆེ་བ་ཞིག་ཡིན།
དེ་བཞིན་དུ་ཡིག་ཚངས་ཞལ་གསོས་གནང་རྒྱུ་ནི་དཔེ་རྙིང་སྲུང་སྐྱོབ་ཀྱི་ནང་དོན་གལ་ཆེན་ཞིག་ཡིན། ལས་དོན་འདི་ཉིད་དོན་དུ་གཉེར་བར་དུས་ཚོད་དང་ས་ཆ། ལག་རྩལ། དཔལ་འབྱོར་སོགས་ཀྱི་མཐུན་རྐྱེན་མང་དག་ཞིག་འཛོམས་དགོས་པས་འདི་ནི་དོན་དམ་ཐོག་ཆེད་ལས་ལག་རྩལ་པས་གྲུབ་པར་བྱེད་པའི་ལས་ཀ་ཞིག་ཡིན་པས་རྒྱལ་ཁབ་ཕྱི་ནང་གང་སར་ལས་ཀ་འདི་ཕལ་ཆེར་མཐའ་མཇུག་ཙམ་ལ་འཇོག་སྲོལ་ཡོད།
༣ ཕྱོགས་སྒྲིག །
དཔེ་རྙིང་མང་དག་ཞིག་ལ་སྔར་ནས་དཔེ་ཉོག་ཐེབས་པའི་རྣམ་པ་མཐོང་རྒྱུ་ཡོད། དེ་འདྲའི་རྐྱེན་གྱིས་དཔེ་རྙིང་དེ་དག་ལ་ལྡེབ་ཆད་ལྡེབ་འཁྲུག་སོགས་མང་དག་ཡོད་པས་ཕྱོགས་སྒྲིག་བྱ་རྒྱུ་དེ་གནད་འགག་ཆེ་བའི་རྨངས་གཞིའི་བྱ་བ་ཞིག་ཆགས་ཡོད།
ཕྱོགས་སྒྲིག་གི་ལས་དོན་འདི་ནི་རྙོག་དྲྭ་ཚ་ཞིང་ལས་རྩོལ་ཆེ་བ། ཛ་ཛོར་ཚ་ལ་ཤིན་ཏུ་ནས་ངང་རྒྱུ་དང་ཞིབ་ཚགས་དགོས་པའི་ལས་ཀ་ཞིག་ཡིན། ལས་དོན་འདིའི་སྤུས་ཚད་ལེགས་ཉེས་ཀྱིས་ཐད་ཀར་དཔེ་རྙིང་དཔེ་དཀོན་གྱི་རིན་ཐང་དང་ཕྱིས་འབྱུང་ཡིག་ཚངས་བེད་སྤྱོད་དང་ཞིབ་འཇུག་གི་འབྲས་བུ་དང་འབྲེལ་བ་ཡོད་པ་ཞིག་ཡིན་པས་ལས་དོན་འདི་ནི་སྣང་ཆུང་རྩ་བ་ནས་བྱེད་མི་རུང་བའི་བྱ་བ་ཞིག་ཡིན།
དཔེ་རྙིང་ཕྱོགས་སྒྲིག་གི་གོམས་པ་དང་པོ་ནི་རྡུལ་སེལ་ལམ་རྡུལ་དཀྲུགས་བྱ་རྒྱུ་དེ་རེད། དཔེ་རྙིང་ནི་བགྲང་བྱ་བརྒྱ་སྟོང་གི་ལོ་ཟླའི་ནང་ཆ་རྐྱེན་འདྲ་མིན་བརྒྱུད་ནས་འོང་བ་ཞིག་ཡིན་པས་རྡུལ་སྙིགས་མང་པོ་གཙང་སེལ་ཞུ་དགོས་པ་ཡོད། དེ་དག་གཙང་སེལ་བྱེད་སྐབས་ཤེད་ཤུགས་ངོམས་ངོམས་ཙམ་མིན་པར་ཐབས་ཤེས་དང་ལག་ཆ་གང་རུང་ཐད་ཡིད་གཟབ་ཞུ་དགོས་པ་ཡོད། །རྡུལ་དཀྲུགས་ཟིན་རྗེས་ཀ་རྟགས་ཇི་བཞིན་གནས་སོ་སོར་འཇོག་དགོས་ཤིང། དེ་རྗེས་དཔེ་རྙིང་གི་ཆག་ཚད་དང་བཟོ་བཀོད་སྣག་ཤོག་སོགས་ཀྱི་ཁྱད་ཆོས་ལ་ལྟོས་ནས་དབྱེ་བ་ཕྱེ་དགོས་ཤིང༌། ཕལ་ཆེར་གླེགས་བམ་གཅིག་གམ་ཆོས་ཚན་གཅིག་ལ་ངེས་ངེས་བྱུང་རྗེས་གཞི་ནས་གོང་འོག་གི་གོ་རིམ་བཞིན་ལྡེབ་གྲངས་མཐུད་ཐབས་ཞུ་དགོས། དེ་དག་གི་བྱ་བ་ལེགས་གྲུབ་བྱུང་རྗེས་གཞི་ནས་གླེགས་བམ་མམ་པོད་སོ་སོའི་ཆད་ཐོའམ་ཡང་ན་བཞུགས་ཐོ་ཁ་གསལ་བཀོད་དགོས།
༤ དཀར་ཆག །
གནའ་ནས་ད་བར་རྒྱལ་ཁབ་ཕྱི་ནང་ཁག་ལ་དཀར་ཆག་འགོད་སྲོལ་མང་དག་ཡོད་ལ་རང་རང་གི་རིག་པའི་གཞུང་ལུགས་དང་བཅས་པ་ཕུན་སུམ་ཚོགས་པར་ཡོད་མོད་སྐབས་དོན་འདིར་གླེང་བྱ་མ་ཡིན་པས་རྒྱས་པར་མི་སྤྲོ། །འོན་ཀྱང་དཀར་ཆག་ནི་དཔེ་རྙིང་གི་ཆ་འཕྲིན་ངོ་སྤྲོད་ཡོང་བར་བྱེད་པའི་མིག་བུ་ལྟ་བུ་ཞིག་ཡིན་པ་ཚང་མས་ཁས་ལེན་དུ་གྱུར།
དེའི་དབང་གིས་ཚད་དང་ལྡན་པའི་དཀར་ཆག་ཞིག་འགོད་རྒྱུ་ནི་ཡིག་ཚངས་ཞིབ་དཔྱད་པར་བཏོན་པའི་རེ་བ་ནན་པོ་ཞིག་ཀྱང་ཡིན་ཏེ། །ཚད་ལྡན་དཀར་ཆག་གིས་ཀློག་པ་པོ་རྣམས་ལ་ཡིད་ཆེས་འཕེར་ངེས་ཀྱི་དཔྱད་གཞི་དང་ཆ་འཕྲིན་མཁོ་འདོན་བྱེད་ཐུབ་མོད། ཡིན་ན་ཡང་ཚད་དང་མ་ལྡན་པའི་དཀར་ཆག་གིས་ཀློག་པ་པོ་རྣམས་བསླུ་བྲིད་དང་ལོག་ལམ་ཕྱོགས་ལ་འཁྲིད་པ་ཡང་མཐོང་ཆོས་སུ་གྱུར་པས་དཀར་ཆག་འགོད་རྒྱུ་འདི་ནི་ནན་ཏར་གཟབ་ནན་དགོས་ངེས་ཀྱི་བྱ་བ་གལ་ཆེན་ཞིག་ཡིན། །དཔེར་ན་ས་སྐྱ་དགོན་པའི་ཆོས་བརྩེགས་བྲག་རི་མར་གྲགས་པ་དེར་རང་རེ་རྣམས་ཀྱི་རེ་དྭོགས་གཉིས་ཀ་ཡོད། ཡིད་ཕམ་པ་ཞིག་ལ་ད་བར་ཡིད་རྟོན་རུང་བའི་དཀར་ཆག་ཅིག་མཇལ་དུ་མེད།
དཀར་ཆག་འགོད་སྐབས་དཀར་ཆག་འགོད་སའི་ས་གནས་ཁག་ཁག་ལ་སོང་ཐོག་མའི་རེ་འདུན་གཅིག་མཚུངས་མ་ཡིན་ཏེ། འགའ་ཞིག་དཔེ་རྙིང་ཆོས་ཚན་ཐོར་བུའི་ཐོ་འགོད་གཙོ་གནད་དང་ཡང་འགའ་ཞིག་བཀའ་བསྟན་འགྱུར་ལྟ་བུ་ཚན་བསྡུས་གྱི་ངོ་སྤྲོད་གཙོ་གནད་ཡིན། ཕྱོགས་གཞན་ཞིག་ནས་དཀར་ཆག་འགོད་སྐབས་ཀྱི་དུས་ཚོད་དང་ཁོར་ཡུག་སོགས་ཆ་རྐྱེན་ཅི་རིགས་པས་འགའ་ཞིག་ཞིབ་མཇལ་ཞུ་ཐུབ་ཅིང་ཡང་འགའ་ཞིག་ལ་མིག་བཤེར་ཙམ་ལས་མ་ཡོང་བས་པོད་ཚན་ངོ་སྤྲོད་ཞུ་མ་ཐུབ་པ་ཡང་འགའ་ཞིག་ཡོད་པར་རྟེན། དཀར་ཆག་ལ་ཡང་དཀར་ཆག་རྒྱས་འབྲིང་བསྡུས་གསུམ་གྱི་དབྱེ་བ་ཕྱེ་དགོས།
དཀར་ཆག་བསྡུས་པ། འདི་ནི་དཔེ་རྙིང་གནས་སྟངས་དང་འབྲེལ་བའི་བརྟག་ཞིབ་སྙན་ཞུ་ལྟ་བུ་ཡིན་ཏེ། འདིར་ཡང་སྤྱིའི་གནས་སྟངས་ཆ་རྐྱེན། འབོར་ཚད། བྲིས་སྤར་གང་ཡིན། དུས་ཚོད་ཇི་ཙམ་ནང་ཡིན་པ། རྩ་བའི་ཁྱད་ཆོས། དམིགས་བསལ་ཇི་ཡོད་སོགས་ཐོག་མའི་བག་ཆགས་དེ་འདྲ་བཀོད་དགོས་པ་ཡིན། དཔེར་ན། མངའ་རིས་ཁུལ་གྱི་དཔེ་རྙིང་གནས་སྟངས་ཀྱི་བརྟག་དཔྱད་སྙན་ཞུ་དང༌། གཉལ་ཡུལ་གྲོ་མཁར་དགོན་གྱི་དཔེ་རྙིང་གནས་སྟངས་སྐོར་གྱི་བརྟག་དཔྱད་སྙན་ཞུ་ལྟ་བུ་ཡིན།
