logo

དཔེ་རྒྱུན་དཀོན་པ་འགའ་ཞིག་གི་ཐོ་ཡིག་དོན་གཉེར་ཡིད་ཀྱི་ཀུནྡ་བཞད་པའི་ཟླ་འོད་འབུམ་གྱི་སྙེ་མ་བཞུགས་སོ། །(སྨད་ཆ།)

རྩོམ་པ་པོ།:རྗེ་ཤེས་རབ་རྒྱ་མཚོ། ཡོང་ཁུངས།:འོད་འཛིན་རྩོམ་སྟེགས། དུས་ཚོད།:2022-06-02 ཀློག་གྲངས།:
        ཁྱུང་པོ་ལྷས་པ་གཞོན་ནུ་བསོད་ནམས་ཀྱི་འཇམ་དཔལ་གསང་ལྡན་གྱི་དཀྱིལ་ཆོག། བུའི་སློབ་མ་ཤངས་པ་དགེ་བསྙེན་ཡོངས་གྲགས་རྒྱལ་པོའི་གསང་ལྡན་གྱི་དཀྱིལ་ཆོག། དབང་ལྡན་པ་དགེ་འདུན་དཔལ་བཟང་གི་གསང་ལྡན་གྱི་ལྷན་ཐབས། བུ་སྟོན་གྱི་ཀུན་རིག་གི་ཆོ་ག། དབོན་རྒྱལ་བའི་ལྷན་ཐབས། ཤར་ཆེན་ཡེ་ཤེས་རྒྱ་མཚོའི་དཀྱིལ་ཆོག་གི་མཆན། ངོར་པ་ཀུན་བཟང་གི་ཀུན་རིག་གི་ཆོ་ག་གཞན་ཕན་མཐའ་ཡས་ཆ་གསུམ་དང་བཅས་པ། སྒམ་པོ་བཀྲ་ཤིས་རྣམ་རྒྱལ་དང་། དྭགས་པོ་བཀྲས་རྣམ་པའི་ཀུན་རིག་གི་ཆོ་ག། ཀུན་རིག་གི་སྦྱིན་སྲེག་གྲགས་པ་རིན་ཆེན་གྱིས་མཛད་པ། བུའི་གཙུག་དགུའི་དཀྱིལ་ཆོག། བྱང་གླིང་འཇམ་དབྱངས་རིན་ཆེན་བཀྲ་ཤིས་རྒྱལ་མཚན་གྱི་ལྷན་ཐབས། བུའི་འཆི་བདག་འཇོམས་པའི་དཀྱིལ་ཆོག། ཞྭ་ལུ་རིན་ཆེན་བསོད་མཆོག་པའི་ལྷན་ཐབས། ཞྭ་ལུ་ཁང་རྙིང་གྲ་ཆང་གི་ཕྱག་ལེན་དུ་མཛད་པ་ཆོས་རིག་རྒྱལ་མཚན་གྱི་གདུགས་དཀར་སྒྲུབ་དཀྱིལ། ཆོས་རྗེ་རིན་ཆེན་བྱམས་པ་ཆོས་འཕེལ་གྱི་གདུགས་དཀར་ལྷ་མང་གི་སྒྲུབ་དཀྱིལ་ནག་འགྲོས་མ། སོའི་སྔགས་འཆང་སྙེ་མདོ་ཤཱཀྱ་དཔལ་གྱི་གདུགས་དཀར་ལྷ་བཅུ་བདུན་མའི་སྒྲུབ་དཀྱིལ། སྔགས་རམས་པ་དགེ་འདུན་བཀྲ་ཤིས་ཀྱི་གདུགས་དཀར་དཀྱིལ་ཆོག།
        པཎ་ཆེན་བཟང་པོ་བཀྲ་ཤིས་ཀྱི་གདུགས་དཀར་སྦྱིན་སྲེག། བུ་སྟོན་གྱི་རྣམ་སྣང་མངོན་བྱང་གི་དཀྱིལ་ཆོག་སྐུའི་བཀོད་པ་མི་ཟད་པའི་རྒྱན་གྱི་སྒོ་འབྱེད། དམར་ཆོས་ཀྱི་རྒྱལ་པོ་རྣམ་སྣང་མངོན་བྱང་གི་དཀྱིལ་ཆོག། ཤེར་འབྱུང་བའི་རྣམ་སྣང་མངོན་བྱང་གི་སྒྲུབ་དཀྱིལ། འབྲོང་རྩེ་ལྷ་བཙུན་གྱི་རྣམ་སྣང་མངོན་བྱང་གི་དཀྱིལ་ཆོག། ཞྭ་ལུ་ཡེ་ཤེས་རྒྱ་མཚོའི་ཁྲིགས་བཞིན་དུ་རིན་ཆེན་བསོད་ནམས་མཆོག་གྲུབ་ཀྱིས་མཛད་པའི་རྣམ་སྣང་མངོན་བྱང་གི་དཀྱིལ་ཆོག་རབ་གསལ་ནོར་བུའི་ཕྲེང་བ། ཧོར་སྟོན་ནམ་མཁའ་དཔལ་གྱི་ཚེ་དཔག་ལྷ་དགུའི་སྒྲུབ་དཀྱིལ། འདིའི་ཡི་གེ་པ་པཎ་ཆེན་དགེ་འདུན་གྲུབ་ཀྱིས་མཛད། འདུལ་འཛིན་གྲགས་པ་རྒྱལ་མཚན་གྱི་ཚེ་དཔག་ལྷ་དགུའི་སྒྲུབ་དཀྱིལ། ལྷ་གཟིགས་གྲགས་པ་རྒྱ་མཚོའི་ཚེ་དཔག་ལྷ་དགུའི་སྒྲུབ་དཀྱིལ་དབང་ཆོག་དང་བཅས་པ་འཆི་བདག་བདུད་འཇོམས། སྒྲ་ཚད་བའི་འཆི་མེད་རྔ་སྒྲའི་དཀྱིལ་ཆོག་ཚེ་དཔལ་ཡེ་ཤེས་བསམ་གྲུབ། བླ་མ་འཕགས་པའི་དངོས་སློབ་སྤྲོ་ལུང་པ་ཀུན་དགའ་སྨོན་ལམ་གྱི་ཚེ་དཔག་ལྷ་དགུའི་ཆོ་ག། ངོར་པ་དཀོན་མཆོག་ལྷུན་གྲུབ་ཀྱི་ཚེ་དཔག་ལྷ་དགུའི་སྒྲུབ་དཀྱིལ་འཆི་མེད་གྲུབ་པའི་ལམ་བཟང་། ཐར་རྩེའི་འཆི་མེད་རྔ་སྒྲ་ལྷ་དགུའི་གྲུབ་དཀྱིལ། བུའི་མི་འཁྲུགས་པ་ལྷ་བཅུ་གསུམ་གྱི་དཀྱིལ་ཆོག། དབོན་རྒྱལ་བའི་ལྷན་ཐབས། བྱང་གླིང་མགོན་པོ་རིན་ཆེན་རྒྱལ་པོའི་མི་འཁྲུགས་པའི་དཀྱིལ་ཆོག་གི་དཀའ་གནད་གསལ་བྱེད།
        ངོར་པ་དཀོན་མཆོག་ལྷུན་གྲུབ་ཀྱི་མི་འཁྲུགས་པ་ལྷ་དགུའི་སྒྲུབ་དཀྱིལ་ལས་སྒྲིབ་རྣམ་སྦྱོང་། པདྨ་དཀར་པོའི་མི་འཁྲུགས་པ་ལྷ་དགུའི་སྒྲུབ་དཀྱིལ། ཀརྨ་ཆོས་ཀྱི་དབང་ཕྱུག་གི་མི་འཁྲུགས་པའི་ཆོ་ག། ཀརྨ་ལུང་རིགས་རྒྱ་མཚོའི་མི་འཁྲུགས་པ་ལྷ་དགུའི་ཆོ་ག། ལོ་པ་སྤྱན་སྔ་ངག་དབང་ཆོས་གྲགས་ཀྱི་སློབ་མ་ཀུན་དགའ་ལེགས་གྲུབ་ཀྱི་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་དཀྱིལ་ཆོག་ལག་ལེན་གསལ་བྱེད་ངེས་དོན་རྒྱ་མཚོ། འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་ཀྱི་སྨན་བླ་ཞེ་བདུན་མའི་དཀྱིལ་ཆོག་ཕན་བདེའི་འབྱུང་གནས། ཚོང་འདུས་ཁྲི་ཁང་རྒྱལ་པོའི་སྲས་ཆོས་ལེགས་དཔལ་དར་བཟང་བོའི་རྒྱུད་སྡེ་བཞི་དང་འབྲེལ་བའི་སྒྲུབ་དཀྱིལ་སོགས་ལེགས་བཤད་མང་དུ་བཞུགས་པར་ཞྭ་ལུ་གྲང་ཆེན་གྱི་སློབ་དཔོན་མཛད་པས་གྲང་ལུགས་ཟེར། འདིའི་བསྟོད་པ་སྙན་ངག་ཚངས་པའི་མགུལ་རྒྱན་ཆོས་རྗེ་དཀའ་བཞི་པས་མཛད་པ། ཐར་རྩེའི་གསང་བ་སྤྱི་རྒྱུད་ལས་གསུངས་པའི་རིགས་གསུམ་སྤྱིའི་དབང་ཆོག། ཨ་ར་པ་ཙ་ལྷ་ལྔའི་དབང་གི་གསལ་བྱེད། མངའ་རིས་རབ་འབྱམས་པ་ཚུལ་ཁྲིམས་འོད་ཟེར་གྱི་བྱ་རྒྱུད་རིགས་གསུམ་སྤྱིའི་དཀྱིལ་ཆོག་འཕྲིན་ལས་ལྷུན་གྲུབ། ཨེ་ཝཾ་སྒྲུབ་ཁང་པ་དཔལ་ལྡན་དོན་གྲུབ་ཀྱི་རིགས་གསུམ་སྤྱིའི་དབང་གི་ཐོ་ཆུང་།
        ཁྲིམས་ཁང་ལོ་ཙཱ་བའི་པཎ་ཆེན་ནགས་རིན་གྱི་ཐུགས་དམ་གྱི་ལྷ་སྡོམ་པ་བཅུ་གསུམ་མ་དང་། མི་གཡོ་བ་བླ་མེད་ཕག་མོ་སོག་པཎ་ཆེན་ནས་བརྒྱུད་པ་ཕལ་ཆེར་དང་། འཇིགས་བྱེད། འཇམ་དཔལ་སྒྱུ་དྲྭ། ཕྱག་རྡོར་དབང་བསྐུར། རྟ་མགྲིན་སོགས་ཀྱི་སྒྲུབ་དཀྱིལ། མཁས་པ་ཟླ་བ་དཔལ་རིན་གྱི་དུས་འཁོར་ཆོ་གའི་ལྷན་ཐབས། འཇིགས་བྱེད་དཔའ་བོ་གཅིག་པའི་སྒྲུབ་ཐབས། ཕྱག་རྡོར་འགྲོ་བཟང་གི་དབང་ཆོག། ཁམས་གསུམ་རྣམ་རྒྱལ་གྱི་དཀའ་གནད་གསལ་བྱེད། དེའི་ལྷན་ཐབས་དང་དབང་ཆོག། ཞྭ་ལུ་རིན་ཆེན་འཇམ་དཔལ་བསྟན་པའི་རྒྱལ་མཚན་གྱི་རྣམ་འཇོམས་དཀར་པོའི་སྒྲུབ་དཀྱིལ་ལྷན་ཐབས་དང་། འཇིགས་བྱེད་དཔའ་བོ་གཅིག་པའི་སྒྲུབ་ཐབས། ཞྭ་ལུ་རིན་ཆེན་བསོད་ནམས་འཕེལ་གྱི་རྣམ་འཇོམས་དཀར་པོའི་དཀྱིལ་ཆོག། རྒྱ་སྟོན་ཀུན་དགའ་བརྩོན་འགྲུས་ཀྱིས་ཝ་རི་པའི་ལུགས་ཀྱི་རྣམ་འཇོམས་དཀར་པོ་ལྷ་བཅུ་དགུའི་མངོན་དཀྱིལ། གུ་གེ་པཎ་ཆེན་གྲགས་པ་རྒྱལ་མཚན་གྱི་གྲུབ་ཆེན་མ་ཎི་ཀ་བཛྲ་ལུགས་ཀྱི་སྤྱོད་རྒྱུད་རྣམ་འཇོམས་ལྷ་བཅུ་དགུའི་དཀྱིལ་ཆོག་རིན་ཆེན་དབང་རྒྱལ། ངོར་པ་དཀོན་མཆོག་ལྷུན་གྲུབ་ཀྱི་ཀྱཻ་རྡོར་མན་ངག་ལུགས་ཀྱི་སྒྲུབ་དཀྱིལ། ལཱུ་ཨི་པའི་དཀྱིལ་ཆོག་གི་གསལ་བྱེད་ཁྱད་པར་བཞི་ལྡན།
        གྲུབ་ཆེན་ཀུན་དགའ་བློ་གྲོས་ཀྱི་སངས་རྒྱས་མཉམ་སྦྱོར་སྒྱུ་མ་བདེ་མཆོག་རིགས་བསྡུས་ཀྱི་སྒྲུབ་དཀྱིལ་དགའ་བ་འཁྱིལ་བ། ཆོས་རྗེ་ནམ་མཁའ་འོད་ཟེར་དང་། འཇམ་དབྱངས་མཁྱེན་བརྩེའི་མཉམ་སྦྱོར་ཟིན་བྲིས། འབྲོག་ཁང་པ་དོན་གྲུབ་རྒྱལ་མཚན་དང་། ཆུ་མིག་ཁ་པ་དཀོན་མཆོག་དཔལ་བཟང་གི་བུ་སྟོན་གྱི་མཧཱ་མ་ཡའི་སྒྲུབ་དཀྱིལ་གྱི་ལྷན་ཐབས། ཡེ་ཤེས་དཔལ་འབྱོར་གྱི་མཧཱ་མ་ཡའི་སྒྲུབ་དཀྱིལ་ནག་འགྲོས་མ། རྔོག་རིན་ཆེན་དཔལ་བཟང་གི་རྣལ་འབྱོར་ནམ་མཁའ་འམ་རྡོ་རྗེ་གདན་བཞིའི་མངོན་རྟོགས་དང་དཀྱིལ་ཆོག། སྒྲ་ཚད་པའི་སྤྱན་རས་གཟིགས་པདྨ་དྲ་བའི་དཀྱིལ་ཆོག། མཁྱེན་རབ་རྗེའི་ལྷན་ཐབས། མཁན་ཆེན་རིན་ཆེན་འཇམ་དཔལ་གྱི་སེམས་ཉིད་ངལ་གསོའི་སྒྲུབ་ཆོག། བུའི་རྩེ་མོ་རིགས་བསྡུས་ཀྱི་དཀྱིལ་ཆོག། མཁྱེན་རབ་རྗེའི་ལྷན་ཐབས་གཞན་ཕན་ཆུ་རྒྱུན། ཤར་པ་ཡེ་ཤེས་རྒྱ་མཚོའི་དབང་ཆོག། མཁས་པ་ཙནྡྲའི་དབང་གི་སྡོམ་ཚིག་དང་། ཚིག་འབུམ་གྱི་དཀའ་འགྲེལ། བུའི་དཔལ་མཆོག་རིགས་བསྡུས་ཀྱི་དཀྱིལ་ཆོག། ཤར་པ་ཡེ་རྒྱམ་པའི་དབང་ཆོག། མཁྱེན་རབ་རྗེའི་ལྷན་ཐབས། ངོར་བའི་མཁའ་འགྲོ་རྒྱ་མཚོ་ལྷ་སྟོང་དང་ལྔ་བརྒྱ་ཞེ་ལྔའི་སྒྲུབ་ཐབས་དངོས་གྲུབ་རིན་པོ་ཆེའི་མཛོད། དཀྱིལ་ཆོག་ཡོན་ཏན་རིན་པོ་ཆེའི་མཛོད། མཆོད་ཕྲེང་བསོད་ནམས་རིན་པོ་ཆེའི་མཛོད། སྔགས་ཕྲེང་ངོར་གྱི་ཞུས་དག་མ།
        བྱང་གླིང་རིན་ཆེན་བཀྲ་ཤིས་རྒྱལ་མཚན་གྱི་ལྷན་ཐབས་གསང་བའི་མཛོད་ཀྱི་སྒོ་འབྱེད་ལྡེ་མིག། མཁན་ཆེན་སངས་རྒྱས་ཕུན་ཚོགས་ཀྱི་དེའི་ཕྱག་ལེན་ཡིད་ཀྱི་མུན་སེལ། དབང་གི་མཚམས་སྦྱོར་དམ་པའི་ཞལ་ལུང་། དབང་དངོས་གཞིའི་སྡོམ་ཚིག། ཐར་རྩེའི་ཀུ་རུ་ཀུལླེ་ལྷ་ལྔའི་མངོན་དཀྱིལ། མཁན་ཆེན་བྱམས་པ་ཚུལ་ཁྲིམས་ཀྱི་ཀྱཻ་རྡོར་ཌོམ་བྷི་ལུགས། མཚོ་སྐྱེས་ལུགས། ནག་པོ་དམ་ཚིག་རྡོ་རྗེའི་ལུགས་གསུམ་གྱི་མངོན་དཀྱིལ། གོ་རམས་པའི་གུར་རིགས་བསྡུས་ཀྱི་སྒྲུབ་དཀྱིལ། ཤར་ཆེན་པའི་མཆོད་ཕྲེང་། དཀོན་མཆོག་ལྷུན་གྲུབ་དང་བྲང་ཏིའི་ཟུར་འདེབས། ཞུས་ཆེན་པའི་མཚམས་སྦྱོར། ངོར་བའི་སམ་བུ་ཊ་ནས་གསུངས་པའི་རྡོར་དབྱིངས་སོ་བདུན་མའི་སྒྲུབ་ཐབས་དངོས་གྲུབ་སྙེ་མ། དཀྱིལ་ཆོག་ཚོགས་གཉིས་སྙེ་མ། གཏོར་ཆོག། མཆོད་ཕྲེང་། ངོར་བ་དཀོན་མཆོག་ལྷུན་གྲུབ་ཀྱི་དེའི་དཀྱིལ་ཆོག་དབང་གི་སྙེ་མ། ཐར་རྩེའི་དེའི་ཟིན་བྲིས་པདྨ་ཁ་འབྱེད། ཞུ་ཆེན་གྱི་མཚམས་སྦྱོར། སྒྲ་ཚད་པའི་བསྲུང་བ་གྲྭ་ལྔ་ལྷ་ང་གཅིག་གི་དཀྱིལ་ཆོག་བདེ་དགའ་རྒྱ་མཚོ། མཁས་གྲུབ་གྲགས་པ་རིན་ཆེན་གྱི་གཙུག་ཏོར་དྲི་མེད་ལྷ་ལྔའི་དཀྱིལ་ཆོག་འཇུག་བདེ་རབ་གསལ།
        སྒྲ་ཚད་པའི་གཙུག་ཏོར་དྲི་མེད་ཀྱི་གཟུངས་བཀླག་ཅིང་མཆོད་རྟེན་བརྒྱ་རྩ་བརྒྱད་དམ་ལྔ་གདབ་པའི་ཆོ་ག་མདོ་སྡེ་ལས་བཏུས་པ་མཆོད་འབུམ། མཁྱེན་བརྩེའི་འོད་ཟེར་དྲི་མེད་ཀྱི་གཟུངས་ལས་གསུངས་པའི་སྲོག་ཤིང་འཛུགས་པའི་ཆོ་ག་ལག་ལེན་བཀླག་ཆོག། ཞྭ་ལུ་བསོད་ནམས་མཆོག་གྲུབ་ཀྱི་འོད་ཟེར་དྲི་མེད་ཀྱི་དཀྱིལ་ཆོག་གི་ལྷན་ཐབས་དབང་ཆོག་དབང་བཅས་པ་མུན་སེལ་ཉིན་བྱེད་སྣང་བ། གཙུག་ཏོར་དྲི་མེད་ཀྱི་དཀྱིལ་འཁོར་མཆོད་རྟེན་དུ་གཞུག་པའི་ཆོ་ག་འཆི་མེད་བདུད་རྩིའི་དཔལ་སྟེར། འོད་ཟེར་དྲི་མེད་ཀྱི་དཀྱིལ་འཁོར་མཆོད་རྟེན་དུ་གཞུག་ནས་སྲོག་ཤིང་འཛུགས་པའི་ཆོ་ག་དང་བཅས་པ་འཆི་མེད་བདུད་རྩིའི་ཆུ་རྒྱུན་ཞེས་བྱ་བ་བུའི་བཞེད་པ་ལྟར་གཅིག་ཏུ་དྲིལ་ནས་གསལ་བར་བཀོད་པ། འཇམ་དབྱངས་མཁྱེན་བརྩེའི་སངས་རྒྱས་མཉམ་སྦྱོར་སྒྱུ་མ་བདེ་མཆོག་ལྷ་བརྒྱ་དང་ཞེ་གཉིས་ཀྱི་སྒྲུབ་ཐབས་འཕྲིན་ལས་མཐའ་ཡས། དཀྱིལ་ཆོག་རྟོགས་སླ་ཞིང་དངོས་གྲུབ་འབྱུང་བ། ཞྭ་ལུ་པ་ནམ་མཁའ་འོད་ཟེར་གྱི་དེའི་དཀྱིལ་ཆོག་མཐོང་བ་དོན་ལྡན། གོ་རམས་པའི་སྒྲུབ་ཐབས་དངོས་གྲུབ་རྒྱ་མཚོ་དང་དཀྱིལ་ཆོག་བདེ་ཆེན་རྒྱ་མཚོ། ངོར་པ་དཀོན་མཆོག་ལྷུན་གྲུབ་ཀྱི་དེའི་སྒྲུབ་དཀྱིལ་གྱི་གསལ་བྱེད་རབ་གསལ་སྣང་བ། རྟ་ནག་བདེ་ཆེན་པ་རྒྱལ་མཚན་དཔལ་བཟང་གི་ཕྱག་རྡོར་གྱི་སྒྲུབ་ཐབས། མཆོད་ཕྲེང་། ཚོགས་འཁོར། དབང་ཆོག། ལས་བཞིའི་སྦྱིན་སྲེག། གདོན་གྲོལ། ཀླུ་གཏོར་རྣམས་དང་།
        མཆིམས་ནམ་མཁའ་གྲགས་ཀྱི་གནས་བརྟན་སྒྲུབ་ཡིག་རྒྱས་པ། ཕྱག་མཆོད་བསྡུས་པ། མཆིམས་བློ་བཟང་གྲགས་པའི་སྒྲུབ་ཡིག་འབྲིང་པོ། ཤེས་རབ་རྒྱལ་མཚན་གྱི་གནས་བཅུའི་ཕྱག་མཆོད། ཤེར་འབྱུང་བློ་གྲོས་ཀྱི་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལྷ་བཅུ་གསུམ་གྱི་སྒྲུབ་དཀྱིལ་དངོས་གྲུབ་རོལ་མཚོ་འདི་སྟོད་ལུང་ཚེར་གསེར་དགོན་པའི་ཚོགས་འདོན་ཡིན། སྔགས་རམས་པ་དགེ་འདུན་བཀྲ་ཤིས་ཀྱི་མི་ཏྲའི་ལུགས་ཀྱི་ཐུགས་རྗེ་ཆེན་པོ་གསང་སྒྲུབ་དང་། དོན་ཡོད་ཞགས་པའི་མངོན་དཀྱིལ། ཤེར་འབྱུང་བའི་སངས་རྒྱས་ཐོད་པ་ལྷ་ཉེར་ལྔའི་སྒྲུབ་ཐབས་ལྷ་དགུ་མར་སྦྱར་ཆོག་པ། སྒྱུ་མ་ཆེན་མོ་ལྷ་ལྔའི་མངོན་རྟོགས། བཀྲས་ལྷུན་སྔགས་ཆེན་དགེ་འདུན་དོན་གྲུབ་ཀྱི་མི་ཏྲིའི་ནང་ཚན་དབྱངས་ཅན་མའི་མངོན་རྟོགས།

        ༈ རྗེས་གནང་གི་ཆོ་གའི་སྐོར་ལ། སྔགས་རམས་པ་དགེ་འདུན་བཀྲ་ཤིས་ཀྱི་སྒྲུབ་ཐབས་རྒྱ་མཚོའི་རྗེས་ཆོག། བསྟོད་པ་ཤོ་ལོ་ཀ་རེ་དང་། ཐེམ་ཡིག། མགོན་པོ་བཀའ་བཅུ་གསུམ་གྱི་རྗེས་གནང་གི་ལྷན་ཐབས། རྣམ་སྲས་ལས་ཚོགས། དྲུག་ཅུ་པའི་ཆོ་ག། བ་རི་བརྒྱ་རྩའི་རྗེས་ཆོག་དཔེན་ས་པའི་གསུང་རྒྱུན་བསོད་ནམས་རྒྱལ་མཚན་གྱི་ཟིན་བྲིས། ཕ་བོང་ཁ་པ་འཇམ་དབྱངས་གྲགས་པའི་སྣར་ཐང་བརྒྱ་རྩའི་སྒྲུབ་ཐབས་དང་རྗེས་ཆོག། རིགས་གསུམ་མགོན་པོའི་རྗེས་ཆོག། ཐུགས་རྗེ་ཆེན་པོ་མཁའ་འགྲོ་ལྔ་སྐོར་གྱི་རྗེས་ཆོག། བཅུ་གཅིག་ཞལ་གྱི་རྗེས་ཆོག་བཀླག་པས་དོན་གྲུབ། བཅུ་གཅིག་ཞལ་གྱི་བྱབས་ཁྲུས། རྣམ་འཇོམས་བསྟོད་པ་བར་ཆད་ཀུན་སེལ། འཇམ་དབྱངས་ནག་པོ་དང་གདུགས་དཀར་གྱི་མངོན་རྟོགས། གཤིན་པོ་རྗེས་འཛིན་བསྡུས་པ། ལྷ་པ་ཞབས་དྲུང་བློ་བཟང་བསྟན་པ་དར་རྒྱས་ཀྱི་སློབ་མ་གཙང་སྲད་པར་བསྟན་པ་དར་རྒྱས་ཀྱི་རྡོར་ཕྲེང་ཟིན་བྲིས། བ་རི་བརྒྱ་རྩའི་རྗེས་གནང་གི་ཆིངས། རབ་གནས་དགེ་ལེགས་རྒྱ་མཚོའི་སྡོམ་ཚིག། ལྷོ་སྒོའི་དམིགས་རིམ་དང་རོ་བསྲེག། སཙྪ་འདེབས་ཆོག། བ་སོ་སྤྲུལ་སྐུ་ལྷ་དབང་ཆོས་ཀྱི་རྒྱལ་མཚན་གྱི་སེང་གདོང་གཙོ་འཁོར་གསུམ་པའི་སྒྲུབ་ཐབས་དང་རྗེས་ཆོག། འབྲོང་རྩེ་ལྷ་བཙུན། གཙང་སྟོན་ཀུན་དགའ་རྒྱལ་མཚན། རྒྱུད་ཆེན་བརྩོན་འགྲུས་འཕགས། འཁོན་སྟོན་རྣམས་ཀྱི་འཇིགས་བྱེད་སྔགས་བཏུའི་རྗེས་ཆོག།
        རྗེ་ནམ་མཁའ་དཔལ་བ། བྲག་རི་དགེ་བཤེས་ཁྱབ་བདག་རྡོ་རྗེ། གུ་གེ་ཡོངས་འཛིན་བློ་བཟང་བསྟན་འཛིན་རྣམས་ཀྱི་གསང་འདུས་སྔགས་བཏུའི་རྗེས་ཆོག། འཇམ་དབྱངས་བདེ་བའི་རྡོ་རྗེ་དང་། འབྲོང་རྩེ་ཡོངས་འཛིན་བློ་བཟང་ཚུལ་ཁྲིམས་གཉིས་ཀྱི་བདེ་མཆོག་སྔགས་བཏུའི་རྗེས་ཆོག། གཙང་སྟོན་ཀུན་དགའ་རྒྱལ་མཚན་གྱི་ཙནྡ་གོ་མིའི་ལུགས་ཀྱི་སྒྲོལ་མ་བརྒྱ་རྩའི་རྗེས་ཆོག། ས་པཎ་གྱི་འཇམ་དབྱངས་དམར་སེར་གྱི་སྒྲུབ་ཐབས། ངོར་པའི་དེའི་རྗེས་ཆོག། ཁྲོ་ཕུ་ལོ་ཙཱ་བའི་འཇམ་དབྱངས་དཀར་པོའི་རྗེས་ཆོག། པཎྚི་ཏ་གསེར་གདུགས་ཅན་གྱི་བཞེད་སྲོལ་འཇམ་དཀར་ཤེས་རབ་འཁོར་ལོའི་སྒྲུབ་ཐབས་གསལ་བྱེད་མེ་ལོང་། རྒྱ་སྟོན་དང་བསོད་སྙོམས་པའི་འཇམ་དཀར་སྒྲུབ་སྐོར། ཚར་ཆེན་གྱི་གང་བློ་མའི་རྗེས་ཆོག། གྲུབ་རྒྱལ་ལུགས་ཀྱི་རྟ་མགྲིན་དམར་ཆུང་གི་རྗེས་ཆོག། མཆོག་ལེགས་རྡོ་རྗེའི་གྲུབ་རྒྱལ་རྟ་མགྲིན་དམར་ཆུང་གི་རྗེས་ཆོག། ཆག་ལོ་གསུམ་པ་རིན་ཆེན་ཆོས་རྒྱལ་གྱི་གཙུག་ཏོར་འབར་བའི་རྗེས་ཆོག་ལས་ཚོགས་བསྟོད་པ་དང་བཅས་པ། རྟ་མགྲིན་ལྕགས་རལ་ཅན་གྱི་རྗེས་ཆོག་དང་ལས་ཚོགས། བཅུ་གཅིག་ཞལ་མཁའ་འགྲོ་ལྔ་སྐོར་གྱི་རྗེས་ཆོག་ཡིག་རྙིང་། རྟ་མགྲིན་ཤྭ་ན་བཞི་སྐོར་གྱི་རྗེས་ཆོག་ཡིག་རྙིང་།
        ཆག་ལོ་གསུམ་པའི་ཚེ་དཔག་མེད་དཀར་པོའི་རྗེས་ཆོག། མཁས་པ་ཡོན་ཏན་ཁྲིའི་མི་གཡོ་བ་དཀར་པོའི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་བསྟོད་པ་དང་བཅས་པ། འབར་ར་བའི་ཕྱག་རྡོར་ཨུ་ཙརྱའི་རྗེས་གནང་མེ་དབང་དང་བཅས་པ། སྒོ་རུམ་པ་སངས་རྒྱས་རྒྱལ་མཚན་གྱི་ཨུ་ཙརྱའི་མངོན་རྟོགས། ཞྭ་ལུ་པ་རིན་ཆེན་བསོད་ནམས་འཕེལ་གྱི་ལོ་གྱོན་མའི་རྗེས་གནང་ཁྲུས་ཆོག་དང་བཅས་པ། རྟ་མགྲིན་ལྕགས་རལ་ཅན་གྱི་སྒྲུབ་ཐབས་དང་རྗེས་ཆོག། ཕག་དཀར་ཤེས་རབ་གསལ་བྱེད་ཀྱི་རྗེས་ཆོག་བསྟོད་པ་དང་བཅས་པ། ངོར་པ་དཀོན་མཆོག་ལྷུན་གྲུབ་ཀྱི་བ་རི་བརྒྱ་རྩའི་རྗེས་ཆོག་དང་རྣམ་རྒྱལ་ལྷ་དགུའི་སྒྲུབ་ཐབས་སྟོང་མཆོད་རྗེས་གནང་གི་ཆོ་ག་དང་བཅས་པ་བདུད་རྩིའི་ཆུ་རྒྱུན། མི་གཡོ་བ་སྔོན་པོའི་སྒྲུབ་ཐབས་རྗེས་ཆོག་དང་བཅས་པ། བ་རི་ལུགས་ཀྱི་རྣམ་འཇོམས་ལྗང་སྔོན་གྱི་སྒྲུབ་ཐབས་དང་རྗེས་ཆོག། ཀླུ་དབང་རྒྱལ་པོ་གཙོ་འཁོར་ལྔའི་སྒྲུབ་ཐབས་དང་རྗེས་ཆོག། གུར་ལས་གསུངས་པའི་འབྱུང་འདུལ་གྱི་རྗེས་ཆོག། གཉན་སྒྲོལ་ཡན་ལག་དྲུག་པའི་རྗེས་ཆོག། ཐར་རྩེ་ནམ་མཁའ་དཔལ་བཟང་གི་སྒྲུབ་ཐབས་རྒྱ་མཚོའི་རྗེས་ཆོག། འཇམ་དབྱངས་ཨ་ར་པ་ཙ་ནའི་རྗེས་ཆོག། སྨན་བླ་མཐོ་བརྩེགས་ཀྱི་རྗེས་ཆོག། ཇོ་བོ་ལུགས་ཀྱི་རྟ་མགྲིན་ཞལ་གསུམ་ཕྱག་དྲུག་ཁྱུང་གཤོག་ཅན་གྱི་རྗེས་ཆོག།
        དབྱངས་ཅན་མ་དཀར་མོའི་སྒྲུབ་ཐབས་རྗེས་གནང་གི་ཁ་སྐོང་དང་བཅས་པ། སེང་གདོང་མ་དམར་མོའི་རྗེས་ཆོག། མགོན་པོ་ཕྱག་བཞི་པ་ལྷ་མང་ཕྱི་སྒྲུབ་ཀྱི་རྗེས་ཆོག། མགོན་པོ་ཏྲག་ཤད་ལྕམ་དྲལ་གྱི་རྗེས་ཆོག། སྤྱན་སྔ་ངག་དབང་ཆོས་གྲགས་རྒྱལ་མཚན་གྱི་ཇོ་ལུགས་སྨེ་བརྩེགས་ལྗང་ནག་གི་རྗེས་གནང་། མཁན་ཆེན་ངག་དབང་ཆོས་གྲགས་ཀྱི་བཀའ་གདམས་ལྷ་བཞིའི་མངོན་རྟོགས་དང་རྗེས་གནང་གི་ཡི་གེ་གོ་བདེ་བཀླག་ཆོག། རྣམ་སྲས་བཀའ་བཅོ་ལྔའི་རྗེས་ཆོག་ནོར་འཛིན་དཔལ་མོའི་རྒྱན་ཕྲེང་། ཤེས་རབ་རྒྱལ་མཚན་གྱི་གནས་བཅུའི་རྗེས་ཆོག། ཤེའུ་ལོ་ཙཱ་བ་ཀུན་དགའི་ཛམ་དཀར་སྒྲུབ་ཐབས་དང་རྗེས་ཆོག། འཇམ་དབྱངས་མཁྱེན་བརྩེའི་སྒྲུབ་ཐབས་རྒྱ་མཚོའི་རྗེས་ཆོག། སྨེ་བརྩེགས་དུད་ཁའི་རྗེས་ཆོག། ཁྲོ་མོ་སྨེ་བརྩེགས་ཀྱི་རྗེས་ཆོག། རབ་འབྱམས་པ་རིན་ཆེན་དཔལ་བཟང་གི་སྙེ་མདོ་ཤཱཀྱ་དཔལ་ལ་གསང་བདག་གིས་དངོས་སུ་གནང་བའི་གུར་གྱི་འབྱུང་འདུལ་གྱི་རྗེས་ཆོག་མེ་དཔུང་དང་བཅས་པ། ངོར་གྱི་སོ་འབྲད་སྒྲུབ་ཐབས་དང་། མཁྱེན་བརྩེའི་རྗེས་ཆོག། བསྟན་འཛིན་ཉི་ཟླ་བ་བཟང་པོའི་ཐང་སྟོང་བའི་ཞལ་གཟིགས་གུར་མགོན་སྤྲིན་གསེབ་མའི་རྗེས་ཆོག་དགྲ་བགེགས་ཚར་གཅོད། སྒྲུབ་ཁང་པ་དཔལ་ལྡན་དོན་གྲུབ་ཀྱི་དབང་གི་སྒྲོལ་མ་དམར་མོའི་རྗེས་ཆོག་ཁམས་གསུམ་འགུགས་པའི་ལྕགས་ཀྱུ་དང་། གསོལ་འདེབས་ཐུགས་དམ་གནད་ནས་བསྐུལ་བའི་སྒྲ་དབྱངས། མཁྱེན་བརྩེའི་ལེགས་ལྡན་བེང་དམར་གཙོ་འཁོར་གཉིས་པའི་སྒྲུབ་ཐབས་དང་། དབང་ཕྱུག་རབ་བརྟན་གྱི་དེའི་རྗེས་ཆོག། མགོན་པོ་བསོད་ནམས་མཆོག་ལྡན་གྱི་རྣམ་སྲས་བཀའ་བཅོ་ལྔའི་རྗེས་ཆོག། བུ་སྟོན་གྱི་རྣམ་སྲས་དྲེགས་བྱེད་ཀྱི་རྗེས་ཆོག། རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་སྲས་སྙན་གྲགས་སྒྲུབ་ཀྱི་རྗེས་ཆོག་བློ་གསལ་དགའ་སྐྱེད་དེ་འཕྲལ་དུ་ཡིད་ལ་དྲན་པ་འགའ་ཞིག་བྲིས་པ་ལགས།