དཀར་ཆག་འབྲིང་བ། མཚན་བྱང༌། མཛད་པ་པོ། འགྱུར་ཡིན་ན་ཕབ་ཞུས་མཁན། ལྡེབ་ཚད། ལྡེབ་གྲངས། བྲིས་སྤར་གང་ཡིན། དམིགས་བསལ་དཔེ་རྟགས་སོགས་བཀོད་དགོས། དཔེར་ན། འབྲས་སྤུངས་དགོན་དུ་བཞུགས་སུ་གསོལ་བའི་དཔེ་རྙིང་དཀར་ཆག་དང༌། ཞ་ལུ་དགོན་གྱི་དཔེ་རྙིང་དཀར་ཆག་ལྟ་བུ་ཡིན།
དཀར་ཆག་རྒྱས་པ། དཀར་ཆག་འདི་ནི་ད་ཆ་རྒྱལ་ཁབ་ཕྱི་ནང་གི་དཔེ་རྙིང་དཀར་ཆག་བཀོད་སྟངས་ཀྱི་ལེགས་ཆ་བླངས་ཐོག་བོད་ཡིག་དཔེ་རྙིང་ཁྱད་ཆོས་ལ་ལྟོས་ནས་གཟན་དཀར་ཐུབ་བསྟན་ཉི་མ་མཆོག་དང་ཁོ་བོ་གཉིས་ནས་ཆེད་དུ་འཆར་བཀོད་བྱས་པ་ཞིག་ཡིན་གཤིས། དཀར་ཆག་འདིའི་ནང་དཔེ་མིང་དང༌། མཛད་པ་པོ། ལྡེབ་གྲངས་དང་ལྡེབ་ཚད། བྲིས་སྤར་གང་ཡིན་སོགས་ནང་དོན་ཁག༣༤རེའུ་མིག་ནང་གསལ་པོར་བསྟན་ཡོད་པས་ད་ཆ་འཛམ་གླིང་ཁྱོན་ལ་བོད་ཡིག་དཀར་ཆག་རྒྱས་ཤོས་དེ་ཡང་ཡིན། ད་ལྟའི་ཆར་བོད་ཕྱི་ནང་གི་དཔེ་རྙིང་མང་པོར་དཀར་ཆག་འགོད་སྐབས་དཀར་ཆག་འདི་རང་བེད་སྤྱོད་རྒྱ་ཁྱབ་ཏུ་གཏོང་མུས་ལགས། གཤམ་དུ་དཀར་ཆག་རྒྱས་པའི་དཔེ་གཞི་ཡོད།
༥ བུ་དཔེ།
དཔེ་རྙིང་སྲུང་སྐྱོབ་བྱེད་པའི་དམིགས་ཡུལ་གཙོ་བོ་ནི་དཔེ་རྙིང་གི་རིག་དངོས་རིན་ཐང་སྲུང་སྐྱོབ་བྱེད་ཆེད་ཙམ་མ་ཡིན་པར་དེ་བས་དཔེ་རྙིང་གི་དཔྱད་གཞིའི་རིན་ཐང་བསྔོག་འདོན་བྱས་ནས་རིག་གནས་འདི་ཉིད་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་རྒྱུ་དེ་ཡིན།
རྒྱུ་མཚན་དེ་འདྲའི་དབང་གིས་དཔེ་རྙིང་ཉར་ཚགས་ཙམ་མིན་པར་བེད་སྤྱོད་དུ་གྱུར་བར་བྱེད་དགོས་ན་བུ་དཔེ་བཟོ་ཐབས་བྱ་རྒྱུ་དེ་ནི་འོས་སུ་བབས་ཤིང་གནད་ལ་འཁེལ་བའི་ལས་དོན་ཞིག་ཆགས་ཡོད།
ད་ལྟའི་ཆར་ཚན་རྩལ་འཕེལ་རྒྱས་ཀྱིས་བུ་དཔེ་བཟོ་བའི་ཐབས་ལམ་ཡང་མང་དག་ཡོད་པ་དཔེར་ན། སྤར་སློག་དང༌། ཟེར་བྲིས། གྲངས་མཛོད་དུ་ཕབ་རྒྱུ་སོགས་ཡུལ་དུས་དང་བསྟུན་ཐུབ་ལ་མ་ཕྱིར་སྐྱོན་མི་འབྱུང་བའི་ཐབས་ལམ་དེ་འདྲ་བེད་སྤྱོད་རྒྱུར་ཡིད་གཟབ་དགོས་པ་ལགས། འདི་འདྲ་བྱུང་ན་དཔེ་གཅིག་དཔེ་དཀོན་ལྟ་བུར་ཐ་ན་གནོད་འཚེ་གང་རུང་ཐོན་ཡང་དཔེ་རྒྱུན་མི་ནུབ་པའི་དགེ་མཚན་ཐོན་ཐུབ། ཁོ་བོས་ཤེས་རྟོགས་ཐུབ་པར་གཞིགས་ན་བོད་ཁུལ་གྱི་དཔེ་རྙིང་ཁྲོད་དཔེ་དཀོན་དང་ཐ་ན་དཔེ་གཅིག་མ་མང་པོར་ད་དུང་བུ་དཔེ་བཟོ་ཐུབ་མེད་པས་ནམ་ཞིག་མི་འདོད་པའི་གནས་ཚུལ་འདྲ་ལྷགས་ན་རང་རེ་ཚང་མ་ཤིན་ཏུ་འགྱོད་པའི་ཡུལ་དུ་འགྱུར་རྒྱུའི་ཉེན་ཁ་ཤིན་ཏུ་ཆེ་བས་དེ་དོན་ཐུགས་ལ་འདོགས་པར་ཞུ་ཞེས་ཐལ་མོ་སྙིང་གར་འབྱར་ནས་ཞུ་གསོལ་ལོ།
༦ སྤར་སྐྲུན།
སྤར་སྐྲུན་བྱ་རྒྱུ་དེ་ནི་བུ་དཔེ་རྒྱ་ཁྱབ་ཏུ་སྤེལ་བའི་རྣམ་པ་ཞིག་ཡིན། དགའ་འོས་པ་ཞིག་ལ་ཉེ་ལམ་རྒྱལ་ཁབ་ཕྱི་ནང་གང་སར་གཞུང་སྒེར་ཅི་རིགས་པས་དཔེ་རྙིང་སྤར་སྐྲུན་བྱེད་པའི་ཚ་རླབས་ཞིག་འཕྱུར་བཞིན་ཡོད། སྤྱིར་ན་འདི་ནི་རྗེས་སུ་ཡི་རངས་ཞུ་འོས་ཀྱི་བྱ་བ་ཞིག་ཡིན་མོད། འོན་ཏེ་ཅུང་ཟད་བསམ་གཞིག་བྱ་བའི་ཡུལ་ཞིག་ཀྱང་ཡིན་ཏེ། དཔེ་རྙིང་ཡིན་ཚད་སྤར་དུ་སྐྲུན་དགོས་སམ་མི་དགོས། དཔེ་རྙིང་གང་དག་སྤར་དུ་སྐྲུན་དགོས། ཇི་ཙམ་སྤར་དུ་བཏབ་ན་འཚམ། སྤར་ཇི་འདྲ་བཏབ། གཞན་ཡང་ཉེ་ལམ་དཔེ་རྙིང་འགའ་ཞིག་དཔེ་གཞི་མི་འདྲ་བ་ཤིན་ཏུ་མང་བར་སྤར་ཡོད་པ་དང༌། ཡང་སྤར་དགོས་ངེས་ལྟ་བུའི་དཔེ་རྙིང་ཁག་གཅིག་སྤར་མ་ཐུབ་པའི་གནས་ཚུལ་སོགས་ཡོད། དེ་བཞིན་ད་ཆ་སྤར་སྐྲུན་བྱས་པའི་དཔེ་རྙིང་མང་དག་ལ་ཞུས་དག་གི་གནས་ཚུལ་ཚབ་ཆེན་ཡོད་པས་སྤར་དུ་བཏབ་པའི་དཔེ་རྙིང་དེ་དག་ཡིད་ཆེས་ཇི་ཙམ་འཕེར་ཐུབ་པ་སོགས་མནོ་བསམ་གྱི་ཡུལ་ཡིན། མདོར་ན་བོད་ཡིག་དཔེ་རྙིང་གི་སྤར་སྐྲུན་བྱ་གཞག་དེ་ལམ་ལུགས་ཅན་དང་ཚད་ལྡན་ཅན་ཞིག་ཆགས་ཐུབ་མེད་པས་བོད་ཡིག་དཔེ་རྙིང་གི་སྤར་སྐྲུན་འདི་ཉིད་ཁུངས་བཙུན་དོ་ཚགས་ཡོང་རེ་ལ་འབད་བརྩོན་ལྷོད་མེད་ཞུ་དགོས་པ་ཡོད་དོ། །
གསུམ་པ། ཕྲད་པའི་དཀའ་ངལ་དང་བཅོས་ཐབས་སྐོར་གྱི་བསམ་གཞིག །
༡ འབྲེལ་ལམ་འཛུགས་རྒྱུའི་ཐད།འབྲེལ་ལམ་འཛུགས་རྒྱུ་ཞེས་པ་དེ་ནི་དཔེ་རྙིང་གནས་ཡུལ་དང་དཔེ་རྙིང་གི་སྲུང་སྐྱོབ་བྱེད་མཁན་དབར་འཛུགས་རྒྱུའི་འབྲེལ་བ་ཞིག་ཡིན། གནད་དོན་འདི་ཉིད་མཐུན་ལམ་ལེགས་སྒྲིག་ཡག་པོ་ཞིག་མ་བྱུང་ན་དཀར་ཆག་དང་སྲུང་སྐྱོབ་སོགས་ཀྱི་ལས་ཀ་སྤྲོས་ནས་བྲལ་བ་ཞིག་རེད།