        ༈ བཅུ་བདུན་པ་སྒྲ་རིག་བའི་སྐོར་ལ། ས་བཟང་པའི་ཀ་ལཱ་བའི་ཊིཀ་ཆེན་པོ་ཏི་འགའ་ཞིག། ལོ་ཙཱ་བ་ནམ་མཁའ་བཟང་པོའི་ཀ་ལཱ་པའི་ཊིཀྐ་ལེགས་སྦྱར་འབྱུང་གནས། བློ་བརྟན་བཞི་པའི་སྒྲ་ཊིཀ་ཆེན་མོ། དཔང་ལོའི་ཤོག་གཅིག་མ། ཞྭ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོའི་ཀ་ལཱ་པའི་བཤད་སྦྱར་གཞུང་དོན་གསལ་བ། ཀ་ལཱ་པའི་མཚམས་སྦྱོར་ལྔ་བྱེ་བྲག་ཏུ་བཤད་པ། མིང་ལེ་ཡན་གྱི་སྤྱི་བཤད། ཀ་ལཱ་པའི་ས་བཅད། ཉེར་བསྒྱུར་འགྲེལ་བ། ཞྭ་ལུ་ལོ་ཙཱ་པ་དཔལ་ལྡན་དབང་པོའི་སྡེའི་ཀ་ལཱ་བའི་མཚམས་སྦྱོར་གྱི་ཊིཀྐ་འཆད་ཉན་རྣམ་གསལ། ཏའི་སི་ཏུ་རྣམ་རྒྱལ་གྲགས་པའི་ཀ་ལཱ་པའི་མདོ་རྒྱན། སྣར་ཐང་ལོ་ཙཱ་བ་སཾ་གྷ་ཤྲཱིའི་ཀ་ལཱ་པའི་སྒྲ་ཊིཀ། ལོ་ཆེན་ཐུགས་རྗེ་དཔལ་གྱི་ཀ་ལཱ་པའི་ཊིཀྐ། ཆུ་མིག་ལོ་ཙཱ་བའི་ཀ་ལཱ་བའི་ཊིཀྐ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་ཀ་ལཱ་པའི་སྒྲ་ཊིཀ། དབུས་པ་བློ་གསལ་གྱི་ཀ་ལཱ་པའི་སྤྱི་དོན། སྟག་ཚང་པོ་ཙཱ་པའི་ཀ་ལཱ་པའི་སྤྱི་དོན། ཀརྨ་མི་བསྐྱོད་རྡོ་རྗེའི་ཀ་ལཱ་བའི་ཊིཀྐ། བོ་དོང་ཕྱོགས་ལས་རྣམ་རྒྱལ་གྱི་ཀ་ལཱ་པའི་ཊིཀྐ། ཞེ་ཆེན་དྲུང་ཡིག་བསྟན་འཛིན་རྒྱལ་མཚན་གྱི་སྐད་ཤན་སྦྱར་དྲི་བྲལ་ནོར་བུའི་མེ་ལོང་།
        ཞྭ་ལུ་ལོ་ཆེན་གྱི་ཉེར་བསྒྱུར་འགྲེལ་པ་ལས་སྐད་དོད་ཉེར་མཁོ་བཏུས་པ། གྲངས་ཀྱི་སྒྲ་ལ་རྟགས་གསུམ་སྦྱར་བའི་དཔེར་བརྗོད། མི་ཟད་པའི་སྡེ་ཚན་གཞུང་དུ་མ་ནས་བཏུས་པ། ཀ་ལཱ་པའི་ཁ་སྐོང་ཇོ་བོ་གྲགས་འབྱོར་གྱི་འགྲེལ་པ་སློབ་ཕན་ལས་བུད་མེད་ཀྱི་རྐྱེན་མཐའི་རྩ་ཚིག་བཏུས་པ། བུད་མེད་ཀྱི་རྟགས་སྒྲུབ་པ་ཀ་ལཱ་པར་མེད་དུ་མི་རུང་བ། མངོན་བརྗོད་ལེགས་བཤད་གསེར་གྱི་ལྡེ་མིག། སྡེབ་སྦྱོར་རྩ་བ་བསྡུས་པ། ཞྭ་ལུ་ལོ་ཙཱ་བའི་ཙནྡྲ་པའི་འགྲེལ་པ་བརྡ་སྤྲོད་རྒྱ་མཚོའི་གྲུ་གཟིངས། ཙནྡྲ་པའི་ཡི་གེའི་བསྡུ་བ། ལོ་ཆེན་ཐུགས་རྗེ་དཔལ་ཞབས་ཀྱི་ཙནྡྲ་བའི་ཊིཀ་ཆེན། དཔལ་སྤུངས་སི་ཏུ་ཆོས་ཀྱི་ཉིན་བྱེད་ཀྱི་ཙནྡྲ་པའི་ཊིཀ་ཆེན། ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཙནྡྲ་པའི་ཊིཀྐ་རྩོམ་འཕྲོ་བཙལ་དགོས། ཀུན་སྙིང་གི་དབྱངས་ཅན་སྒྲ་ཊིཀ། དགེ་རྩེའི་དབྱངས་ཅན་སྒྲ་ཊིཀ། བྱ་བྲལ་བློ་བཟང་རིན་ཆེན་གྱི་དབྱངས་ཅན་སྒྲ་ཊིཀ་གི་མཆན། སྡེ་སྲིད་ཀྱི་མཚམས་སྦྱོར་ལྔ་པའི་ཊིཀྐ་དང་། དབྱངས་ཅན་སྒྲ་ཊིཀ་གི་མཆན། རྒྱལ་དབང་བསྐལ་བཟང་རྒྱ་མཚོས་རིགས་གནས་བསླབ་གྲལ་ཚུགས་པའི་སློང་དཔོན་གྱི་ཐོག་མ་ངམ་རིང་མཁན་པོ་ཚགས་སྒུར་སྐལ་བཟང་འཕྲིན་ལས་ཀྱི་དབྱངས་ཅན་སྒྲ་ཊིཀ་གི་མཆན། སྟག་ཚང་པ་དང་ལོ་ཙཱ་བ་འགྱུར་མེད་བདེ་ཆེན་གྱི་ཚེ་དཔག་མེད་དང་། རྣམ་རྒྱལ་མའི་གཟུངས་ཀྱི་བྱིངས་སྒྲུབ།

        ༈ བཅོ་བརྒྱད་པ་བོད་ཀྱི་བརྡའི་རྣམ་གཞག་ལ། དབུས་པ་བློ་གསལ་གྱི་སུམ་ཅུ་པ་དང་། རྟགས་འཇུག་རྩ་བའི་འགྲེལ་བ། སྣར་ཐང་ལོ་ཙཱ་བ་སཾ་གྷ་ཤྲཱིའི་སུམ་རྟགས་མཆན་འགྲེལ་རྟ་ལྗང་རོལ་པ། སུམ་རྟགས་འགྲེལ་པ་ཞིབ་མོ་རྣམ་འཐག། ལོ་ཆེན་ནམ་མཁའ་བཟང་པོའི་སུམ་རྟགས་འགྲེལ་བ་བསྟན་པའི་སྒྲོན་མེ། སྙེ་ཐང་པ་གྲགས་སེང་གི་དག་ཡིག་དག་བྱེད་གངྒཱ། གཙང་ནག་པ་ཕུག་པ་ཐུགས་རྗེའི་སེང་གེའི་བདུད་རྩིའི་ཆུ་རྒྱུན། ཞྭ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོའི་སུམ་རྟགས་ཀྱི་ཊིཀྐ། དག་ཡིག་རིན་ཆེན་ཟ་མ་ཏོག། དབང་བློ་བརྟན་གྱི་ཚོགས་གསུམ་གསལ་བ། སྟག་སྟོན་གཞོན་ནུ་དཔལ་གྱི་དག་ཡིག་འོད་ཟེར་བརྒྱ་བ། ལེགས་སྦྱར་བལྟ་བའི་མེ་ལོང་། བུ་སྟོན་སེང་གེའི་འོད་ཀྱི་སྒྲ་དོན་རྒྱ་མཚོའི་མེ་ལོང་། བསམ་སྡིངས་པ་ཀུན་བསམ་གྱི་འཁྲུལ་སྤོང་། དགེ་ཡེ་བ་ཚུལ་ཁྲིམས་སེང་གེའི་སུམ་རྟགས་འགྲེལ་པ་ཉི་མའི་འོད་ཟེར། ཞྭ་ལུ་པ་ཆོས་ལེགས་ཀྱི་འགྲེལ་བ་མཁས་པའི་ཡིད་འཕྲོག། ཡར་འབྲོག་པ་རིན་ཆེན་ཏོག་གི་སུམ་རྟགས་འགྲེལ་བ་རིན་པོ་ཆེའི་ཟ་མ་ཏོག། པཎ་ཆེན་བྱམས་པ་གླིང་པ་བསོད་ནམས་རྣམ་རྒྱལ་གྱི་སུམ་རྟགས་འགྲེལ་པ་ཞིབ་མོ་རྣམ་འཐག་དང་། དག་ཡིག་སྨྲ་རྒྱན།
        དཔའ་བོ་གཙུག་ལག་ཕྲེང་བའི་སུམ་རྟགས་འགྲེལ་པ་གསལ་བྱེད་སྒྲོན་མེ། ཟུར་མཁར་བློ་གྲོས་རྒྱལ་བོའི་སུམ་རྟགས་འགྲེལ་པ་མཁས་པའི་དགའ་སྟོན། རབ་འབྱམས་སྨྲ་བ་ཆོས་རྒྱལ་གྱི་འགྲེལ་བ་བློ་གསལ་མགུལ་རྒྱན། འོལ་ཕྲུག་རབ་འབྱམས་པ་ཀརྨ་རབ་རྒྱས་ཀྱི་སུམ་རྟགས་འགྲེལ་བ་མཁས་པའི་རྒྱན། གཏིང་སྐྱེས་ཚོགས་གསོག་པ་བློ་བཟང་ཆོས་གྲགས་ཀྱི་འགྲེལ་བ་གསལ་བའི་སྒྲོན་མ། སྨན་ལུང་པ་བློ་མཆོག་རྡོ་རྗེའི་འགྲེལ་པ་ཡིད་ཀྱི་ཤིང་རྟ། ཟི་ལུང་ཤཱཀྱ་མཆོག་ལྡན་གྱི་ཊིཀྐ། གོ་རམས་པའི་སུམ་རྟགས་ཊིཀྐ། བྱ་རིགས་རྣམ་གླིང་པཎ་ཆེན་དཀོན་མཆོག་ཆོས་གྲགས་ཀྱི་སུམ་རྟགས་འགྲེལ་པ་ལེགས་བཤད་སྣང་བྱེད་ནོར་བུ། རང་ཉིད་ཀྱི་རྟོགས་བརྗོད། རྒྱལ་སྲིད་སྣ་བདུན་དང་བཀྲ་ཤིས་རྟགས་རྫས་ཀྱི་བཤད་པ་བཀྲ་ཤིས་གངྒའི་ཆུ་རྒྱུན། འཕྲིན་ཡིག་གི་རྣམ་གཞག་ལེགས་བཤད་ནོར་བུ་འདྲེན་པའི་གྲུ་གཟིངས། བརྡ་གསར་རྙིང་གི་རྣམ་བཞག། སི་ཏུའི་སུམ་རྟགས་འགྲེལ་བ། སྟག་ལུང་ཆོས་རྗེ། རབ་འབྱམས་པ་རྣམ་གྲོལ། ཁ་རག་སྤྲུལ་སྐུ། དྲུང་ཡིག་འཇམ་དབྱངས་པ་སོགས་ཀྱི་སུམ་རྟགས་ལས་བརྩམས་པའི་དྲི་བ་དང་ལན། ངག་དབང་ཆོས་གྲགས་ཀྱི་དག་ཡིག་ལི་ཤིའི་མེ་ཏོག།
        བཅོམ་ལྡན་རིགས་རལ། ནེའུ་པཎྜི་ཏ། བྱམས་པ་གླིང་བ། དབྱངས་ཅན་རོལ་པའི་འོ་མཚོ། བྱང་ཆུབ་འབུམ་རྣམས་ཀྱི་སྔགས་ཀྱི་བཀླག་ཐབས། ཡི་གེ་བ་ཀུན་དགའ་བདེ་ལེགས་ཀྱི་ཏཱ་ར་ནཱ་ཐའི་སྔགས་བཀླག་ཐབས་ཀྱི་ཊིཀྐ། གཞོན་ནུ་དཔལ་གྱི་ལེགས་སྦྱར་བལྟ་བའི་མེ་ལོང་རྣམས་སོ། །

        ༈ བཅུ་དགུ་པ་སྙན་ངག། མངོན་བརྗོད། རྩིས། བཟོ་རིག་པ་སོགས་ལ། ཤོང་ལོ་རྡོ་རྗེ་རྒྱལ་མཚན་གྱི་སྙན་ངག་མེ་ལོང་གི་འགྲེལ་པ་དབྱངས་ཅན་མགུལ་རྒྱན། དཔང་བློ་གྲོས་བརྟན་པའི་སྙན་ངག་འགྲེལ་པ་གཞུང་དོན་གསལ་བ། ཞྭ་ལུ་ལོ་ཙཱ་བའི་གནད་བསྡུས། སྣར་ཐང་ལོ་ཙཱ་བ་སཾ་གྷ་ཤྲཱིའི་སྙན་ངག་གི་འགྲེལ་པ། དཔལ་སྒང་ལོ་ཙཱ་བའི་སྙན་ངག་གི་འགྲེལ་པ་དང་དཔེར་བརྗོད་རབ་གསལ་བཀླག་པས་ཀུན་ཤེས་ལེ་ཚན་གསུམ། དེའི་ཆབ་ཤོག་སྙན་ངག་གི་སྐོར། སྡེ་པ་རིན་སྤུངས་པ་ངག་དབང་འཇིགས་གྲགས་ཀྱི་སྙན་ངག་མེ་ལོང་གི་འགྲེལ་པ་མི་འཇིགས་སེང་གེའི་རྒྱུད་ཀྱི་ང་རོ། ཟུར་མཁར་བློ་གྲོས་རྒྱལ་པོའི་སྙན་ངག་གི་འགྲེལ་པ། སྤོམ་འབོར་པ་འཇམ་དབྱངས་ཁ་ཆེ་པུ་ཎྱེ་ཤྲཱིའི་སྙན་ངག་གི་འགྲེལ་བ། དཔའ་བོ་གཙུག་ལག་ཕྲེང་བའི་སྙན་ངག་གི་འགྲེལ་པ་དང་དཔེར་བརྗོད། མང་ཐོས་ཀླུ་སྒྲུབ་རྒྱ་མཚོའི་སྙན་ངག་གི་འགྲེལ་བ། འབྲས་སྤུངས་ཤཱཀ་སྐོར་མཁན་པོ་གུང་ཐང་པ་བདེ་བའི་བློ་གྲོས་ཀྱི་སྙན་ངག་འགྲེལ་བ། གནས་རྙིང་ཆོས་རྗེའི་སྙན་ངག་འགྲེལ་པ། སྡེ་པ་མདར་པའི་སྙན་ངག་འགྲེལ་པ།
        ལོ་ཆེན་དྷརྨ་ཤྲཱིའི་སྙན་ངག་གི་དཔེར་བརྗོད་སྣ་ཚོགས་ཨུཏྤ་ལའི་ཆུན་པོ། སྨན་ལུང་པ་བློ་མཆོག་རྡོ་རྗེའི་སྙན་ངག་མེ་ལོང་གི་དཀའ་འགྲེལ་དབྱངས་ཅན་བཞད་པའི་རོལ་མཚོ། ཟི་ལུང་ཤཱཀ་མཆོག་པའི་སྙན་ངག་དཔེར་བརྗོད། དཀའ་ཆེན་བསོད་ནམས་གྲགས་པའི་དོན་རྒྱན་སོ་ལྔའི་དཔེར་བརྗོད་དང་ཆོས་ལ་བསྐུལ་བའི་ཚིགས་བཅད་རང་འོད་གུར་ཀུམ་མ། བོ་དོང་ཕྱོགས་ལས་རྣམ་རྒྱལ་གྱི་མེ་ལོང་གི་བརྗོད་བྱ་མཐའ་དག་གསལ་བར་སྟོན་པའི་སྙན་ངག་གི་བསྟན་བཅོམ་ཡིད་ཀྱི་ཤིང་རྟ། དབྱངས་ཅན་མའི་བསྟོད་པ་བུང་བའི་གླུ་དབྱངས། མི་དབང་གྲགས་པ་རྒྱལ་མཚན་གྱིས་བསྐུལ་ནས་སྣེ་གདོང་གོང་མ་ཆེན་པོ་འཁོར་གྱི་དཀྱིལ་འཁོར་དང་བཅས་པ་ལ་བསྟོད་པ་རྣམ་པར་རྒྱལ་བའི་སྒྲ་དབྱངས་ཀྱི་འཇུག་པའི་ལེའུ་ལྔ་ཡོད་པ། ཁྲ་འབྲུག་དང་དགོན་ཐང་འབུམ་མོ་ཆེའི་བསྟོད་པ། གསང་ཕུའི་གཞལ་མེད་ཁང་རྟེན་དང་བརྟེན་པར་བཅས་པའི་བསྟོད་ཚིག་རྒྱ་མཚོའི་རྦ་རླབས། རྒྱལ་བུ་སེམས་ཅན་ཆེན་བོས་སྟག་མོར་ལུས་སྦྱིན་པ་སོགས་ཀྱི་སྐྱེས་རབས་ཀྱི་སྙན་ངག་གི་བསྟན་བཅོས་པདྨ་དཀར་པོའི་ཆུན་པོ་ངང་པའི་བུ་མོ་ཡིད་ལ་དགའ་བ་འཕེལ་བ། རྟག་ངུའི་རྟོགས་བརྗོད་དོན་རྒྱན་གསལ་བའི་མེ་ལོང་། དཔལ་ཨེ་ཆོས་འབྱུང་བའི་རྒྱ་མཚོ་ཆེན་པོ་ལ་བསྟོད་པ་ཕྱོགས་ཀྱི་མཛེས་མའི་རྣ་རྒྱན་སོགས་གནས་བསྟོད། ཐུབ་པ་ལ་ཁྱད་པར་འཕགས་པའི་བསྟོད་པ་སོགས་ལྷག་པའི་ལྷའི་བསྟོད་ཚོགས། ཇོ་བོ་རྗེ་སོགས་པཎ་གྲུབ་ཀྱི་བསྟོད་པ། སྟོང་ཉིད་སུམ་ཅུ་པ། རྣལ་འབྱོར་ཉི་ཤུ་བ། ཚུལ་ཁྲིམས་ཀྱི་བསྟོད་པ། རྒྱལ་པོ་ལ་གཏམ་དུ་བྱ་བ། རྒྱལ་བུ་དགེ་དོན་གྱི་རྟོགས་བརྗོད་ཐར་ལམ་གསལ་བ།