ང་ཚོར་གནས་ཚུལ་འདི་འདྲ་རྟག་ཏུ་འཕྲད་རྒྱུ་ཡོད་པ་ནི། དུས་རྒྱུན་བདག་སྤྲོད་གང་ཡང་མེད་པ་ཞིག་ལ་ཕྱི་མི་ཞིག་གིས་ཅུང་ཟད་དོ་འཁུར་འདྲ་པོ་བྱས་ན། ལམ་སེང་དེ་གར་འཁྲི་ཆ་ཡོད་མེད་ལ་མ་ལྟོས་པར་གཡས་གཡོན་གང་ས་ནས་ཧོབ་དྲོགས་འདྲ་པོ་རྒྱབ་ནས་ང་ཡིན་ཁོ་ཡིན་གྱིས་ཀུན་སློང་འདྲ་མིན་གྱིས་འགོག་རྐྱེན་བཟོ་མཁན་མང་དག་ཞིག་སླེབས་ཡོང༌། དེའི་དབང་གིས་གཅིག་ནས་གཞུང་ཕྱོགས་ཀྱི་བཀའ་འཁྲོལ་ཐོབ་རེ་དང༌། གཉིས་ནས་དཔེ་རྙིང་གནས་ཡུལ་དང་འབྲེལ་ལམ་ལེགས་པོ་ཞིག་བཙུགས་ནས་བྱ་བ་དེ་ཉིད་སྐྱེས་མ་ཐག་ཏུ་མ་འཆི་ཞིག་ཡོང་གལ་ཆེ།
དཔེ་རྙིང་ཞེས་པ་འདི་ཡིག་ཚངས་ཙམ་དུ་མ་ཟད་ད་དུང་རིག་དངོས་ཞིག་ཀྱང་ཡིན་པས། ས་ཆ་མང་པོར་གཞུང་ནས་བཀའ་འཁྲོལ་ཡོད་ཀྱང་འོག་ནས་ཀ་ཀོར་བཟོས་ནས་དཔེ་རྙིང་སྲུང་སྐྱོབ་བྱེད་མི་ཐུབ་དང༌། ཡང་འགའ་ཤས་སར་འོག་ནས་སྲུང་སྐྱོབ་བྱེད་འདོད་ཡོད་ཀྱང་གཞུང་ཕྱོགས་ནས་བཀའ་འཁྲོལ་མ་ཐོབ་པ་སོགས་ཅི་རིགས་པ་ཡོང༌། རང་རེ་དཔེ་རྙིང་གི་བྱ་བར་བཞུགས་མཁན་ཞིག་གིས་ངོས་ནས་བཤད་ན་བདག་དང་ཁེ་ལ་མ་ལྟོས་པར་མི་རིགས་དང་རིག་གནས་འགན་འཁུར་གྱི་ལྷག་བསམ་ཟོལ་མེད་ཞིག་འཁྱེར་རྒྱུ་ཡོད་ན་འགོག་རྐྱེན་ཅི་ལས་ཀྱང་བརྒལ་ཐུབ་པ་མཐོང་ཆོས་ཡིན། ཉུང་མཐར་དཔེ་རྙིང་གནས་ཡུལ་དང་འབྲེལ་ཡོད་གཞུང་ཕྱོགས་གིས་དཔེ་རྙིང་སྲུང་སྐྱོབ་ཀྱི་ལས་དོན་འདི་ནི་གལ་ཆེན་ཡིན་པ་ཤེས་རྟོགས་ཡོང་བ་བྱེད་དགོས།
༢ རིན་ཐང་ངོས་འཛིན་ཐད།
དཔེ་རྙིང་ལ་རིན་ཐང་གང་ཞིག་ཡོད་ཟེར་ན། སྐྱེ་བོ་མང་པོས་དཔེ་རྙིང་ནི་རིག་དངོས་ཞིག་རེད་ཅེས་ལན་འདེབས་སྲིད། དཔེ་རྙིང་རིག་དངོས་རེད་དམ་ཟེར་ན་རིག་དངོས་ཡིན་པ་ནི་སྨོས་མེད་ཐོག་ད་དུང་ཡིག་ཚངས་གི་རིན་ཐང་ལྡན་ཡོད། འདི་ནི་དཔེ་རྙིང་རིག་དངོས་གཞན་ལས་ཁྱད་པར་འཕགས་པའི་གནད་དེ་ཡང་རེད། །དེང་དུས་ང་ཚོས་ས་སྐྱར་བཞུགས་པའི་དཔེ་ཆའི་རྒྱལ་པོ་ལྟ་བུའི་བརྒྱད་སྟོང་སྲིད་ན་ཆེ་བའི་གླེགས་བམ་དེ་ངོ་སྤྲོད་བྱ་སྐབས་མང་པོས་ཆེ་ཆུང་གི་འབོར་དང་ལྗིད་ཚད། གསེར་སོགས་རྒྱུ་ཆའི་གླེང་བ་བྱེད་པ་ལས་འདི་ཉིད་འགྱུར་གང་ཡིན་དང་ཕབ་ཞུས་སུས་མཛད། དུས་ཚོད་གང་འདྲར་སྦྱིན་བདག་སུ་དང་ཡིག་པ་ཅི་ཡིན་སོགས་ཀྱི་སྐོར་འཁོད་པའི་ཡིག་སྣ་ནི་ཁོ་བོས་གཅིག་ཀྱང་མ་མཇལ།
དོན་དུ་དཔེ་རྙིང་ལ་ལོ་རྒྱུས་དང་རིག་གནས། ཆོས་ལུགས། སྤྱི་ཚོགས། སྐད་ཡིག་སོགས་ཀྱི་རིན་ཐང་ཆེས་ཕུན་སུམ་ཚོགས་པར་ཡོད་དེ། དཔེ་འཛར་གཅིག་གམ་མཆན་བུ་ཆུང་ཆུང་གཅིག་ལ་ཡང་ཆ་འཕྲིན་ཆེས་ཆེར་ལྡན་ཡོད་དེ། དཔེར་ན་ཀེ་རུ་དགོན་དུ་བཞུགས་པའི་འབུམ་གྱི་མཇུག་བྱང་ཞིག་ལས་བོད་སིལ་བུའི་དུས་མངའ་བདག་མགོན་ནེས་འོན་ཁུལ་ལ་མངའ་མཛད་ཚུལ་དང༌། ཐུགས་དམ་གྱི་ལྷ་ཁང་དང་གསུང་རྟེན་བཞེངས་ཚུལ། ཡུམ་སྲས་དང་ཞལ་ཏ་གནང་མཁན། ཐ་ན་ཡིག་པ་དང་ཡིག་གཟུགས། སྣག་ཤོག་ཅི་ཡིན་སོགས་ཆ་འཕྲིན་ཕུན་སུམ་ཚོགས་པར་ཡོད་པ་འདི་ཉིད་རྡོ་རིངས་ལ་དོ་ཟླ་འོས་པ་ཞིག་ཡིན་པ་བཅས་འདི་འདྲའི་དཔེ་ནི་ཤིན་ཏུ་ནས་མང༌།
དེ་བཞིན་དཔེ་རྙིང་ནང་དུ་དཔེ་གཅིག་མ་དང་དཔེ་དཀོན་ཡིན་རིགས་ཀྱིས་བོད་ཀྱི་རིག་གནས་ཁྲོད་དུ་གསར་རྙེད་ཀྱི་ལེགས་སྐྱེས་ཕུལ་ཐུབ་པར་མ་ཟད། དཔེ་གཞི་མི་འདྲ་བའི་ཁྱད་པར་ལས་དཔེ་སྡུར་ཞུས་དག་དང་ཧོར་ཀོང་གསབ་རྒྱུ་སོགས་དགེ་མཚན་འབུམ་ལས་འདས། གཞན་དུ་ན། དུས་རབས་སོ་སོའི་བརྡའ་བཏགས་ཀྱི་ཁྱད་ཆོས་དང་ཡིག་གཟུགས་ཀྱི་འགྱུར་བ། སྣག་ཤོག་དང་གླེགས་བམ་གྱི་བཀོད་པ་སོགས་ཞིབ་འཇུག་བྱ་ཡུལ་ཤིན་ཏུ་མང་བར་ཡོད་ལགས་པས་དེ་དོན་ཐུགས་འཇགས་ཀྱིས་དཀར་ཆག་འགོད་པ་དང་དཔེ་རྙིང་བེད་སྤྱོད་བྱ་སྐབས་དགོངས་བཞེས་མང་དུ་ཞུ་དགོས་པར་ཡོད།
འདིར་དཔེ་མཚོན་ལྟ་བུར་ཞུས་ན། འབྲས་སྤུངས་གནས་བཅུ་ལྷ་ཁང་ལ་དཀར་ཆག་འགོད་སྐབས་ང་ཚོའི་བསམ་ཡུལ་ལས་འདས་པར་དུས་རབས་བཅུ་བདུན་པའི་གོང་གི་བོད་ཀྱི་མཁས་པ་སྟོང་ཕྲག་བརྒལ་བའི་ཕྱག་རྩོམ་པོད་སྟོང་ཕྲག་གསུམ་ཙམ་ལ་ཆོས་ཚན་ཁྲི་གཉིས་ལྷག་སོན་པའི་དཔེ་རྙིང་རྙེད་སོན་བྱུང་ཞིང༌། ཕྱག་དཔེ་འདི་དག་ལས་བརྒྱ་ཆ་དགུ་བཅུ་གོ་ལྔ་ཡན་ཆོད་ནི་བྲིས་མ་ཤ་སྟག་ཡིན། འདི་ཚོའི་ཁྲོད་མི་ལོ་བརྒྱ་ཕྲག་མང་པོའི་གོང་ནས་དཔེ་རྒྱུན་སྟོང་པར་གྲགས་པའི་དཔེ་ཆ་དུ་མ་རྙེད་སོན་བྱུང་སྟེ། དཔེར་ན་བོད་དུ་བསྡུས་གྲྭའི་སྲོལ་གཏོད་མཛད་པོ་ཕྱ་པ་ཆོས་སེང་གི་ཚད་བསྡུས་ཡིད་ཀྱི་མུན་སེལ་སོགས་གསུང་རྩོམ་བཅུ་གྲངས་དང༌། ཨར་བྱང་ཆུབ་ཡེ་ཤེས་ཀྱི་ཤེར་ཕྱིན་ཊིཀ་དང༌། ཇོ་ནང་ཕྱོགས་ལས་རྣམ་རྒྱལ་གྱི་དུས་འཁོར་ལྗགས་མཆན་སོགས་ཆོས་ཚན་དུ་མ་དང༌། བོད་དུ་དར་བའི་ཆོས་ལུགས་གྲུབ་མཐའ་ཁག་གི་གཞུང་དང་ཡིག་ཆ། ཆོ་ག་ཕྱག་ལེན། བླ་མ་རྣམས་ཀྱི་གསུང་རྩོམ། ཆོས་འབྱུང་རྣམ་ཐར་སོགས་མ་ཚང་མེད་པ་ལྟ་བུ་དང་ལྷག་པར་དུ་དུས་དབང་གིས་ཉམས་གུད་དུ་སོང་བའི་ཞི་བྱེད་སྔ་ཕྱི་བར་གསུམ་དང༌། གཅོད་ཡུལ། རྔོག་ཆོས་བཀའ་བརྒྱུད། ཤངས་པ། གཡའ་བཟང༌། མཚལ་པ། སྨར་ཚང༌། སྙེ་མདོ་བ་ནས་བརྒྱུད་པའི་ཆོས་བརྒྱུད། ངན་རྫོང་སྙན་བརྒྱུད། ཇོ་ནང་སོགས་ཀྱི་ཡིག་ཆ་ཕུན་སུམ་ཚོགས་པ་བཞུགས་ཡོད་ལ། ལྷག་པར་ཇོ་བོ་བཀའ་གདམས་པའི་གསུང་འབུམ་སྲིད་ན་དཀོན་པ་ཁྱོན་པོད་སུམ་ཅུར་ལོན་པ་རྙེད་སོན་བྱུང༌། གཞན་ཡང་དགེ་ལུགས་པའི་བླ་མ་གོང་མ་རྣམས་ཀྱི་གསུང་ད་ཆ་ཡོངས་སུ་མ་གྲགས་པ་མང་དག་དང་ས་སྐྱ་གོང་མ་རྣམ་ལྔ་སོགས་བོད་ཀྱི་མཁས་དབང་དུ་མའི་གསུང་འབུམ་ཁྲོད་བཞུགས་མེད་པའི་མཁས་པ་དེ་དག་གི་གསུང་རྩོམ་ཆོས་ཚན་སྟོང་ཕྲག་ཙམ་བཙལ་རྙེད་ཐུབ་ཅིང༌། ཡོངས་སུ་མ་གྲགས་པའི་མཁས་པའི་གསུང་རྨད་དུ་བྱུང་བ་དེ་འདྲ་ལས་དཔེར་ན་གཡུང་སྟོན་ཞི་བྱེད་རས་པའི་རྗེ་བཙུན་མིད་ལའི་རྣམ་ཐར་དང༌། སྟག་སྟོན་གཞོན་ནུ་དཔལ་གྱི་སྒྲའི་བསྟན་བཅོས། སྒྲུབ་དབང་སངས་རྒྱས་ཡེ་ཤེས་ཀྱི་དམ་པའི་ཆོས་ཀྱི་གསན་ཡིག་སོགས་ངོ་མཚར་གྱི་བསྟན་བཅོས་ཤིན་ཏུ་མང༌།
གསུང་རྩོམ་འདི་དག་གི་རྩོམ་བྲི་བྱེད་པའི་ལོ་དུས་ཀྱི་གོ་རིམ་ལས་བོད་ཀྱི་དུས་རབས་དགུ་པ་ནས་བཅུ་བདུན་བར་གྱི་ཡིག་གཟུགས་འཕེལ་རིམ་གྱི་འགྱུར་བ་གསལ་པོར་རྟོགས་ཐུབ་པ་ནི་ཞོར་དུ་རྙེད་པའི་ལེགས་སྐྱེས་ཆེན་པོ་ཞིག་ཡིན།
༣ རྒྱུན་མཐུད་སྲུང་སྐྱོབ་ཐད།