        བོད་ཀྱི་ཡི་གེའི་བསྟན་བཅོས། ལུགས་ཀྱི་བསྟན་བཅོས། ནག་མོའི་ཁོལ་གྱི་སྙན་ངག་སྤྲིན་གྱི་ཕོ་ཉའི་མཆན་བུ་ཤིན་ཏུ་གསལ་བ་བྱང་པ་རིགས་ལྡན་རྣམ་རྒྱལ་གྲགས་པས་བསྐུལ་བ། ཟློས་གར་གྱི་བསྟན་བཅོས་དབྱངས་ཅན་མགུལ་རྒྱན། རོལ་རྙེད་མའི་ཟློས་གར། སེང་གེ་སྒྲའི་བསྟོད་པ་བྱིན་རླབས་ཅན། རེད་མདའ་བའི་རྣམ་ཐར་ལས་བརྩམས་པའི་བསྟོད་པ་འདོད་པ་འཇོ་བ། མཁས་པ་གཡག་ཕྲུག་དང་ལྷན་ཅིག་རྩོད་པ་མཛད་དུས་མི་གཡོ་བ་ཞལ་གཟིགས་ཏེ་མཛད་པའི་བསྟོད་པ། མངའ་རིས་གུང་ཐང་དུ་མི་གཡོ་བའི་སྒྲུབ་པ་མཛད་དུས་ཞལ་གཟིགས་ཏེ་བསྟོད་པ་མེ་ཏོག་གི་ཆུན་འཕྱང་རྣམས་སོ། །
        སྡེ་སྲིད་ཀྱི་སྙན་ངག་འགྲེལ་པ་དབྱངས་ཅན་དགྱེས་གླུའི་མཆན་འགྲེལ། སྙན་ངག་གི་བསྟན་བཅོས་ལཀྵིཾ་ས་མུ་དྲས་མཛད་པ། པཎ་ཆེན་བློ་གྲོས་ཉི་མའི་དོན་རྒྱན་སོ་ལྔའི་དཔེར་བརྗོད། བོད་མཁས་པའི་སྙན་ངག་གི་དོགས་དཔྱོད། དོན་རྒྱན་དང་པོ་གསུམ་གྱི་དཔེར་བརྗོད་ཡོངས་འདུའི་མེ་ཏོག། ཆབ་ཤོག་གི་སྐོར་དགེ་ལེགས་ངག་གི་རོལ་མཚོ། བསྟན་འཛིན་ཆོས་ཀྱི་ཉི་མའི་མེ་ལོང་གི་འགྲེལ་པ་དབྱངས་ཅན་རོལ་མཚོ། ཁྱབ་འཇུག་གི་འཇུག་པ་བཅུའི་རྣམ་བཞག་རྒྱ་བལ་མཁས་པའི་གསུངས་རྒྱུན་གངས་ཅན་རྣ་བའི་བདུད་རྩི། རྗེ་དྲུང་བློ་བཟང་ནོར་བུའི་ཆབ་ཤོག་གི་སྐོར། སྐྱོགས་སྟོན་ལོ་ཙཱ་བ་རིན་ཆེན་བཀྲ་ཤིས་ཀྱི་སྙན་ངག། མངོན་བརྗོད། དག་ཡིག། སྐད་ཤན་སྦྱར་འཕྲིན་ཡིག་གི་རྣམ་གཞག་དང་བཅས་པ།
        སྐྱོགས་སྟོན་གྱི་བརྡ་གསར་རྙིང་གི་རྣམ་གཞག་ལི་ཤིའི་གུར་ཁང་། སྣར་ཐང་ལོ་ཙཱ་བ་སཾ་གྷ་ཤྲཱིའི་མངོན་བརྗོད་གསེར་ཕྲེང་རོལ་བ། དཔལ་ཁང་ལོ་ཙཱ་བའི་མངོན་བརྗོད་པདྨ་དཀར་པོའི་ཕྲེང་བ། མཁྱེན་བརྩེ་ལོ་ཙཱ་བའི་མངོན་བརྗོད་སྡེ་ཚན་བདུན་པ། ངག་དབང་འཇིག་རྟེན་དབང་ཕྱུག་གྲགས་པ་རྡོ་རྗེའི་མངོན་བརྗོད། ཚུལ་ཁྲིམས་སེང་གེའི་མིང་གི་ཚོགས་གསལ་བར་བྱེད་པ་བློ་གསལ་རྣ་ཆ། རིན་སྤུངས་བའི་མངོན་བརྗོད་མཁས་པའི་རྣ་རྒྱན། བདེ་ཐང་བློ་བཟང་ཡོན་ཏན་གྱི་དག་ཡིག་ངག་སྒྲོན་འགྲེལ་པ་བདུད་རྩིའི་དགའ་སྟོན། འཆི་མེད་མཛོད་ལེའུ་དང་བོ་ས་པཎ་གྱིས་བསྒྱུར་བ། ཚིག་གཏེར་གྱི་འགྲེལ་པ་སྙེ་ཐང་བློ་གྲོས་བརྟན་པས་མཛད་པ།
        ཀརྨ་མི་བསྐྱེད་རྡོ་རྗེའི་སྡེབ་སྦྱོར་གྱི་རྣམ་གཞག། ལོ་ཆེན་དྷརྨ་ཤྲཱིའི་སྡེབ་སྦྱོར་རིན་འབྱུང་གི་འགྲེལ་བ་དོན་གསལ་མེ་ལོང་། ཞྭ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོའི་སྡེབ་སྦྱོར་གྱི་བསྡུས་དོན།
        ཀརྨ་རང་བྱུང་རྡོ་རྗེའི་རྩིས་ཀྱི་ཡི་གེ། དོལ་པོ་ཤེར་རྒྱམ་པའི་རྩིས་ཀྱི་སྐོར། ལོ་ཆེན་དྷརྨཱ་ཤྲཱིའི་རྩིས་ཉིན་བྱེད་སྣང་བ་མ་བུ། བེ་དཀར་བུ་ཡིག་པོད་ཆུང་གཉིས། དཔའ་པོ་གཙུག་ལག་ཕྲེང་བའི་རྩིས་ཀྱི་བསྟན་བཅོས། གཞོན་ནུ་དཔལ་གྱི་རྩིས་འཁྲུལ་སེལ། བྱུང་པ་རྣམ་རྒྱལ་གྲགས་པའི་རྩིས་ཀྱི་སྐོར། ཕུག་པ་ལྷུན་གྲུབ་རྒྱ་མཚོའི་པད་དཀར་ཞལ་ལུང་། བུ་ཡིག་ནོར་བཟང་བས་མཛད་པ་ལེ་ཚན་བཅུ་གཉིས། ལྷ་བཙུན་བསོད་ནམས་དཔལ་བཟང་གི་ནོར་བཟང་པའི་ཉི་ལྡོག་འཁོར་ལོའི་གསལ་བྱེད། གཡོར་པོ་གྲ་ནང་གི་མདའི་ཕུག་པ་ཞིག་ལ་བརྟེན་ནས་བཞུགས་པས་ཕུག་བ་ཞེས་གྲགས་པ་མི་ཉག་རྒྱལ་མཚན་དཔལ་བཟང་གི་གསལ་སྒྲོན་སྟོང་ཐུན། ཕུག་པ་སློབ་དཔོན་ཀུན་དགའ་དཔལ་བའི་དུས་ཚིག་འཁོར་ལོ་བཅུ་བ། ཕུག་པ་སྐུ་མདུན་དཔལ་འབྱོར་ཕུན་ཚོགས་སམ་དཔལ་མགོན་འཕྲིན་ལས་ཀྱི་གཤིན་རྗེ་དཔུང་གནོན། ཞག་གསུམ་རྣམ་དབྱེ་མཁས་པའི་ཡིད་འཕྲོག། ཞལ་ལུང་མཛེས་རྒྱན། ལོ་ཟླའི་འགོ་འཛིན། དུས་སྦྱོར་མ་ལི་ཀའི་ཕྲེང་བ་རྩ་འགྲེལ། ལྷ་དབང་ཕྱུག་གིས་བརྩམས་པའི་དབྱངས་འཆར་གྱི་རྒྱུད་ལེའུ་བཅུ་པའི་འགྲེལ་བ་མཆོག་ཏུ་དགའ་བའི་སྒྲ་དབྱངས། དུས་རམ་པ་འཆི་མེད་བདེ་པའི་འོད་ཟེར་བརྒྱ་བའམ་རིན་པོ་ཆེའི་ཕྲེང་བ། ལྷ་ཆེན་དགོངས་རྒྱན། དེ་དག་གི་ཡིག་ཕྲན་སྣ་ཚོགས། དོམ་ནག་ལྕེ་མདུང་།
        ཤིན་ཏུ་སྦས་པ་ནག་པོའི་འཁོར་ལོའི་སྐོར། ལོ་ཙཱ་བ་ཁམས་པ་ཕྲ་མོའི་ལོ་རྒྱུས་རིན་ཆེན་ཕྲེང་བ་རྩ་འགྲེལ། དཔལ་མགོན་འཕྲིན་ལས་ཀྱི་སློབ་མ་སྙེ་ཐང་གྲོང་སྟོད་པ་དགེ་ལེགས་གར་དབང་ཕུན་ཚོགས་ཀྱི་སྒང་དྲིལ་ལེའུ་ཉེར་ལྔ་པ་དང་། གཤིན་རྗེ་དཔུང་ནོན། ཁྱུང་ནག་ཤཱཀ་དར་གྱི་སྒང་དྲིལ་དགུ་ཚིག་མ། དེ་ཉིད་དཔལ་མགོན་འཕྲིན་ལས་པས་བདུན་ཚིག་ཏུ་ཕབ་པ། ནང་རྩིས་བདུད་རྩི་འོ་མའི་ཆུ་རྒྱུན། སྟག་ཚང་བའི་དཀར་ནག་རྩིས་ཀྱི་སྐོར། མང་ཐོས་ཀླུ་སྒྲུབ་རྒྱ་མཚོའི་བསྟན་རྩིས་ལྷག་བསམ་རབ་དཀར། དགེ་ཡེ་བ་ཚུལ་ཁྲིམས་སེང་གེའི་དྲིས་ལན་སོགས་རྩིས་དཀར་ནག་གི་ཡིག་ཆ་ཁ་ཤས། སྐྱོར་ལུང་པ་དོན་ཡོད་དཔལ་བཟང་གི་སྐར་རྩིས་དང་། འབྲས་རྩིས་སོགས་བུ་སྟོན་གྱི་གསུང་ཟིན་བྲིས་མ། འདར་ལོའི་རྩིས་ཀྱི་ལག་ལེན་གསལ་བར་བརྗོད་པ་བློ་གསལ་མགུལ་རྒྱན་ཡིད་འཕྲོག་ཨུཏླལ་གསར་བའི་དོ་ཤལ་རིན་ཆེན་མཛེས་པའི་ཕྲ་ཚོམ། སི་ཏུ་དཔོན་ཀརྨ་ངེས་ལེགས་བསྟན་འཛིན་གྱི་དཀར་ནག་རྩིས་ཀྱི་ལག་ལེན་ཉེར་མཁོའི་བུམ་བཟང་། བོད་མཁས་པའི་ནག་རྩིས་སྐོར། མེར་གེན་ཆོས་རྗེ་བློ་བཟང་ཡར་འཕེལ་གྱི་རྩིས་ཀྱི་བསྟན་བཅོས་གསེར་གྱི་ཡང་ཞུན། རྒྱུད་ཆེན་དཀོན་མཆོག་རྒྱ་མཚོའི་ལྔ་བསྡུས་ཁྱད་འཕགས་ཤོག་གཅིག་མ། རྩང་སྤྲུལ་སྐུ་བསྟན་པ་རྒྱ་མཚོའི་རྩིས་ཀྱི་ཡི་གེ།

        ༈ བཟོ་རིག་ལ། ཆོས་རྒྱལ་འཕགས་པའི་སློབ་མ་ཚ་མོ་རོང་པ་བསོད་ནམས་འོད་ཟེར་གྱི་རྟེན་གསུམ་བཞུགས་གནས་དང་བཅས་པའི་བཞེངས་ཚུལ་ཡོན་ཏན་འབྱུང་གནས། ལྷོ་བྲག་སྨན་ཐང་པ་སྨན་བླ་དོན་གྲུབ་ཀྱི་སྐུ་གཟུགས་ཀྱི་ཆ་ཚད་ཡིད་བཞིན་ནོར་བུ། དགེ་བཤེས་བཀྲ་ཤིས་ཚུལ་ཁྲིམས་ཀྱི་གཟུགས་བརྙན་ལེགས་པར་བལྟ་བའི་མེ་ལོང་། གཙང་སྟོད་རྟ་ནག་རི་མཁར་སྤྲུལ་སྐུ་འཕྲང་ཁ་བ་དཔལ་ལྡན་བློ་གྲོས་ཀྱི་ལྷ་སྐུའི་ཆག་ཚད་མདོ་རྒྱུད་གསལ་བའི་མེ་ལོང་། བྱང་པ་རྣམ་རྒྱལ་གྲགས་པའི་སྐུ་གཟུགས་ཀྱི་ཆག་ཚད། ཏཱ་ར་ན་ཐའི་ལྷ་སྐུའི་ཆག་ཚད། སྟག་ལོའི་རྟེན་གསུམ་བཞེངས་ཚུལ་དཔལ་འབྱོར་རྒྱ་མཚོ། སྡེ་སྲིད་ཀྱི་བཟོ་རིག་མཐའ་དག་ཆ་ཚད་ཀྱིས་གཏན་ལ་ཕབ་པ། དིས་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱི་རིག་པ་བཟོའི་གནས་ཀྱི་ལས་ཚོགས་འདོད་དགུར་བསྒྱུར་བ་པྲ་ཕབ་འོད་ཀྱི་སྣང་བརྙན། འདི་ལ་ནང་གསེས་རིན་པོ་ཆེ། ཚོན། ཚོས། སྤོས་སྦྱོར། མགར། ཚེམ་བུ། ཐོར་བུ་སྣ་ཚོགས་དང་བཅས་བཟོ་རིག་པ་ལ་མཁོ་བའི་ལས་ཚོགས་བདུན་ཡོད་དོ། །

        ༈ ཉི་ཤུ་པ་གསོ་བ་རིག་པའི་སྐོར་ལ། ཀླུ་སྒྲུབ་ཀྱི་སྦྱོར་བ་བརྒྱ་བའི་མཆན་བུ་སྟོན་གྱི་མཛད་པ། མི་ཉག་མི་བསྐྱོད་རྡོ་རྗེའི་སྨན་གྱི་ཁོག་དབུབ། སྨན་གྱི་ཆོས་འབྱུང་ལོ་རྒྱུས། བྲང་ཏི་དཔལ་ལྡན་འཚོ་བྱེད་ཀྱི་སྨན་གྱི་ཁོག་དབུབ་ཤེས་བྱ་རབ་གསལ། འཕན་ཡུལ་གྲོས་པ་ཚོགས་གཉིས་རྒྱ་མཚོའི་རྒྱུད་བཞིའི་ཁོག་དབུབ་བཻ་ཌཱུརྱའི་ཆུ་རྒྱུན། བྱང་པ་ལྷ་བཙུན་བཀྲ་ཤིས་དཔལ་བཟང་གི་རྒྱུད་བཞིའི་རྣམ་ངེས་དཔག་བསམ་ལྗོན་ཤིང་། སྨན་གྱི་ཁོག་དབུབ་འཛུམ་དཀར་བཞད་པའི་ཉི་མ། དེ་སྲས་བྱང་སྨན་བསོད་ནམས་ཡེ་ཤེས་རྒྱལ་མཚན་གྱི་གསོ་རིག་ཁོག་དབུབ་པད་ཚལ་འབྱེད་པའི་ཉི་འོད། མིའི་ཉི་མ་ཡབ་སྲས་ཀྱི་རྗེས་སུ་བྱུང་བའི་བྱང་ལུགས་པ་ཞིག་གིས་མཛད་པའི་སྨན་གྱི་ཁོག་དབུབ་རིན་ཆེན་སྒྲོན་མ། མཚོ་སྨད་མཁན་ཆེན་ཤཱཀྱ་དབང་ཕྱུག་གི་གསོ་རིག་ཁོག་དབུབ་ལེགས་བཤད་དངུལ་དཀར་མེ་ལོང་། བྱར་པོ་པཎ་ཆེན་རྡོ་རྗེ་ཕ་ལམ་གྱི་སྨན་གྱི་ཁོག་དབུབ་ལེགས་བཤད་གསེར་གྱི་སྙེ་མ། བླ་རྟ་སྐྱེམ་པ་ཚེ་དབང་གི་སྨན་གྱི་སྤྱི་དོན་ལེགས་བཤད་འདོད་འཇོ། འབྲུག་པ་པདྨ་དཀར་པོའི་རྒྱུད་བཞིའི་བཤད་པ་གཞན་ཕན་གྱི་གཏེར། ལྷ་རྗེ་མི་ཕམ་བཟང་པོའི་སྨན་གྱི་ཁོག་དབུབ་འཆི་མེད་ཕུན་ཚོགས་ལྔ་ལྡན། བདེ་ཆེན་ཆོས་འཁོར་གྱི་སྨན་པ་རཏྣའི་མིང་ཅན་གྱི་སྨན་གྱི་ཁོག་དབུབ་སྔ་མ་དང་འདྲ་བ་ལ་ཚིག་སྦྱོར་རྒྱས་པ།
        ཟུར་མཁར་བློ་གྲོས་རྒྱལ་པོའི་ཤེས་བྱ་སྤྱིའི་ཁོག་དབུབ་ཀྱི་མཇུག་རྩོམ་འཕྲོར་ལུས་པ་འབྲུག་པ་སངས་རྒྱས་རྡོ་རྗེས་ཁ་བསྐང་བ། ཚ་རོང་པ་ཚེ་དབང་རིག་འཛིན་གྱི་སྨན་གྱི་ཆོས་འབྱུང་སྐལ་བཟང་བགྲོད་པའི་མྱུར་ལམ་ཕལ་ཆེར་ཟུར་མཁར་བ་དང་འདྲ་བ། ཟུར་མཁར་བའི་སློབ་མ་རུ་དྡྷ་ཨཱ་ནནྡས་མཛད་པའི་སྨན་གྱི་སྤྱི་དོན་ལེགས་བཤད་རྒྱ་མཚོ་དྲང་སྲོང་ཀུན་ཏུ་དགའ་བའི་ཟློས་གར། སྟག་ལོའི་གསོ་དཔྱད་བྱུང་ཚུལ་གྱི་ལོ་རྒྱུས་སྨན་གྱི་སྤྱི་དོན་དང་བཅས་པ་མཁས་པའི་ཡིད་འཕྲོག་དང་། རིག་གནས་ཀུན་ཤེས། རིན་སྡིངས་སེམས་དཔའ་ཆེན་པོ་བློ་བཟང་རྒྱ་མཚོའི་སྨན་གྱི་ཆོས་འབྱུང་དྲང་སྲོང་དགོངས་རྒྱན། ལོ་ཆེན་རིན་བཟང་གི་བརྒྱུད་འཛིན་ཆེ་རྗེ་ཞང་སྟོན་ཞིག་པོ་ཐུགས་རྗེ་ཁྲི་འོད་ཀྱི་ཤེས་བྱ་སྤྱིའི་ཁོག་དབུབ་རྒྱལ་མཚན་རྩེར་འབར། འཁོར་ལོ་རྒྱལ་པོའི་ཁོག་དབུབ་གསེར་གྱི་བང་མཛོད། བྲང་ཏི་སྤྲེའུ་ཁོག་དབུབ། དབུ་ལང་ཟེར་བའི་ཁོག་འབུབ། བློ་གྲོས་ཀྱི་ཁོག་དབུབ། སྡེ་སྲིད་ཀྱི་གསོ་རིག་ཁོག་དབུབ་ལེགས་བཤད་བཻ་ཌཱུརྱའི་མེ་ལོང་དྲང་སྲོང་དགྱེས་པའི་དགའ་སྟོན།
        གཡུ་ཐོག་ཡོན་ཏན་མགོན་པོའི་བུའི་དོན་དུ་རྒྱུད་ཀྱི་གསེར་མཆན་དང་། སློབ་མའི་དོན་དུ་ཟོང་མཆན། རྩ་དཔྱད་རིག་པ་རབ་གསལ་སྡེ་ཚན་ལྔ་པ། ལག་ལེན་པོད་ཆུང་། ཤོག་དྲིལ་སྐོར་གསུམ། དེའི་ཞལ་གདམས་གསེར་གྱི་སྡེ་མིག་སྐོར་དྲུག། ཆ་ལག་བཅུ་གསུམ་མམ་བཅོ་བརྒྱད། དེའི་ནང་ཚན་སྔོའི་མན་ངག་འཁྲུལ་སེད་སྒྲོན་མེ། འགྲེལ་པ་འབུམ་ནག་གསལ་སྒྲོན། སྔོ་འབུམ་ཆེན་མོ། འབུམ་ཁུ་ཚུར། ཐོར་བུ་མེ་ལེན། རྒྱུད་བཞི་འཆད་ཐབས། དེའི་ཆིངས་སྒྱོགས་སོགས་ཀྱི་དཔེ་རིས། བྱང་ཁོག་གི་རྩ་པྲ། སྨུག་པོ་བསོ་བ་ཆུ་རྒྱུན་གྱི་གདམས་པ། ཆུའི་འཁོར་ལོ་དང་རྩ་པྲ་གསལ་བའི་མེ་ལོང་། གཡུ་ཐོག་བུ་དོན་མ་ཚིགས་བཅད། འབྱུང་བ་ལུས་འཁྲུགས་ཀྱི་གེགས་སེལ། དུག་ནད་ཞི་བ། མོ་ནད་བཅོས་ཐབས་ཡིག་སྣ་བཅུ་བཞི་པ། གཟེར་སྨན་གཉེན་པོ་ལྔ་སྦྱོར། སྨན་པའི་བྱ་བ་མདོར་བསྡུས་པ། གཡུ་ཐོག་པའི་སློབ་མ་སུམ་སྟོན་ཡེ་ཤེས་གཟུངས་ཀྱི་གཡུ་ཐོག་པའི་རྣམ་ཐར་བཀའ་རྒྱ་མའམ་སྐུ་ལྔ་ལྷུན་གྲུབ་མ། གསང་བའི་རྣམ་ཐར། བཤད་རྒྱུད་ཀྱི་འགྲེལ་བ་འབུམ་ཆུང་གསལ་སྒྲོན། རྐང་འབུམ་བཅོས་པ་སྙན་བརྒྱུད་ཀྱི་ཟིན་བྲིས།
        ཨོ་རྒྱན་གྱི་སྨན་པ་ཛི་ན་མི་དྲའི་སྲས་ཨཙརྱ་རྡུམ་མམ་སྐྱེས་བུ་མེ་ལྷའི་སྙན་བརྒྱད་བེ་བུམ་ནག་པོ། ཆུང་དཔྱད་བེ་བུམ་སྔོན་པོ། འབུམ་ཁུ་ཚུར། རྡེ་སྐོར་ཕྱི་ནང་གསང་གསུམ་སོགས་མན་ངག་གི་ཡིག་སྣ་མང་། གཡུ་ཐོག་ཁ་རག་ལྷ་རྗེའི་ཡོན་ཏན་མགོན་པོའི་རྣམ་ཐར་ནོར་བུའི་ཕྲེང་བ། ཀོང་པོ་བདེ་རྒྱས་ཀྱི་གཡུ་ཐོག་རྣམ་ཐར་གཟི་བརྗིད་རིན་པོ་ཆེའི་གཏེར། བག་སྟོན་ཤཱཀྱ་མགོན་པོ་གཡུ་ཐོག་རྣམ་ཐར་དོན་གསལ་ཉི་མའི་འོད་ལྡན། ཨོ་རྒྱན་པ་རིན་ཆེན་དཔལ་གྱིས་བསྒྱུར་བ་དངུལ་ཆུའི་གཞུང་སྐོར་གསུམ་དང་། རིན་ཆེན་རིལ་བུའི་སྐོར། ཀརྨ་རང་བྱུང་རྡོ་རྗེའི་སྨན་མིང་རྒྱ་མཚོ། བརྒྱད་པའི་སྙིང་པོ་བསྡུས་པ། དབང་རིལ་སོགས་དང་། བ་རི་ལོ་ཙཱ་བའི་རིག་པ་ཐོར་བུའི་འབུམ། ལོ་ཙཱ་བ་གྲགས་སེང་གི་ཉེར་མཁོ་ཕྱོགས་བསྡུས་བེ་བུམ། མངའ་རིས་ཆག་སྨན་རིན་ཆེན་རྒྱལ་མཚན་དང་ཤཱཀྱ་ཡེ་ཤེས་ཀྱིས་ཕྱོགས་བསྒྲིགས་མན་ངག་མུ་ཏིག་ཕྲེང་བའམ་འབུམ་ཁུ་ཚུར་གྱི་གདམས་པ་དཀར་ཆག་དང་བཅས་པ། དེ་ལས་ལྕང་སྨན་སངས་རྒྱས་མགོན་པོས་བཏུས་པ་འབུམ་ཁུ་ཚུར་གྱི་ཞལ་གདམས་སུམ་ཅུ་པ། གདོང་ནག་ལྕེ་སྨན་དར་རྒྱས་ཀྱི་རྩ་རྒྱུད་འགྲེལ་ཆེན། བར་སྨན་པའི་འཇུག་ཁུག་མར་གྲགས་པའི་མན་ངག་མང་པོ། སྤྱི་པ་དཔལ་མགོན་རྡོ་རྗེའི་བཤད་རྒྱུད་ཀྱི་འགྲེལ་པ་འཐད་ལྡན་འོད་ཟེར་རབ་ཏུ་འཕྲོ་བ།
        མེས་ཨག་ཚོམ་གྱི་བློན་པོ་དང་བླ་སྨན་བྲང་ཏི་རྒྱལ་མཉེས་མཁར་ཕུག་ནས་བཟུང་སྨན་པ་མཁས་པ་རབ་མ་ཆད་དུ་བྱུང་བའི་མན་ངག་རིམ་བརྒྱུད་ཟབ་མོ་རྣམས་རིམ་གྱིས་ཡི་གེར་བཏབ་པ་བྲང་ཏིའི་པོད་ཁྲ་འམ་པོད་དམར། བྲང་ཏི་འཇམ་དཔལ་བཟང་པོའི་ལག་ལེན་པོད་ཆུང་། བྱ་འདྲེའི་བཅོས་ཐབས། དེའི་སྲས་ཆུང་བ་བྲང་ཏི་དཔལ་ལྡན་འཚོ་བྱེད་ཀྱི་རྩ་རྒྱུད་ཀྱི་འགྲེལ་བ་རྒྱུད་དོན་རབ་གསལ། ཕྱི་རྒྱུད་འགྲེལ་པ་ཚུལ་གསུམ་སྣང་བ། རྩ་མདོའི་འགྲེལ་བ་ཉི་མའི་འོད་ཟེར། བརྒྱད་པའི་ཁོག་དབུག། དྲང་སྲོང་གི་རྟོགས་བརྗོད། མ་ལ་ཡའི་དཀའ་འགྲེལ། ཕྱི་རྒྱུད་སྨན་སྦྱོར་དཔེ་རིས། རྩ་པྲའི་ལྷ་མོའི་སྒྲུབ་ཐབས། ཆུ་མདོའི་འགྲེལ་པ་ཚིག་དོན་གསལ་བྱེད་ཡིད་བཞིན་ནོར་བུར་ཐང་ཕྱེའི་འགྲེལ་པ། བྱང་ཁོག་གི་ཐིག་འགྲམ་གསལ་སྒྲོན། གཅེས་བསྡུས། མདོ་གནས་ལེའུ་སུམ་ཅུའི་སམ་འབྲེལ་སོགས་བསྟན་བཅོས་ཆེ་ཆུང་བཅོ་བརྒྱད་ཙམ། དེའི་སྐུ་ཚ་བྲང་ཏི་དཔལ་ལྡན་རྒྱལ་མཚན་གྱི་རྩ་རྒྱུད་ལེའུ་དང་པོའི་འགྲེལ་བ། མན་ངག་གསེར་བྲེ། བྲང་ཏི་རྡོ་རྗེ་དཔལ་བཟང་གི་བཤད་རྒྱུད་འགྲེལ་པ་དོན་གསལ། བྲང་ཏི་དཔལ་འབྱོར་དོན་གྲུབ་ཀྱིས་གསེར་བྲེ་ཆེ་བ་ལས་བསྡུས་པའི་གསེར་བྲེ་ཆུང་བ། དེའི་སྲས་ཀྱི་དངུལ་བྲེ། འདིའི་མཚན་མི་གསལ། བྲང་ཏི་ཡབ་མེས་གོང་མ་ནས་ས་སྐྱ་སྨན་གྲོང་དུ་བཞུགས་བས་ས་སྐྱ་སྨན་གྲོང་པ་ཟེར།
        ལྷ་བླ་མ་ཡེ་ཤེས་འོད་ཀྱི་རིང་ལ་དཔའ་བོའི་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་རྩ་འགྲེལ་བསྒྱུར། ཆེར་རྗེ་ཞིང་སྟོན་ཞིག་པོ་ཐུགས་རྗེ་ཁྲི་འོད་ཀྱི་ས་བཅད་དོན་ཁྲིགས་འབྱེད་པའི་ལྡེ་མིག། དཀའ་ཚོམ་གེགས་སེལ་གནམ་ལྕགས་འཁོར་ལོ། ཚིག་དོན་ཞིབ་རྒྱས་སུ་འགྲེལ་པ་མུ་ཏིག་ཕྲེང་བ་རྒྱས་བསྡུས་གཉིས། ལག་ལེན་དམར་ཁྲིད་རྒན་མོ་མཛུབ་ཚུགས་ཀྱི་ཚུལ་དུ་འཆད་པ་བདུད་རྩིའི་ཐིགས་པ། གཞུང་གི་ནག་མཆན། དེའི་སློབ་མ་གཙང་སྟོན་དར་མ་མགོན་པོའི་སློབ་མའི་དོན་དུ་ཟིན་ཏིག་དང་། བུའི་དོན་དུ་ཡང་ཏིག། ཚ་ལུང་པ་སྟོད་སྟོན་དཀོན་མཆོག་སྐྱབས་ཀྱི་ཡན་ལག་བརྒྱད་པའི་བསྡུས་དོན་རིན་པོ་ཆེའི་དྲ་བ་དང་། གཞུང་གི་མཆན་བུ། མང་ར་སྒོམ་ཆེན་གྱི་ཡན་ལག་བརྒྱད་པའི་ཊིཀྐའི་གསལ་བྱེད་མེ་ལོང་། གཡུ་ཐོག་བཀྲ་ཤིས་མགོན་གྱི་ལེ་གྲངས་ཀྱི་བསྡུས་དོན། འཕེལ་ཟད། རོ་སྦྱོར། ནི་རུ་ཧའི་ལམ་རིམ། མཚན་ཉིད་ཉི་ཤུ་ལ་སོགས་པའི་ཤོག་ཁྲ། གཡུ་ཐོག་རྒྱལ་ཚའི་སྟོང་ཐུན་ཆེན་མོ་ལུང་གྲངས་ཉི་མའི་སྙིང་པོ། འབལ་སྨན་ཉི་མ་དཔལ་གྱི་གཅེས་བསྡུས་ཡིད་བཞིན་ནོར་བུ། ཆེར་རྗེ་ཤཱཀྱ་དཔལ་གྱི་ལེའུ་དང་པོའི་ཊིཀྐ་ཟླ་ཟེར་མེ་ཏོག། བྱ་མོ་ཁུད་པ་ཡེ་ཤེས་བཟང་པོའི་བརྒྱད་པའི་འགྲེལ་པ་དོན་གསལ་ཉི་མའི་སྙིང་པོ། གནས་དྲུག་པ་བློ་གྲོས་མཚུངས་མེད་ཀྱི་ཡན་ལག་བརྒྱད་པའི་མཆན་བུ། མཐའ་བཞི་ཤྲཱི་ལ་སཾ་བྷའི་ཁོག་དབུབ་བདུད་རྩིའི་ཆུ་རྒྱུན།
        མི་ཉག་རྡོ་རྗེ་འབུམ་གྱི་ཟབ་འགྲེལ། ས་བཅད། རྫ་རྡོ་ཟུང་གི་སྤྱི་ཁོག་གསལ་བ། ཤཱཀ་རམས་བ་ཉི་མ་དཔལ་གྱི་འགྲེལ་བཤད་ཉི་མའི་འོད་ཟེར། དགེ་བཤེས་རོག་སྟོན་གྱི་ཚིག་དོན་གསལ་བྱེད། དཔལ་ཆེན་འོད་པོའི་བརྒྱད་ཆུད་ཉི་མའི་འཁོར་ལོ། རྗེ་ས་པཎ་གྱི་བརྒྱད་པའི་དོན་བསྡུས། བཅོམ་ལྡན་རིགས་རལ་གྱི་གསོ་དཔྱད་རྒྱན་གྱི་མེ་ཏོག། སྟག་ལོའི་སྨན་གྱི་ལག་ལེན་གཅེས་བསྡུས་ལེའུ་བཅུ་པ་རེག་པས་ནད་སེལ། སྟོད་སྨན་འཚོ་བྱེད་གཞོན་ནུའི་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ། དངུལ་ཆུ་གྲུབ་པའི་བསྟན་བཅོས། ས་སྐྱའི་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་སྨན་དཔྱད་རྒྱལ་པོའི་དཀོར་མཛོད། ཕ་དམ་པའི་འཁྱུད་སྤྱད་དཀར་ནག་ཁྲ་གསུམ། དྲང་སྲོང་རྒྱུ་སྐར་གྱི་མཁྱུད་སྤྱད། འབྲོང་རྩེའི་བེ་བུམ། ན་བཟའ་བའི་བེ་བུམ།
        བྱང་པ་རྣམ་རྒྱལ་གྲགས་བཟང་གི་ཡན་ལག་བརྒྱད་པ་ཐམས་ཅད་ཀྱི་སྙིང་པོ་བསྡུས་པ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལེའུ་བརྒྱ་དང་ཉི་ཤུ། རྩ་རྒྱུད་ཀྱི་བཤད་པ་རྒྱུད་དོན་གསལ་བྱེད་སྒྲོན་མ། བཤད་རྒྱུད་ཀྱི་རྒྱ་ཆེར་འགྲེལ་པ་བདུད་རྩིའི་ཆུ་རྒྱུན། ཊིཀ་ཆུང་དོན་གསལ། ཕྱི་མ་རྒྱུད་ཀྱི་དཀའ་འགྲེལ་དགོས་འདོད་འབྱུང་བ། ཡོངས་གཏད་ཀྱི་འགྲེལ་པ་ཚིག་དོན་རྣམ་པར་གསལ་བ། སྨན་གཞུང་རིན་ཆེན་སྒྲོམ་བུ། རྒྱུད་བཞིའི་དཀའ་ཕྲེང་མུན་སེལ། གསོ་ཐབས་སུམ་བརྒྱ་དྲུག་ཅུའི་ངོས་འཛིན། རྩ་བཤད་གསལ་བའི་སྒྲོན་མེ། སྲོག་གཅོད་ནད་དགུའི་དབྱེ་བ། འཚོ་བྱེད་རྣམས་ལ་སྙིང་བརྩེ་བའི་འཕྲུལ་གྱི་ཡིག་ཆུང་། སེང་གེ་རྩེ་འཚོ་བྱེད་ཀྱི་དྲིས་ལན། རྒྱུད་བཞིའི་མཆན་བུ། དེའི་སློབ་མ་མིའི་ཉི་མ་མཐོང་བ་དོན་ལྡན་ནམ་བྱམས་པ་དཀོན་མཆོག་རིན་ཆེན་གྱི་གསོ་དཔྱད་ཀྱི་རྒྱལ་པོ་ཞེས་བྱ་བའི་བསྟན་བཅོས། རྒྱུད་བཞིའི་འགྲེལ་པ་བཀོད་པ་རྣམ་བཞི་དང་། རྒྱུད་རྣམ་བཞི་མངོན་པར་རྟོགས་པའི་གསོལ་འདེབས། རྒྱུད་བཞིའི་རྣམ་ངེས་སམ་བཀའ་སྒྲུབ། མ་ལ་ཡའི་དཀའ་འགྲེལ་འདོད་འཇོ་ཆེ་ཆུང་། ཁྱད་འཕགས་སྤྱི་སྨན། ངོ་མཚར་སྤྱི་སྨན། རིམས་བཅོས་མི་ལ་སྲོག་སྦྱིན། བཤད་རྒྱུད་ལེའུ་བཞི་པའི་འགྲེལ་པ་གནས་ལུགས་རབ་གསལ། རྩ་མདོའི་འགྲེལ་པ་སྙན་རྒྱུད་རྡོ་རྗེའི་ཚིག་རྐང་། གཅེས་བསྡུས་རིན་ཆེན་ཕྲེང་བ། ཟུར་མཁར་བས་མིང་སོགས་དྲིས་པའི་ལན།