སྲུང་སྐྱོབ་བྱ་རྒྱུ་ཞེས་པ་དེ་ནི་རྒྱུན་བསྐྱངས་ནས་འཁྱོངས་པར་བྱེད་པའི་གནད་དོན་ཞིག་རེད། ད་ལོ་སྲུང་སྐྱོབ་ཐད་གནས་ཚུལ་མེད་པ་དེ་དུས་སང་གནས་ཚུལ་མེད་པའི་ངེས་པ་མེད། དཔེར་ན། ལྷ་སའི་ཉེ་འཁོར་གྱི་དགོན་སྡེ་ཞིག་ལ་དཔེ་རྙིང་ཕོན་ཆེན་ཞིག་སྔར་ནས་འདུ་ཁང་ནང་གི་ཀུན་དགའ་རྭ་བར་བཞུགས་མུས་ལ། ཕྱི་ནས་བལྟས་ནས་ཉམས་མེད་ལྟ་བུར་འདུག་ན་ཡང། དུས་ཚོད་གང་ཙམ་ནས་བྱུང་བ་ཡིན་མ་ཤེས་པའི་རྩིག་སེང་གིས་ཆར་ཆུས་དཔེ་རྙིང་དེ་དག་བརླན། དེར་ཡང་སྐབས་འཕྲལ་སྐམ་སེལ་བྱེད་མ་ཐུབ་པའི་རྐྱེན་གྱིས་དཔེ་ཞབས་ཕལ་ཆེར་རུལ་གཞིར་གྱུར་བའི་ཡིད་ཕམ་པའི་གནས་ཚུལ་དེ་འདྲ་ལྷག་པ་ཁོ་བོ་རང་ནས་མིག་མཐོང་ལག་ཟིན་བྱུང་སོང༌། གཞན་ཡང་ཉེ་ལམ་དཔེ་རྙིང་ཞུགས་ལ་ཚིག་པའི་གཏམ་ཡང་མང་པོ་ཐོས་རྒྱུ་འདུག་པ་རང་བྱུང་གནོད་འཚེ་ཙམ་ཡིན་ནམ་གཙོ་བོ་དཔེ་རྙིང་ཉར་ཚགས་མཁན་དེ་དག་ལ་འགན་འཁྲི་མེད་པས་ལན་པ་ཡིན་ངེས་པར་མནོ་བསམ་གྱི་ཡུལ་ཡིན།
འཛམ་གླིང་ཡུལ་གྲུ་ཁག་ལ་དེང་དུས་དཔེ་རྙིང་མཛོད་ཉར་གནང་སྐབས་དྲོད་ཚད་དང་བཤེར་ཚད་ཀྱི་ཚོད་འཛིན་དམ་ཟབ་བྱ་བཞིན་ཡོད། རང་རེ་བོད་ལ་མཚོན་ན། བོད་ཀྱི་གནམ་གཤིས་དང་རང་བྱུང་གི་ཆ་རྐྱེན་འདི་ཉིད་ཧ་ལམ་དཔེ་རྙིང་མཛོད་ཉར་བྱ་ཡུལ་ལྷུན་གྱི་གྲུབ་པ་ལྟ་བུ་ཡོད་པར་གྲགས་ཤིང༌། བོད་ཡིག་དཔེ་རྙིང་ལ་བེད་སྤྱོད་པའི་བོད་ཤོག་འདི་ཡང་འབུ་མི་རྒྱག་པ་དང་བུལ་མི་འགྲོ་བ་སོགས་ཀྱི་ཁྱད་ཆོས་མང་དག་ཡོད་གཤིས། གླེགས་ཤིང་དཔེ་རས་དང་བཅས་པའི་དཔེ་རྙིང་ཚགས་བྱེད་ཚུལ་དེར་ཡང་ཡུལ་དུས་འཚམ་པའི་དགེ་མཚན་ཡོད་ཚུལ་གླེང་བ་མང་དུ་ཡོད། འོན་ཀྱང་རང་རེ་རྣམས་ཀྱིས་བག་གཡེང་དང་ཧོད་རྒྱུག་མ་ཤོར་བར་རིན་བྲལ་ནོར་བུ་འདི་དག་གཙིགས་སུ་བཟུང་ནས་བྱི་དོར་བཀུར་བཟོས་མ་གཡེལ་བ་དགོས་རྒྱུ་ནི་སྙིང་གཏམ་ཡིན་ནོ། །
ང་ཚོས་གཅིག་ནས་དཔེ་རྙིང་ལ་དཀར་ཆག་འགོད་པ་དང་བུ་དཔེ་བཟོ་བ། སྤར་དུ་བཏབ་པ་སོགས་བྱས་ནས་ཡིག་ཚངས་རིན་ཐང་སྲུང་སྐྱོབ་བྱེད་དགོས་པར་མ་ཟད། ཕྱོགས་གཞན་ཞིག་ནས་དཔེ་རྙིང་འདི་ཉིད་ཀྱི་ཕྱི་མོ་མི་རབས་ནས་མི་རབས་བར་གནས་ཐབས་ཀྱི་འབད་རྩོལ་ལྷོད་མེད་ཞུས་ནས་དཔེ་རྙིང་གི་རིག་དངོས་རིན་ཐང་སྲུང་སྐྱོབ་ཞུ་རྒྱུ་ནི་ཤིན་ཏུ་གལ་ཆེ་བར་སེམས།
ཡོང་ཁུངས། ༢༠༢༡ལོའི«བོད་ལྗོངས་སློབ་ཆེན་རིག་དེབ»དེབ་བཞི་པ།
འབྲེལ་ཡོད་འོས་སྦྱོར།
-
འདིར་གཙོ་བོ་བྲག་ཡེར་པའི་དཀར་ཆག་མཚན་བྱང་མི་འདྲ་བ་ཁག...