        མིའི་ཉི་མའི་སྲས་ལྷ་བཙུན་བཀྲ་ཤིས་དཔལ་བཟང་གི་བཤད་རྒྱུད་ཀྱི་འགྲེལ་པ་ལེགས་བཤད་ནོར་བུ། ཕྱི་རྒྱུད་འགྲེལ་པ་དགོས་འདོད་འབྱུང་བ་རིན་པོ་ཆེའི་བང་མཛོད་དམ་བཀླག་པས་ཀུན་ཤེས། ལྷུན་སྡིངས་བདུད་རྩི་འགྱུར་མེད་ཀྱི་གསོ་དཔྱད་ཀྱི་ལག་ལེན་དགོས་འདོད་ཀུན་འབྱུང་། ལྷུན་སྡིངས་རྣམ་རྒྱལ་རྡོ་རྗེས་རྐྱང་སེལ་སྐོར་འཚོ་བྱེད་སྤྱི་ལ་དྲིལ་པ་རྡོ་རིང་རྒྱན་མཆོག། སྡེ་སྲིད་ཀྱི་དེའི་ལན་དྲང་ཐིག་སྲིད་སྒྲུབ་ཀྱི་མདའ། བོད་མཁས་པའི་སྨན་རྩིས་གཉིས་ཀྱི་དགག་པ་སོགས་སྨན་ཡིག་ཐོར་བུ།
        ཟུར་མཁར་པ་མཉམ་ཉིད་རྡོ་རྗེའི་རྒྱུད་བཞིའི་འགྲེལ་ཆེན་པོ་ཤལ་ཕྲ་མོ། རྒྱུད་ཀྱི་དཀའ་གནད་རྣམས་ལ་དྲི་ཚིག་སྤྱི་དོན་དངུལ་དཀར་མེ་ལོང་། ལེགས་བཤད་ཉི་ཟེར། ཕྱོགས་ཀྱི་སྨན་པ་རྣམས་ལ་སྤྲིངས་ཡིག། བྱེ་བ་རིང་བསྲེལ་མ་ཡིག། བུ་ཡིག་གམ་མདེའུ་ཐུང་། ཐེམ་མེད་དམ་ཕྱི་མ་ཕྱོགས་གཏོགས་དང་བཅས་ལེ་ཚན་བཞི་བརྒྱ་དང་བཅུ་དྲུག་ཡོད་པ། རྒྱུད་ཕྱི་མའི་སྨན་ངོ་གསལ་བྱེད་བདུད་རྩི་སྒྲོན་མེ། ལག་ལེན་མཐར་ཕྱིན་སྐྱེ་མ་པ་ཚེ་དབང་རྡོ་རྗེའི་སློབ་མ་སྐྱེ་མ་པ་ཚེ་དབང་རྒྱལ་པོའི་རྩ་རྒྱུད་འགྲེལ་པ་སྙིང་པོ་སྣང་བ། བཤད་རྒྱུད་འགྲེལ་བ་ཚིག་དོན་ཉི་མ། མན་ངག་རྒྱུད་ཀྱི་རྣམ་བཤད་བདེ་བའི་འདོད་འཇོ། ཕྱི་རྒྱུད་རྣམ་བཤད་ལག་ལེན་གསལ་བྱེད། སྨན་དཔྱད་ལག་ལེན་ཚེ་དབང་བརྒྱ་རྩར་གྲགས་པ། མཚོ་སྨད་མཁན་ཆེན་ཤཱཀྱ་དབང་ཕྱུག་གི་ཕྱི་རྒྱུད་འགྲེལ་པ་དཀའ་གནད་གསལ་སྒྲོན། རིགས་ལྔའི་གསལ་བྱེད་མེ་ཏོག་ཕྲེང་བ། ལག་ལེན་དམར་ཁྲིད་དུ་བསྟན་པ་སྙིང་པོ་བསྡུས་པ།
        ཟུར་མཁར་བློ་གྲོས་རྒྱལ་པོའི་རྩ་བཤད་གཉིས་དང་། ཕྱི་རྒྱུད་ལེའུ་དང་པོ་གཉིས་ཀྱི་འགྲེལ་པ་མེས་པོའི་ཞལ་ལུང་། གཞི་ལམ་འབྲས་གསུམ་ལས་བརྩམས་བའི་དྲིས་ལན་གསེར་གྱི་ཕྲ་ཚོམ། སྨན་གཞུང་ལས་བརྩམས་པའི་དྲི་བ་རྡོ་རིང་མཛེས་བྱེད་ཀྱི་རང་ལན་རྒན་པོའི་ཁ་ཆེམས་མཚན་མོ་མུན་ནག་གི་གློག་འོད། ཟུར་མཁར་བའི་རྣམ་ཐར་འགག་པ་མེད་པའི་གཏམ། བྱང་བའི་བཀའ་སྒྲུབ་ཀྱི་ལན་དཀར་པོ་ཆིག་ཐུབ་བམ་དབང་པོའི་ལག་ཉལ། སྨན་གྱི་རོ་ནུས་ཞུ་རྗེས་ཀྱི་རེ་མིག་དྷརྨ་སྭ་མིས་རྡོ་རྗེ་ཕ་ལམ་ལ་མིག་ཕུག་པ་ལྟར་མཛད་པ་སླར་སྲད་བུར་བརྒྱུས་བ་དང་མཚུངས་པ། གོང་སྨད་དཀོན་མཆོག་འཕན་དར་ལ་དྲི་བ་ཙུ་ཏའི་འཁྲི་ཤིང་། པ་རྣམ་འཚོ་བྱེད་ཀུན་ལེགས་པར་དྲི་བ་བློ་གསལ་འཇུག་ངོགས། དྲིས་ལན་ལེགས་བཤད་སྐྱུག་པ། ཟླ་ཐིགས་ཉིན་བྱེད་འོ་མཚོ་དབྱར་སྐྱེས་རྔ་གསང་། ག་བུར་གུར་གུམ་ཨ་དཀར་ཙནྡན་སོགས་ཀྱི་སྐྱོན་སེལ་འགའ་ཞིག། རྒྱུད་བཞི་པར་བཀོད་མཇུག་རྩོམ་གྱི་སྐྱོན་སེལ། ཆུ་སྐོལ་གྱི་རྣམ་བཤད། འཕན་ཡུལ་གྱི་སྨན་པ་རླུང་ཁམས་ལངས་པའི་དྲིས་ལན་དབྱར་ཉིའི་ཞུན་ཐིགས། མ་ནུའི་དྲིས་ལན་སོགས་མང་།
        བྱར་པོ་པཎ་ཆེན་རྡོ་རྗེ་ཕ་ལམ་གྱི་རྒྱུད་བཞིའི་འགྲེལ་བ། བྱེ་བ་རིང་བསྲེལ་གྱི་དཀར་ཆག། བྱ་པ་བཀྲ་ཤིས་དར་རྒྱས་ཀྱི་བཤད་རྒྱུད་རྐྱང་སེལ་གྱི་འགྲེལ་པ་སྨན་གྱི་འཁྲུངས་དཔེ་དང་སྦྱར་བ། དྲང་སྲོང་མཐུ་སྟོབས་རྡོ་རྗེའམ་གྲུ་སེང་གེའི་མིང་ཅན་གྱི་སྨན་དཔྱད་བདུད་རྩིའི་གཏེར། དཔའ་བོ་གཙུག་ལག་པའི་སྨན་དཔྱད་ཟིན་བྲིས་སྙིང་པོ་བསྡུས་པ་དང་། རྡོ་ཞུན་གསལ་སྒྲོན། སྐྱིད་ཤོད་ཆུ་ཤུལ་ན་འོ་འཚོ་བྱེད་བློ་གྲོས་བརྟན་པའམ་རིན་སྡིངས་སེམས་དཔའ་ཆེན་པོ་བློ་བཟང་རྒྱ་མཚོའི་ཕྱི་རྒྱུད་དཀའ་འགྲེལ་གསལ་བའི་མེ་ལོང་། ཉི་ཐང་བློ་བཟང་རྒྱ་མཚོའི་གཅེས་བསྡུས། དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་ཀྱི་མེས་པོའི་ཞལ་ལུང་གི་ཁ་སྐོང་ཕྱི་རྒྱུད་ཆུ་མདོ་མན་ཆད་ཀྱི་འགྲེལ་པ་ཞལ་ལུང་གཉིས་པ་དཀའ་གནད་རྡོ་རྗེའི་མདུད་གྲོལ། མན་ངག་རྒྱུད་ཀྱི་དཀའ་འགྲེལ་ལེགས་བཤད་གསེར་རྒྱན། རྐྱང་སེལ་གྱི་འགྲེལ་པ། དྭགས་པོ་འཚོ་བྱེད་ཀརྨ་ཀུན་ཕན་པའི་བྱེ་བ་རིང་བསྲེལ་གྱི་འགྲོལ་ཞལ་ཤེས་དང་བཅས་པ། མན་ངག་གི་སྐོར་ཟབ་གནད་མཐའ་དག་བསྡུས་པའི་སྙིང་པོ་བདུད་རྩི་གསེར་ཕྲེང་། འབམ་བཅོས་རྣམས་སོ། །
        སྟོད་ལུགས་ཀྱི་ཡ་གྱལ་གོང་ཁ་པ་ཆོས་ཀྱི་རྡོ་རྗེའི་བརྒྱུད་འཛིན་གོང་སྨན་དཀོན་མཆོག་བདེ་ལེགས་ཀྱི་རྒྱུད་བཞིའི་མཆན་ཤིན་ཏུ་རྒྱས་པ་རྒྱུད་ཆན་ཕྲ་མོ་བེ་བུམ་སེང་ལྡེང་མར་གྲགས་པ། མན་ངག་པོད་དམར་ཡིད་བཞིན་ནོར་བུ། པོད་ནག། པོད་ཁྲ། ཕྱི་རྒྱུད་དཀའ་འགྲེལ་གནས་ཐམས་ཅད་གསལ་བའི་སྒྲོན་མེ། བརྒྱུད་པའི་རྣམ་ཐར། སྨན་མིང་བརྡ་སྤྲོད། རྒྱུད་ཀྱི་དཀའ་ཕྲེང་འགྲོལ་བའི་ཤོག་སེར་ཏེ་པོད་བདུན། རྩ་ཆུའི་གནད་འགྲོལ་ཞལ་གྱི་གདམས་པ་དམར་འབྱིན། སྔོའི་འཁྲུངས་དཔེ་དོན་བསྡུས། རོ་ནུས་ཀྱི་སྡེབ་སྦྱོར་སོགས་ཕྲན་བུ་བསྡུས་པ། གོང་སྨན་དཀོན་མཆོག་ཕན་དར་གྱི་དྲང་སྲོང་བརྒྱུད་པའི་གསོལ་འདེབས་རྫོགས་ལྡན་མ། སྨན་གྱི་བྱིན་འབེབས་རབ་གནས་ཀྱི་ཆོ་ག། སྨན་གྱི་ལྷ་མོའི་སྒྲུབ་སྐོར། དངུལ་ཆུ་གྲུབ་པའི་བསྟན་བཅོས། སྨན་ནག་ཆེན་མོའི་སྦྱོར་བ་རྒྱས་འབྲིང་བསྡུས་གསུམ་གྱི་དཀར་ཆག། རྩ་རྒྱུད་ཀྱི་འགྲེལ་པ་མེ་ལོང་མཐོང་གསལ། གསོ་རིག་དགོས་འདོད་འབྱུང་པ་ནོར་བུའི་ཕྲེང་བ་ཞེས་མན་ངག་རྟེན་འབྲེལ་གྱི་སྐོར་མ་ཚང་བ་མེད་པའི་ཤིན་ཏུ་རྒྱས་པ་པོད་གསུམ། དེ་ལས་བསྡུས་པ་དགོངས་པ་དོན་འདུས། དེ་ལས་བསྡུས་པ་དགོས་པ་ཀུན་བསྡུས། དེ་དག་གི་དགོངས་དོན་སྙིང་བོར་དྲིལ་བ་ཉམས་ཡིག་བརྒྱ་རྩའམ་ཕན་བདེ་བརྒྱ་རྩ། དེའི་སློབ་མ་ཚ་རོང་ཆོས་རྗེ་དཔལ་ལྡན་རྒྱལ་མཚན་གྱི་གསོ་རིག་གི་སྤྱི་དོན་མུན་སེལ་སྒྲོན་མེ་སོགས་ཚ་རོང་པའི་སྙན་བརྒྱུད་བེ་བུམ་དུ་གྲགས་པ། དེའི་དབོན་པོ་ནམ་མཁའ་བདེ་ལེགས་ཀྱི་རྒྱུད་བཞིའི་སྤྱི་དོན་ལེགས་བཤད་སྣང་བ། རྩ་མདོའི་ས་བཅད་བསྡུས་དོན། ཕྱི་རྒྱུད་ཀྱི་ནད་དང་། གཉེན་པོ་གསོ་ཐབས་གསུམ་གྱི་དབྱེ་བསྡུ། མན་ངག་ཐོར་བུ་སྣ་ཚོགས་པའི་སྐོར་བདུད་རྩི་ཕྲེང་བ། གཅོད་སྣ་བཞིའི་ངོས་འཛིན་མཛུབ་ཚུགས་མ། དེའི་བཅོས་ཐབས་རྡོ་རྗེ་ཕ་ལམ།
        གོང་སྨན་ལུགས་འཛིན་གསལ་བསྒང་བ་དཔལ་མགོན་ལྷུན་གྲུབ་ཀྱི་གསོ་རིག་གི་སྤྱི་དོན་ལེགས་བཤད་བྲིས་པ། དུས་བཞིའི་ངོས་འཛིན་ལ་འཁྲུལ་བ་སྤོང་ཐབས། དྲུང་འཚོ་དབང་ལྡན་པས་ཉི་ཟླ་གཟའ་འཛིན། ཉི་མ་ལྡོག་མཉམ་སོགས་རྩ་ཡི་ཐིག་ཚུལ་སྨྲ་བ་ལ་དྲི་བ་ལེགས་བཤད་འཚོལ་བའི་ཕོ་ཉ་རིགས་པའི་ལྕགས་ཀྱུ། མིའི་ཉི་མའི་གཅེས་བསྡུས་ལས་མིང་ཡང་འདི་བཞིན་དུ་བྲིས་པ་ཕྱག་རྡོར་མགོན་པོའི་གཅེས་བསྡུས་རིན་ཆེན་ཕྲེང་བ་དང་། ཕྱི་རྒྱུད་ཀྱི་ས་བཅད། སྡེ་པ་རོང་ཚོ་བའི་ལྟ་ན་སྡུག་གི་ངོས་འཛིན། བརྒྱུད་པའི་ལོ་རྒྱུས་སོགས་ལ་དྲིས་པའི་ལན་རིགས་པའི་འཁོར་ལོ། མན་ངག་ཟབ་བསྡུས་བདུད་རྩི་ཐིགས་ཕྲེང་། འབྲུག་པ་པད་དཀར་པའི་དུག་བཅོས་ལེ་ཚན། ཞྭ་དམར་དྲུག་པའི་གསོ་རིག་གི་བསྟན་བཅོས་འཆི་བ་མེད་པའི་བདུད་རྩི། དཔའ་བོ་གཙུག་ལག་ཕྲེང་བའི་སྨན་གྱི་ཆོས་འབྱུང་དང་འབམ་བཅོས། ཉི་ཐང་ངག་དབང་གཞོན་ནུའི་རྒྱུད་ནུས་གསུམ་གྱི་འགྲེལ་པ་དང་། གསོ་རིག་གི་བསྟན་བཅོས་ལེགས་བཤད་སྐལ་བཟང་པད་ཚལ་བཞད་པའི་ཉིན་བྱེད། བེ་རོའི་སྨན་མིང་བརྡ་སྦྱོར། བྱ་པ་བཀྲ་ཤིས་རྣམ་རྒྱལ་གྱི་རྒྱུད་བཞིའི་མཆན། དཀོན་རྒྱལ་བའི་གཅེས་བཏུས། འཚོ་བྱེད་དཀོན་མཆོག་སྐྱབས་ཀྱི་དོན་ཁྲིད། བུ་སྟོན་གྱི་སྨན་གྱི་བཀའ་བབས་སྐྱོར་ལུང་པ་དོན་ཡོད་དཔལ་བཟང་གི་ཡན་ལག་བརྒྱད་པའི་དཀའ་གནས་ཀྱི་མཆན་འགྲེལ།
        སྙེ་མདོ་ཀུན་དགའ་དོན་གྲུབ་ཀྱི་ཡང་སྲིད་སྙེ་མདོ་ཤཱཀྱ་དཔལ་གྱི་གསོ་རིག་གི་བསྟན་བཅོས་རིན་ཆེན་སྣ་བདུན། འབྲི་གུང་ཆོས་གྲགས་ཀྱི་འབམ་བཅོས་ཚེ་འཛིན་སྲོག་སྐྱོབ། དེའི་སློབ་མ་གཞུ་སྙེ་མོའི་འབྲི་གུང་ཚེ་དབང་བསྟན་པའི་གསོ་དཔྱད་གཅེས་བསྡུས་ཕན་བདེ་སྙིང་པོ། གཉན་རིམས་མཁྲིས་པ་རྩར་རྒྱུག་སོགས་གློ་བུར་ནད་ལྔའི་གཅོས་ཚུལ་དམ་པའི་ཞལ་ལུང་བདུད་རྩིའི་ཆུ་རྒྱུན། གཅོང་ཆེན་དམུ་ཆུའི་བཅོས་གསང་བ་སྦུབས་འདྲེན། མགོ་གསང་མིག་གསང་གི་ཟིན་ཐོ། མགོ་སྨན་ཟླུམ་བཅོས་ཀྱི་སྦྱོར་བ་འབྲི་གུང་ཆོས་གྲགས་ཀྱི་གསུང་ལ་ཞལ་ཤེས་སྦྱར་བ། མིག་གི་འགྲིབ་གསད་མེ་ཡིས་མནན་པའི་ཕྱག་ལེན། རྒྱུ་རྒན་གྱི་བཅོས་འཕྲུལ་གྱི་ཐེམ་ཚང་། རླུང་ཅེ་སྤྱང་མགོའི་བཅོས་ཟུར་མཁར་ལུགས། དེའི་སློབ་མ་འབྲི་རིགས་དཔོན་ཚང་ཡེ་ཤེས་བསམ་གཏན་གྱི་གཅེས་བསྡུས་ཕན་བདེའི་ཆར་རྒྱུན། གཅེས་བསྡུས་ཕན་བདེའི་སྙིང་པོའི་ཞལ་ཤེས་སྙིང་གི་ཁུ་བ། མོ་ནད་ཀྱི་སྒོས་བཅོས་ཟབ་མོ། འབྲུམ་བཅོས་བདེ་བའི་ལང་ཚོ། བད་ཀན་མགུལ་འགག་གི་བཅོས་བདེ་བའི་མྱུར་ལམ། རྒྱུ་གཟེར་གྱི་བཅོས་མུན་སེལ་སྒྲོན་མེ། མིག་སེར་གྱི་བཅོས་ལང་ཚོའི་བདེ་སྟེར།
        ལྷོ་བྲག་ལྷ་ལུང་མཁན་པོའི་བརྒྱུད་འཛིན་སྔགས་གྲ་པ་ཀརྨ་བསམ་གྲུབ་ཀྱི་གཅེས་བསྡུས་དགོས་པ་ཀུན་འབྱུང་མ་བུ། སྟག་བླ་པདྨ་བློ་ལྡན་གྱི་གཉན་བཅོས། གཙང་སྨན་ཚེ་རིང་རྣམ་རྒྱལ་གྱི་འབྲུམ་བཅོས། གཙང་པ་རྒྱལ་པོའི་བླ་སྨན་གྱི་འབྲུམ་བཅོས། སྡེ་སྲིད་ཀྱི་མན་ངག་ལྷན་ཐབས་ཀྱི་སྨན་གྱི་མིང་གིས་མཚོན་ངོ་སྤྲོད་ལག་ལེན་ངག་རྒྱུན་མི་ཉམས་པའི་ཟིན་རིས་སུ་བཀོད་པ། དེ་ལ་ཀ་རྟགས་བཏབ་ཡོད་པ་བཞིན་གསང་སྨན་ཞེ་གཉིས་ཀྱི་ངོས་འཛིན་འཁྲུལ་མེད་སྲོག་གི་ཀ་བ་འགྲོལ་དང་བཅས་པ། ཛྙཱ་ན་ཀ་རའི་ལྷན་ཐབས་ཀྱི་ལྡེ་མིག་སྦས་དོན་སྒོ་བརྒྱ་འབྱེད་པའི་ཞལ་ལུང་མན་ངག་འཕྲུལ་གྱི་ལྡེ་མིག། ཝ་གིནྡྲ་ཤཱི་བྷ་དྲའི་མན་ངག་ལྷན་ཐབས་ཀྱི་ལྡེ་མིག་ཞལ་ཤེས་བཞི་པ་མཁའ་འགྲོའི་གཏད་རྒྱའི་རྒྱ་མདུད། དར་མོ་སྨན་རམས་པའི་ལྷན་ཐབས་ཀྱི་གསང་སྨན་ངོས་འཛིན། བྱང་ཁོག་ལེའུ་བཞིའི་ཡུལ་ཐིག་དང་ཤ་ཚིལ་རུས་ཀྱི་གནད། རང་གསང་མདའ་གསང་ཕོ་གསང་དབྱེ་གསང་མེ་གཙང་བསྲེག་གསང་བཅས་ཕྱོགས་གཅིག་ཏུ་བོད་མཁས་པ་མི་ཕམ་དགེ་ལེགས་ཀྱིས་བསྒྲིགས་པ། རྗེ་དཔོན་ལེགས་ཚོགས་ལྷུན་གྲུབ་ཀྱི་སྤྲུལ་སྐུ་བློ་བཟང་བསྟན་འཛིན་རྒྱལ་མཚན་གྱི་རྩ་རྒྱུད་ཀྱི་འགྲེལ་པ་གསལ་བའི་སྒྲོན་མེ། བཤལ་ལེའི་སྡོམ། གྲང་བ་སྤྱི་འཇོམས་ཀྱི་སྦྱོར་བ། བདུད་རྩི་བཅད་འབྱོར་གྱི་སྦྱོར་བ་ཟུག་ངུ་དྲུང་འབྱིན།
        སི་ཏུ་དཔོན་ཀརྨ་ངེས་ལེགས་བསྟན་འཛིན་གྱི་སྨན་བསྡུས་ཨེ་ཝཾ་པོད་གཉིས། དེའི་ཡང་སྲིད་ཀརྨ་ངེས་དོན་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱི་རིན་ཆེན་དབང་རིལ་དང་རིན་ཆེན་རྟ་རི་མའི་སྦྱོར་སྡེ་བགྱིས་ཚུལ་གཞན་ཕན་ཟླ་འོད་འཛུམ་པའི་འཁྲི་ཤིང་། སྨན་གྱི་གཅེས་བསྡུས་འཆི་མེད་ནོར་བུའི་ཕྲེང་བ། དེའི་བུ་ཡིག་མན་ངག་སྙིང་གི་ནོར་བུ། སྡེ་དགེ་བསྟན་འཛིན་ཕུན་ཚོགས་ཀྱི་ཤེལ་གོང་དང་ཤེལ་ཕྲེང་། གཅེས་བསྡུས་ཀུན་གསལ་སྣང་མཛོད། གཏེར་ཀའི་གདམས་པ་ཉེས་འཁྲུགས་རྙོགས་པ་དྲུང་ནས་འབྱིན་བྱེད་ཀརྐེ་ཏ་སོགས་ལེ་ཚན་བཅོ་བརྒྱད། གཙང་སྨན་ཡེ་ཤེས་བཟང་པོའི་མེར་གན་ཞལ་གདམས་ཞེས་གྲགས་པ་ལེ་ཚན་བཅུ་དགུ་རྣམས་སོ། །

        ༈ ཉེར་གཅིག་པ་གསུང་འབུམ་སྐོར་ལ། ས་ཆེན་ཀུན་དགའ་སྙིང་པོའི་གསུང་པོད་གཉིས། སློབ་དཔོན་བསོད་ནམས་རྩེ་མོའི་པོད་གསུམ། རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་པོད་བཞི། ས་པཎ་དང་འཕགས་པ་གཉིས་ལ་པོད་གསུམ་རེ་སྟེ། ས་སྐྱ་གོང་མའི་བཀའ་འབུམ་པོད་བཅོ་ལྔ། རྗེས་འབྲང་ཟི་ལུང་ཤཱཀྱ་མཆོག་ལྡན། གོར་རམས་པ་བསོད་ནམས་སེང་གེ། མང་ཐོས་ཀླུ་སྒྲུབ་རྒྱ་མཚོ། མཁན་ཆེན་ངག་དབང་ཆོས་གྲགས་རྣམས་ཀྱི་གསུང་འབུམ། གོང་དཀར་རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ་གྱི་གསུང་བྲག་ཐོག་ཆོས་རྗེ་ལ་བསྟོད་པ་ལེ་ཚན་གཉིས། སློབ་དཔོན་ཡེ་ཤེས་རྒྱ་མཚོ་ལ་བསྟོད་པ། ས་སྐྱ་གོང་མ་རྣམས་ལ་ཞུ་འཕྲིན། རྡོ་རྗེ་གླུ་གར་གྱི་བཤད་པ་ཀུན་བཟང་རོལ་བའི་དཔུང་གཉེན་ཚོགས་འཁོར་རྣམ་བཤད་གྲུབ་པའི་དགའ་སྟོན། ཀྱེ་རྡོར་ཞི་བའི་སྦྱིན་སྲེག་མེ་ཤེལ་ཕྲེང་བ། བདག་མེད་ལྷ་མོ་བཅོ་ལྔའི་དཀྱིལ་ཆོག་ཟུར་འདེབས། གུར་རིགས་བསྡུས་ཀྱི་དཀྱིལ་ཆོག་ཚིག་དོན་རབ་གསལ། འཇིགས་བྱེད་ལྷ་བཅུ་བདུན་མའི་ངག་འདོན། འཇིགས་བྱེད་བཅུ་གསུམ་མའི་ལྷན་ཐབས། གཤིན་རྗེ་གཤེད་ཀྱི་གཏོར་མ་དྲུག་ཅུ་པའི་ཆོ་ག། གཤིན་རྗེ་དམར་ནག་གི་མཆོད་པ་ཉི་ཤུ་པ། ཀུན་རིག་གཞན་ཕན་སྣང་བ་དང་གཞན་ཕན་འོད་ཟེར་མཐའ་དཔྱོད་དང་བཅས་པ། འབྱུང་འདུལ་གྱི་སྒྲུབ་ཐབས། རྟ་མགྲིན་དམར་པོའི་སྒྲུབ་ཐབས། གུར་མགོན་གྱི་གཏོར་ཆོག་རབ་འཇིགས་རྡོ་རྗེའི་མེ་ཆར། ཞལ་བཞི་པའི་གཏོར་མ་ཞི་དྲག་གཉིས་ཀྱི་ཆོ་ག་གནམ་ལྕགས་འབར་བ། ཆོས་སྐྱོང་གོང་འོག་གི་གཏོར་ཆོག་བསྡུས་པ། འཆམས་ཡིག། བསྟན་བཅོས་འགའི་མཆན། བཤེས་གཉེན་མང་པོའི་དྲིས་ལན་སོགས་ཡོད་པའི་ཐིག་ལེ་ཅན་རྣམས་པར་ཡོད།
        ཚར་ཆེན་གྱི་གསུང་པོད་བཞི། འཇམ་དབྱངས་མཁྱེན་བརྩེའི་གསུང་པོད་གསུམ། དབང་ཕྱུག་རབ་བརྟན་གྱི་གསུང་པོད་གཅིག། ས་ལོ་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་གྱི་གསུང་མུས་ཆེན་སངས་རྒྱས་རིན་ཆེན་དང་། གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ་ཀྱི་རྣམ་ཐར་སོགས་པོད་གཅིག། ས་ལོའི་གཅུང་འཇམ་དབྱངས་ཚེ་བརྟན་གྱི་སྲས་སྔགས་འཆང་ཀུན་དགའ་རིན་ཆེན་གྱི་གསུང་པོད་གསུམ།
        བཀའ་བརྒྱུད་པ་ལ། དྭགས་པོ་ལྷ་རྗེའི་བཀའ་འབུམ། ཞང་གི་བཀའ་འབུམ་པོད་བཞི་བཀའ་རྒྱ་མ་དང་བཅས་པ། ཕག་མོ་གྲུ་པའི་བཀའ་འབུམ་པོད་བཞི། སྟག་ལུང་ཐང་པའི་བཀའ་འབུམ། གླིང་རས་པའི་བཀའ་འབུམ། ཀ་རུ་ལ་ཀྵའི་བཀའ་འབུམ། སྒམ་པོ་བཀྲ་ཤིས་རྣམ་རྒྱལ་གྱི་གསུང་འབུམ། གཙང་སྨྱོན་གྱི་ཐུགས་སྲས་རྒོད་ཚང་རས་པ་སྣ་ཚོགས་རང་གྲོལ་གྱི་བཀའ་འབུམ། སྒམ་པོ་བཟང་པོ་རྡོ་རྗེའི་གསུང་འབུམ། རི་ཆོས་སྐོར་གསུམ་མ་དྲུག་སོགས་ཡང་དགོན་པའི་གསུང་པོད་གཉིས། འབའ་ར་བ་རྒྱལ་མཚན་དཔལ་བཟང་གི་གསུང་འབུམ་ཕ་རྒོད་ཀུན་དགའ་བཟང་པོ་དང་། དེ་སྲས་དྲན་མཆོག་དོན་ཡོད་རྒྱལ་མཚན་གྱི་གསུང་འབུམ། འབྲུག་པ་པད་དཀར་གྱི་གསུང་པོད་བཅུ་གཉིས།
        བཅོམ་ལྡན་རིགས་རལ་ལ་མཛེ་བྱུང་ནས་ཚད་མ་རྣམ་ངེས་ཚར་སྟོང་གཤར་སྦྱངས་དང་། མི་གཡོ་བ་དཀར་པོ་དུང་ཕྱུར་གསུམ་བཟླས་པས་ནད་ལས་གྲོལ་ཞིང་ཐུགས་རབ་རྒྱས་ནས་གསུང་འབུམ་པོད་བཅུ་དྲུག་ལས་སྔར་མ་བྲིས་པ་འགའ་ཞིག་ནི། སྐྱེས་པའི་རབས་ཀྱི་ཕྲེང་བ་སྐྱེ་བོ་དམ་པ་རྣམས་ཀྱི་ཡིད་ཀྱི་རྒྱ་མཚོ་ལ་ངང་པའི་རྒྱལ་པོ་ལྟར་མཛེས་པ། ༢༡༠ འཕགས་པ་དཀོན་མཆོག་བརྩེགས་པའི་རྒྱན་གྱི་མེ་ཏོག། ༣༡ སངས་རྒྱས་ཕལ་པོ་ཆེ་རྒྱན་གྱི་མེ་ཏོག། རྒྱལ་བའི་ཡུམ་ཡི་གེ་གཅིག་མ་རྒྱན་གྱི་མེ་ཏོག། བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཆོ་ག་རྒྱན་གྱི་མེ་ཏོག། ༨ ཐེག་པ་ཆེན་པོ་རྒྱུད་བླ་མ་རྒྱན་གྱི་མེ་ཏོག། ༡༢ མདོ་སྡེ་རྒྱན་གྱི་མེ་ཏོག། ༣༧ ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པ་རྒྱན་གྱི་མེ་ཏོག། ༨ བྱང་ཆུབ་ལམ་གྱི་སྒྲོན་མ་རྒྱན་གྱི་མེ་ཏོག། ༢༧ ཚད་མའི་བསྟན་བཅོས་སྡེ་བདུན་རྒྱན་གྱི་མེ་ཏོག། ༡༢༤ སྒྱུ་མ་ཆེན་པོ་རྒྱན་གྱི་མེ་ཏོག། ༡༠ བརྒྱད་སྟོང་དོན་བསྡུས་ཀྱི་མཆན་འགྲེལ་དང་བསྡུས་དོན། མཚན་བརྗོད་ཊིཀ། ༡༧ རིགས་པ་གྲུབ་པའི་སྒྲོལ་མའི་ཊིཀྐ། ༢༠
        ཀུན་མཁྱེན་ཆོས་སྐུ་འོད་ཟེར་ལ་གསུང་རྩོམ་བཀའ་རྒྱས་འབྲིང་བསྡུས་གསུམ་ལས་མི་ཉུང་ཙམ་ཡོད་ཅེས་དེབ་སྔོན་ལས་གསུང་།
        བུ་སྟོན་གྱི་དུས་འཁོར་སྐོར་ལ་ཆོས་ཚན་ཆེ་ཆུང་ང་བདུན། ཕ་རྒྱུད་སྐོར་ལ་སུམ་ཅུ། མ་རྒྱུད་སྐོར་ལ་སོ་བདུན། རྣལ་འབྱོར་རྒྱུད་ལ་ང་བདུན། སྤྱོད་རྒྱུད་ལ་གཅིག། བྱ་རྒྱུད་ལ་བཅོ་བརྒྱད། སྔགས་སྤྱིའི་གསལ་བྱེད་ཉེར་གཅིག། འདུལ་མངོན་མདོ་སྡེ་སྒྲ་ཚད་བཅས་ལ་ཉེར་ལྔ། རིག་གནས་སྤྱིའི་གསལ་བྱེད་ང་ལྔ་བཅས་ཡོད། དེ་ཡང་བུ་སྟོན་རང་གིས་གསུང་འབུམ་གྱི་དཀར་ཆག་ཡོད་ཀྱང་པོད་གྲངས་མེད། ཞྭ་ལུར་ཐུགས་སྲས་རིན་ཆེན་རྣམ་རྒྱལ་དང་སྦྱིན་བདག་སོགས་ཀྱིས་བཞེངས་པར་གླེགས་བམ་ཉེར་དྲུག། ཟང་ཟིང་ནེ་རིང་གི་གཙུག་ལག་ཁང་དུ་གསུང་གང་ཡོད་ཚར་གཅིག་བཞུགས་པར་པོད་རེར་ཤོག་གྲངས་སུམ་བརྒྱ་རེ་བྱས་པའི་གླེགས་བམ་སུམ་ཅུ། སྐྱིད་གྲོང་བསམ་གཏན་གླིང་དུ་པོད་རེར་ཤོག་གྲངས་ལྔ་བརྒྱ་རེ་བྱས་པའི་གླེགས་བམ་ཉེར་གཉིས། དེ་ལ་མ་ཕྱི་བྱས་ནས་དཔལ་འཁོར་ཆོས་སྡེའི་རི་སྡིངས་གྲ་ཚང་དུ་བཞུགས་པའི་དཀར་ཆག་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པ་ཡོད། སྒྲ་ཊིཀ་མ་གཏོགས་པའི་པོད་སུམ་ཅུ་པ་ཞེས་ངོར་པ་ཀུན་བཟང་གི་རྣམ་ཐར་ལས་བཤད།
        ཐུགས་སྲས་རིན་ཆེན་རྣམ་རྒྱལ་གྱི་གསུང་འབུམ། མཁྱེན་རབ་ཆོས་རྗེའི་བཀའ་འབུམ། ཞྭ་ལུ་རིན་ཆེན་བསོད་ནམས་འཕེལ་གྱི་བཀའ་བུམ་པོད་གཉིས། གནས་བརྟན་ནགས་ན་གནས་ཀྱི་སྤྲུལ་ཕར་ཞལ་གྱིས་བཞེས་པ་བྱང་གླིང་བཀྲ་ཤིས་རྒྱལ་མཚན་གྱི་བཀའ་རྩོམ་པོད་གཉིས། ཞྭ་ལུ་རིན་ཆེན་བསོད་ནམས་མཆོག་གྲུབ་གྱི་བཀའ་འབུམ།
        གཡག་སྡེ་པཎ་ཆེན་གྱི་བཀའ་འབུམ།
        ཇོ་ནང་དོལ་པོ་པའི་གསུང་འབུམ། ཀུན་དགའ་གྲོལ་མཆོག་གི་བཀའ་འབུམ་པོད་བཞི། ཏཱ་ར་ན་ཐའི་གསུང་འབུམ།
        བོ་དོང་ཕྱོགས་ལས་རྣམ་རྒྱལ་གྱི་དཔལ་དེ་ཉིད་འདུས་པ་རྒྱས་པ་ལ་གླེགས་བམ་བརྒྱ་དང་བཅུ། འདུས་པ་འབྲིང་པོ་ལ་གླེགས་བམ་ཉི་ཤུ། བསྡུས་པ་ལ་གླེགས་བམ་གཉིས། ཤིན་ཏུ་བསྡུས་པའི་སྙིང་པོ་ལ་གླེགས་བམ་ཆུང་ངུ་གཅིག། དེ་ཉིད་འདུས་པའི་ཉམས་ལེན་རྒྱུད་སྡེ་རྒྱ་མཚོའི་བཅུད་ཐིགས་སྦས་དོན་གསལ་བ། དེ་ཉིད་འདུས་པ་ལེགས་པར་གྲུབ་པའི་གཏང་རག་ཏུ་བརྩམས་པ་རྒྱུད་སྡེའི་ལྷ་ཚོགས་ཇི་སྙེད་པའི་བསྟོད་པ་འདོད་པ་འཇོ་བ། དེའི་སློབ་མ་བྱང་པ་རྣམ་རྒྱལ་གྲགས་བཟང་གི་དེ་བཞིན་གཤེགས་པའི་གདུང་རབས། བསྟོད་པ། བཀའ་བསྟན་དུ་མའི་དོན་བཏུས་སོགས་བསྟན་པ་སྤྱིའི་གནས་ལས་བསྒྲགས་པའི་བསྟན་བཅོས་ཆེ་ཆུང་སོ་ལྔ། རྩིས་ཀྱི་བསྟན་བཅོས་བྱིས་པ་བདེ་བླག་ཏུ་འཇུག་པ་སོགས་དཔལ་དུས་ཀྱི་འཁོར་ལོའི་ལེའུ་དང་པོ་གཉིས་ཀྱི་དོན་འགྲེལ་གྱི་དབང་དུ་མཛད་པའི་བསྟན་བཅོས་ལེ་ཚན་ཞེ་གཉིས། དབང་ཆོག་བདེ་བ་ཆེན་པོའི་ཆུ་རྒྱུན་སོགས་དབང་ལེ་དང་སྒྲུབ་ལེའི་དོན་འགྲེལ་དུ་བརྩམས་པ་ང་བཞི། ལུས་དཀྱིལ་རྫོགས་རིམ་ལམ་དུས་སོགས་ཡེ་ཤེས་ལེའུའི་དོན་འགྲེལ་བཅུ་གཉིས། ཤེས་བྱ་རབ་གསལ། མདོར་བསྡུས་དང་པོའི་བཤད་སོགས་སྤྱིར་བསྡོམས་ཀྱི་འགྲེལ་པ་དྲུག་སོགས་སོ། །
        ཁྲིམས་ཁང་ལོ་ཙཱ་བ་བསོད་ནམས་རྒྱ་མཚོའི་གསུང་པོད་བཅུ་གཉིས། འགོས་ལོ་གཞོན་ནུ་དཔལ་གྱི་གསུང་པོད་བཅུ། འདུལ་འཛིན་བློ་གྲོས་སྦས་པའི་གསུང་པོད་གཉིས། གཙང་སྟོན་ཀུན་དགའ་རྒྱལ་མཚན་གྱི་གསུང་ཐོར་བུ་པོད་གཅིག། རྒྱལ་དབང་བསོད་ནམས་རྒྱ་མཚོའི་གསུང་པོད་གཅིག། རྒྱལ་དབང་ལྔ་པའི་གསུང་འབུམ་ཕྱི་མ་པོད་བཅུ་དྲུག། ནང་མ་པོད་བཅུ། གསང་བ་པོད་གཉིས་ཏེ་ཉེར་བརྒྱད། རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་རྣམ་རྒྱལ་གྲ་ཚང་གིས་ཞུས་པའི་རྒྱལ་བ་རང་དང་སྡེ་སྲིད་ཀྱི་ཞབས་བརྟན་གངས་ཅན་ཕན་བདེ་མ། འཁྲུངས་རབས་གསོལ་འདེབས་བྱིན་རླབས་མྱུར་འཇུག། འབྲས་སྤུངས་སྤྱིས་ཞུས་པའི་གསོལ་འདེབས། ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཞབས་བརྟན་ཤོ་ལོ་ཀ་གཅིག་དང་། ཡང་སྒོ་མང་གྲྭ་ཚང་སྤྱིས་ཞུས་པའི་ཤེས་རབ་སྟོང་ཉིད་མ། ཇ་མཆོད། སྒྲོལ་མའི་བསྟོད་པ། རྟ་མགྲིན་གྱི་སྒྲུབ་ཐབས། འཇམ་དབྱངས་ཨ་ར་པ་ཙ་ནའི་སྒྲུབ་ཐབས་མ་རིག་མུན་སེལ། མཚོ་སྣའི་ལྷ་མོ་ཙ་ཎྚི་ཀའི་གཏོར་ཆོག་ལས་བཞི་ལྷུན་གྲུབ་མ། འདོད་གསོལ་མི་བཟད་འཇིགས་རུང་མ། ར་ཧུ་ལའི་འཕྲིན་ལས་དུག་མདའ་ནག་པོ་དགྲ་སྲོག་གཅོད་པའི་སྤུ་གྲི་གནམ་ལྕགས་མེ་ཡི་ཐོག་མདའ། ལྷ་མོའི་སྙན་ཤལ་འདོད་གསོལ། དར་ལྕོག་ཞལ་བྱང་ཁ་ཤས། གནས་ཆུང་གིས་བསྐུལ་བའི་སྙན་དར་ཞལ་བྱང་བདེ་སྐྱིད་ཉི་མ་འབར་བའི་དགའ་སྟོན་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་རྣམས་ཡོད།
        རྒྱལ་བ་འཇམ་དཔལ་རྒྱ་མཚོའི་གསུང་ཐོར་པོད་ཆུང་གཅིག། ཡོངས་འཛིན་གྱི་རྣམ་ཐར་དང་གསོལ་འདེབས། དཔེན་ས་པ་བསོད་ནམས་ཕྱོགས་གླང་གི་གསུང་འབུམ་པོད་གཉིས། དྭགས་པོ་ངག་དབང་གྲགས་པའི་གསུང་འབུམ་པོད་གསུམ། སྤྲུལ་སྐུ་གྲགས་པ་རྒྱལ་མཆན་གྱི་གསུང་པོད་གཅིག། སྔགས་ཆེན་དཀོན་མཆོག་རྒྱལ་མཚན་གྱི་གསུང་པོད་གཉིས། གཙང་སྟོན་ཉ་རི་པ་རྡོ་རྗེ་འཛིན་པ་བློ་བཟང་རིག་གྲོལ་གྱི་གསུང་པོད་གཉིས། ཤེལ་དཀར་བཀྲ་ཤིས་རྒྱ་མཚོའི་གསུང་པོད་གཅིག། རྒྱལ་སྲས་ཡེ་ཤེས་གྲགས་པའི་གསུང་པོད་གཅིག། འཇམ་དབྱངས་བདེ་པའི་རྡོ་རྗེའི་གསུང་པོད་ཆུང་གཉིས། ཞོག་དོན་ཡོད་མཁས་གྲུབ་པའི་གསུང་པོད་ཆེན་གཅིག། ཉི་མ་ཐང་པ་ཤེས་རབ་སྦྱིན་པའི་གསུང་པོད་གཉིས། པྲ་སྟི་དགེ་བཤེས་རིན་ཆེན་དོན་གྲུབ་ཀྱི་གསུང་པོད་གཅིག། བྱ་ཁྱུང་མཁན་པོ་སྟག་སྡོང་དཀར་པོ་བ་བློ་བཟང་ཆོས་དབྱིངས་ཀྱི་གསུང་པོད་ཆུང་གཅིག། ཁྲི་གུང་ཐང་པ་དག་ངག་དབང་བསྟན་པའི་རྒྱལ་མཚན་གྱི་གསུང་གསན་ཡིག་བཅས་པོད་གཉིས། ཐུ་བཀྭན་ངག་དབང་ཆོས་ཀྱི་རྒྱ་མཚོའི་གསུང་པོད་གཅིག། སྐྱིད་ཤོད་སྤྲུལ་སྐུ་བསྟན་འཛིན་བློ་བཟང་རྒྱ་མཚོའི་གསུང་པོད་གཅིག།
        གཡེར་གཤོང་སྔགས་རམས་པ་འཇམ་དབྱངས་བློ་གྲོས་ཀྱི་གསུང་འབུམ། བྲག་དཀར་སྔགས་རམས་པ་བློ་བཟང་བསྟན་པ་དར་རྒྱས་ཀྱི་གསུང་པོད་ཆུང་གཉིས། ཆེས་ཀ་སྔགས་རམས་པ་བློ་བཟང་འབྱུང་གནས་ཀྱི་གསུང་པོད་གཅིག། སྟག་ཕུ་བློ་བཟང་བསྟན་རྒྱན་གྱི་གསུང་པོད་གསུམ། སྟག་ཕུ་ཆོས་ཀྱི་དབང་ཕྱུག་གི་གསུང་པོད་ལྔ། རྗེ་དཔོན་ལེགས་ཚོགས་ལྷུན་གྲུབ་ཀྱི་སྤྲུལ་སྐུ་བློ་བཟང་བསྟན་འཛིན་རྒྱལ་མཚན་གྱི་གསུང་པོད་གཉིས། ཡོངས་འཛིན་འབྲོང་རྩེ་བློ་བཟང་ཚུལ་ཁྲིམས་ཀྱི་གསུང་པོད་གཅིག། ཡོངས་འཛིན་གུ་གེ་བློ་བཟང་བསྟན་འཛིན་གྱི་གསུང་པོད་ལྔ། བཀའ་འགྱུར་བ་བློ་བཟང་ཉི་མའི་གསུང་པོད་གཅིག། བཞད་དངུལ་ཆུའི་བླ་མ་དབང་ཕྱུག་ཆོས་བཟང་གི་གསུང་འབུམ། འཇོག་པོ་བླ་མ་ངག་དབང་བསྟན་འཛིན་འཕྲིན་ལས་ཀྱི་གསུང་འབུམ། མཁར་རྡོ་བློ་བཟང་སྒོམ་ཆུང་གི་གསུང་པོད་ཆུང་གཅིག། རྩིས་ཐང་བྱང་མ་ཁང་གསར་བ་དཔལ་འབྱོར་བསོད་ནམས་ལྷུན་གྲུབ་ཀྱི་གསུང་འབུམ། འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་ཀྱི་གསུང་འབུམ། བ་སོ་རྗེ་དྲུང་དཀོན་མཆོག་ཉི་མའི་གསུང་པོད་གཅིག། རྟ་ཚག་རྗེ་དྲུང་ངག་དབང་ཆོས་ཀྱི་དབང་ཕྱུག་གི་གསུང་པོད་གཉིས། རྟ་ཚག་རྗེ་དྲུང་བློ་བཟང་བསྟན་པའི་མགོན་པོའི་གསུང་པོད་གཉིས། རྒྱལ་སྲས་བསྐལ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོའི་གསུང་པོད་གསུམ། ཁྱ་དགེ་བློ་གྲོས་རྒྱ་མཚོའི་གསུང་པོད་གཅིག། སྟག་ཚང་དཔོན་སློབ་བློ་བཟང་རབ་བརྟན་གྱི་གསུང་པོད་གཅིག། ཁ་དྲོའི་གནས་བརྟན་བློ་བཟང་བསྟན་འཛིན་གྱི་གསུང་པོད་གཅིག། ཁྲི་ཆེན་འཇིགས་མེད་རིགས་པའི་སེང་གེའི་གསུང་ཐོར་བུ་པོད་ཆུང་གཅིག།
        རྗེ་བློ་བཟང་འཇིགས་མེད་རིགས་པའི་རལ་གྲིའི་གསུང་པོད་ལྔ། སྤང་ལུང་དགེ་བཤེས་དད་པ་མཁན་པོ་བློ་བཟང་ཐུགས་རྗེ་གསུང་པོད་གཅིག། མཁན་ཆེན་དགེ་འདུན་རྒྱ་མཚོའི་གསུང་ཐོར་བུ་པོད་གཅིག། ཁྲི་བྱང་ཆུབ་ཆོས་འཕེལ་དང་ངག་དབང་ཆོས་འཕེལ་རྣམ་གཉིས་ཀྱི་གསུང་ཐོར་བུ། ཀེའུ་ཚང་བློ་བཟང་འཇམ་དབྱངས་སྨོན་ལས་གྱི་གསུང་པོད་གཅིག། ཁམས་ལི་ཐང་མཁན་པོ་རྡོ་རིང་སྤྲུལ་སྐུ་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་གསུང་པོད་གཅིག། ཀོང་པོ་ཕག་མགོ་བླ་མ་ཡེ་ཤེས་བརྩོན་འགྲུས་ཀྱི་གསུང་པོད་གཅིག། ལི་ཐང་ཚ་ཁ་དབུ་མཛད་སྤྲུལ་སྐུ་བསྟན་འཛིན་འཕྲིན་ལས་དར་རྒྱས་ཀྱི་གསུང་པོད་གཉིས། སྒར་ཉག་དགོན་གྱི་སྤྲུལ་སྐུ་སྐལ་བཟང་ལྷུན་གྲུབ་ཀྱི་ཀུན་རིག་དབང་བཤད་སོགས་གསུང་རྩོམ་པོད་གསུམ་སྟེ་ཕྱོགས་བསྒྲིགས་སུ་ཡོད་པ་རྣམས་ཀྱི་ཐོ་རང་རང་གི་དཀར་ཆག་ལས་ཤེས་སོ། །
        ཧོར་སེ་ཆེན་རྒྱལ་པོའི་དུས་བོད་དང་རྒྱའི་བཀའ་འགྱུར་བསྡུར་ནས་མ་ཚང་བ་རྣམས་བསྣན། ཧྭ་ཤང་མཁས་པ་རྣམས་ཀྱིས་བརྩམས་པའི་གཞུང་ཆེ་བ་པོད་བརྒྱ་དང་ང་གསུམ་སྟེ། ཁྱོན་པོ་ཏི་བདུན་བརྒྱ་དང་བཞི་བཅུའི་དཀར་ཆག་བསྒྲིགས་པ་དེར་པོད་དུ་མ་འགྱུར་བའི་མདོ་རྒྱུད་མང་པོ་ཡོད་ཅེས་ཨུ་ཅུ་མུ་ཆིན་མགོན་པོ་སྐྱབས་ཀྱི་རྒྱ་ནག་ཆོས་འབྱུང་ལས་བཤད་དོ། །
འདིར་བཀོད་མཚན་བྱང་ཉིན་མོའི་སྣང་བ་དང་། །
རིང་དུ་འགྲོགས་པའི་བློ་གྲོས་དེད་དཔོན་མཆོག །
གསུང་རབ་ནོར་བུའི་གླིང་དུ་ལེགས་སོན་ཏེ། །
ཕུན་ཚོགས་དོན་གཉིས་དགའ་སྟོན་འགྱེད་པར་ཤོག །
                                               ཅེས་དཔེ་རྒྱུན་དཀོན་པ་དང་ཁྱབ་ཆུང་བ་འགའ་ཞིག་གི་ཐོ་ཡིག་དོན་གཉེར་ཡིད་ཀྱི་ཀུནྡ་བཞད་པའི་ཟླ་འོད་འབུམ་གྱི་སྙེ་མ་ཞེས་བྱ་བ་འདི་ཡང་བཙུན་གཟུགས་བྱ་བྲལ་པ་ཤེས་རབ་རྒྱ་མཚོས་སླར་དཔེ་རྒྱུན་མི་ཉམས་པ་དང་འཚོལ་བའི་བསྙེལ་བྱང་དུ་བཀོད་པའོ།། །།

 
འབྲེལ་ཡོད་འོས་སྦྱོར།