logo

༄༅། །གཞོན་ནུ་དྲུག་གི་རྟོགས་བརྗོད་བཀླགས་པའི་མྱོང་ཚོར།

རྩོམ་པ་པོ།:ཚུལ་དར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2022-06-13 ཀློག་གྲངས།:
༄༅། །གཞོན་ནུ་དྲུག་གི་རྟོགས་བརྗོད་བཀླགས་པའི་མྱོང་ཚོར།
ཚུལ་དར། མཚོ་ལྷོ།

དང་པོ། རྟོགས་བརྗོད་འདིའི་རྩོམ་པ་པོ་ངོ་སྤྲོད།
        གཞོན་ནུ་དྲུག་གི་རྟོགས་བརྗོད་ཀྱི་རྩོམ་མཁན་སུ་ཡིན་ལ་མཁས་པ་མང་པོའི་བཞེད་ཚུལ་མི་འདྲ། འགའ་རེས་རྒྱ་གར་ཀྱི་སྙན་ངག་མཁན་རྒྱལ་བའི་སྡེས་མཛད་པ་ཡིན་ལ་དཔེ་ཆའི་རྩོམ་མཁན་ནང་དུའང་དེ་ལྟར་བཀོད་ཡོད། ཡང་རེ་འགས་ཁམས་པ་དགེ་འདུན་བཟང་བོས་མངའ་རིས་སུ་སྤྱན་དྲངས་པའི་རྒྱ་གར་གྱི་པཎྜི་ཏ་ཨུ་མ་པ་ཏིས་མཛད་པ་ཡིན་འདུག་གསུངས་མོད། གང་ལྟར་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་རྒྱ་གར་གྱི་སྙན་ངག་མཁན་པོ་རྒྱལ་བ་སྡེས་མཛད་པ་དང་བོད་ཀྱི་ལོ་ཙཱ་བས་བསྒྱུར་བ་ཡིན་གསུངས་ཤིང་། ཡང་ན་བོད་ཀྱི་མཁས་པས་མཛད་པ་ཡིན་ཞེས་དོགས་སློང་བྱས་ཡོད། གཞུང་འདི་ཉིད་ལས་མཚན་མོའི་ཟླ་འོད་ལ་རོལ་བ་དང་གླང་བོ་ཆེ། ལྷ་ཆེན་དབང་ཕྱུག་དང་ཚངས་པ་སོགས་མང་བོ་བྱུང་ཡོད་པས་རྒྱ་གཞུང་རེད་སྙམ།
གཉིས་པ། བརྗོད་བྱ་སྤྱི་དོན། 
        གཞོན་ནུ་དྲུག་གི་རྟོགས་བརྗོད་འདི་ནི་རྩོམ་ལུས་རྟོགས་བརྗོད་ཀྱི་ཁུངས་སུ་གཏོགས་ཤིང་རྗོད་བྱེད་ཀྱི་ཚིག་ནི་མང་ཤོས་ཚིགས་བཅད་ཀྱི་ལམ་ནས་བྲིས་ཡོད། གཞུང་འདིའི་བརྗོད་བྱ་ནི་གཞོན་ནུ་དྲུག་གི་རྟོགས་པ་བརྗོད་པ་དེ་དམ་པའི་ཆོས་ཉམས་སུ་བླངས་པ་དང་དཀའ་སྤྱོད་བྱེད་ཚུལ་དག་ཤེས་རབ་ཀྱི་ཕར་ཕྱིན་དྲུག་ལ་སྦྱར་ཏེ་དེ་དག་གི་གོ་བ་དང་དེ་ཉམས་སུ་བླངས་པའི་ཕན་ཡོན་དག་གཞུང་འདི་ཉིད་ཀྱི་བརྗོད་བྱ་ཡིན་པས། གཞུང་འདི་ཉིད་ནན་གྱིས་ཀློག་ན་རང་རྒྱུད་ཀྱི་ཉོན་མོངས་སོགས་ལ་ཕན་ཞིང་དོན་གོ་ལ་སྙན་འཇེབས་ལྡན་པའི་དགེ་མཚན་དུ་མ་མཆིས། གཞོན་ནུ་དྲུག་ལས་ཕུ་བོ་གསུམ་ནི་མུན་པ་ཅན་དང་འདོད་ལྷའི་བུ། དྲག་པོ་ཅན་གསུམ་དང་ནུ་བོ་གསུམ་ནི་དགེ་བ་ཅན་དང་མཉེན་གཤིས་བཟང་བོ། གཞོན་ནུ་ལེགས་པའི་བློ་གྲོས་བཅས་དྲུག་ཡིན་པ་ལས་སྔ་མ་གསུམ་ནི་ཉོན་མོངས་དུག་གསུམ་གྱིས་གཙེས་ཏེ་འཁོར་བའི་འདམ་དུ་བྱིངས་ནས་དམ་པའི་ཆོས་ལ་བསྙེག་པར་མ་ནུས་པར། རྒྱུ་འབྱོར་མངའ་ཐང་ལ་བརྐམ་པ་དང་སྐྱེ་རྒ་ན་འཆི་ལ་འཇིགས་ཡེར་ཏེ་གཡོ་སྒྱུ་ཁྲམ་གསུམ་ལ་ཞོགས།  ཕུ་བོ་གསུམ་ནི་འདོད་ཆགས་ཀྱི་ཉོན་མོངས་ལས་མ་ཐར་བས་དགེ་བའི་ཕྱོགས་སུ་སྤྱོད་མ་ཐུབ་པར་སྡིག་སྒྲིབ་ཀྱིས་གོམས་པར་གནས་པ། ཕྱི་མ་གསུམ་མམ་ནུ་བོ་གསུམ་ནི་དེ་ལས་ལྡོག་སྟེ། དཀོན་མཆོག་ལ་དད་གུས་ཆེ་ཞིང་ཆོས་ལ་མོས་པ། བྱམས་བརྩེ་ཆེ་ཞིང་ངེས་འབྱུང་དང་བྱང་སེམས། ཡང་དག་གི་ལྟ་བ་བཅས་ལེགས་པའི་ཆས་སྤྲས་ནས་ཕུ་བོ་གསུམ་ལ་དམ་པའི་ཆོས་དང་འཁོར་བའི་ཉེས་དམིགས་དག་བསྟན་ཡང་། ཕུ་བོ་གསུམ་ནི་དམ་པའི་ཆོས་ལ་བརྩོན་པ་བསྐྱེད་པའི་སྙིང་སྟོབས་དབེན་ཏེ་ནུ་བོ་གསུམ་དང་བྲལ་ནས་ཡང་ཡང་བྲོས་བྱོལ་བྱས་མོད། བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ནུ་བོ་གསུམ་གྱིས་ཕུ་བོ་དག་འཁོར་བའི་རྒྱ་ལས་བསྐྱུར་མ་ཐུབ་པར་སྙིང་རྗེ་ཡི་སེམས་བསྒོམས་ནས་ཕུ་བོ་དང་བཅས་བདེ་བའི་ལམ་ལ་བཀོད་པ་དང་འབྲེལ། དམ་པའི་ཆོས་ཀྱི་སྙིང་བོ་ནི་གཞན་ལ་མི་འཚེ་བ་དང་སྙིང་རྗེ་དག་བརྗོད་བྱ་བྱས་ཡོད། ད་དུང་། གཞུང་འདི་ཉིད་ལས་དགེ་བའི་བཤེས་གཉེན་ལ་ཚུལ་ཇི་ལྟར་བསྟེན་པ་དང་བསྟེན་པའི་ཕན་ཡོན། མ་བསྟེན་པའི་ཉེས་དམིགས་དག་བརྗོད་ཡོད། ལྷག་པར་དུ་གཞུང་འདི་ཉིད་ཀྱི་རྗོད་བྱེད་ཀྱི་ཚིག་ཀྱང་དོན་རྒྱན་སོ་ལྔས་བརྒྱན་པ་དང་དབྱར་དགུན་སྟོན་དཔྱིད་བཞི་ལ་སྦྱར་ཏེ་བྲིས་ཡོད་པས་འདི་ལ་ལྟ་མཁན་དག་གིས་ཞིབ་ཀློག་བྱས་ཚེ། དམ་པའི་ཆོས་ཀྱི་ཕན་ཡོན་དང་མི་སྡིག་པའི་ཉེས་དམིགས་སོགས་རྟོགས་ལ། ལྷག་པར་དུ་གསར་སློབ་སྙན་ངག་སྦྱོང་མཁན་ཞིག་གིས་བལྟས་ཚེ་བློ་གྲོས་ཀྱི་སྒོ་རྒྱ་ཡངས་པོར་འབྱེད་ཐུབ་པའི་དགེ་མཚན་དུ་མ་མཆིས་པས་དཔེ་བཟང་འདི་ཉིད་ཀྱི་སྤྱི་དོན་ཉུང་ཙམ་བརྗོད་པ་ལེགས་པར་གྱུར་ཅིག
གསུམ་པ། མྱོང་ཚོར།
        གཞོན་ནུ་དྲུག་གི་རྟོགས་བརྗོད་འདི་ནི་གསར་སློབ་སྙན་ངག་སྦྱོང་མཁན་ཞིག་ལ་མཚོན་ན་ཟུར་ལྟའི་སྙན་རྩོམ་ཡག་ཤོས་ཤིག་ཡིན་པ་དགེ་རྒན་རིན་པོ་ཆེ་རྣམས་པས་ཡང་ཡང་གསུངས་པས། ཁོ་བོས་ཀྱང་དཔེ་ཆ་འདི་ཐེངས་བཅུ་ཁ་ཞིག་ལ་བཀླགས་ཏེ་གཞུང་འདི་ཉིད་ལ་མྱོང་ཚོར་ཞིག་བྲིས་པ་ཡིན་ལ་མྱོང་ཚོར་དེའང་ས་བཅད་གསུམ་སྒོ་ནས་བརྗོད་ཡོད་པར། དང་བོ་ཤེས་རབ་ཀྱི་ཕར་ཕྱིན་དྲུག གཉིས་པ་དགེ་བའི་བཤེས་དང་གྲོགས་དམ་པ་ལ་འགྲོགས་པ། གསུམ་པ་གཞུང་འདི་ཉིད་ཀྱི་རྗོད་བྱེད་ཚིག་གི་ཁྱད་ཆོས་བཅས་སོ། །
གཅིག ཤེས་རབ་ཀྱི་ཕར་ཕྱིན་དྲུག
        གཞུང་འདི་ཉིད་ལས་ཤེས་རབ་ཀྱི་ཕར་ཕྱིན་དྲུག་བརྗོད་བྱ་བྱས་ཡོད་པས་ན་ཤེས་རབ་ཀྱི་ཕར་ཕྱིན་དྲུག་ནི་སྦྱིན་པ་དང་ཚུལ་ཁྲིམས། བཟོད་པ། བསམ་གཏན། བརྩོན་འགྲུས་དང་ཤེས་རབ་བཅས་དྲུག་ཡིན་ལ་ཁོ་བོས་དེབ་ཆུང་འདི་བཀླགས་རྗེས། དགེ་བའི་ཕན་ཡོན་ནི་མཐུ་ཆེ་ཞིང་བློ་སེམས་རྩེ་གཅིག་གིས་ཤེས་རབ་ཀྱི་ཕར་ཕྱིན་དྲུག་ཉམས་སུ་བླངས་ན། སྦྱིན་པའི་སྟོབས་ལས་ལུས་དང་ལོངས་སྤྱོད་སོགས་ལ་ཆགས་ཞེན་ཙམ་ཡང་མེད་པར་གཞན་ལ་སྙིང་རྗེ་བའི་སྒོ་ནས་སྦྱིན་པའི་དགེ་བ། ཚུལ་ཁྲིམས་ཀྱི་སྟོབས་ལས་མི་སྡིག་པ་ཙམ་གྱིས་ཀྱང་མ་གོས་པར་བསྲུང་བའི་ཚུལ་ཁྲིམས་ཀྱི་དགེ་བ། བཟོད་པའི་སྟོབས་ལས་མི་དགེ་བ་དང་གཞན་གྱིས་འཚེ་བ་བྱས་པ་དག་ཀྱང་མི་བཟོད་པ་མེད་པར་སྙིང་རྗེ་བ་དང་དུ་ལེན་པའི་བཟོད་པའི་དགེ་བ། བརྩོན་འགྲུས་ཀྱི་སྟོབས་ལས་ལེ་ལོ་གསུམ་སོགས་རྒྱང་དུ་སྤངས་ནས་དང་པའི་ཆོས་སོགས་ལ་འབད་བརྩོན་རྒྱུན་མི་ཆད་པའི་བརྩོན་འགྲུས་ཀྱི་དགེ་བ། བསམ་གཏན་གྱི་སྟོབས་ལས་རང་གིས་དམིགས་པ་གང་སྒོམ་པ་ལ་བར་ཆད་དང་གཡེང་བ་མེད་པར་བློ་ལ་གསལ་ཞིང་འཆར་བའི་བསམ་གཏན་གྱི་དགེ་བ། ཤེས་རབ་ཀྱི་སྟོབས་ལས་མི་སྡིག་པ་སོགས་ཤེས་རབ་ཀྱི་མིག་གིས་སོ་སོར་བླང་དོར་འབྱེད་ཐུབ་པ་ཤེས་རབ་ཀྱི་དགེ་བ་བཅས་འདི་དྲུག་པོ་ཡིན། འདི་དག་ཉམས་སུ་བླངས་ན་རང་གི་ཉོན་མོངས་དུག་གསུམ་ལ་ཕན་ཞིང་འཁོར་བའི་རྒྱ་ལས་རྣམ་པར་གྲོལ་ཏེ་དམ་པའི་ཆོས་ལ་རྟག་ཏུ་བརྩོན་པ་དང་། གཡོ་སྒྱུ་དང་ངན་ཟོལ་སོགས་སྤྱད་མི་དགོས་པར་ཀུན་གྱིས་བརྩི་བཀུར་བྱེད་ཅིང་རྒྱུ་ནོར་སྙན་གྲགས་སོགས་ཀྱང་མ་སྒྲུབ་ཤུགས་ཀྱིས་འགྲུབ་ཡོང་། དེ་ལས་ལྡོག་སྟེ། ཤེས་རབ་ཀྱི་ཕན་ཕྱིན་དྲུག་ཉམས་སུ་མ་བླངས་པ་ཡིན་ན། སེར་སྣ་དང་ཚུལ་འཆལ། ཞེ་སྡང་། ལེ་ལོ། རྣམ་གཡེང་དང་ཤེས་འཆལ་སོགས་ཀྱིས་ལུས་ངག་ཡིད་གསུམ་རྣམ་པར་སྒྲིབ་ནས་དམ་པའི་ཆོས་ལ་བརྩོན་པར་མ་ནུས་པས། འཇིག་རྟེན་མི་ཆོས་ཀྱང་དོར་སོང་བ་ཡིན་པས་ཀུན་གྱི་སྙིང་དུ་སྡིག་ཅིང་སེམས་ཅན་ལ་འཚེ་བ། དམྱལ་བར་འགྲོ་བའི་རྒྱུ་ལས་མ་འདས་པས་དམ་པའི་ཆོས་ཀྱི་སྙིང་བོ་ནི་རང་འཁོར་བ་ལས་གྲོལ་བྱེད་ཀྱི་ལམ་ཡིག་ཡིན་པ་གསལ་བོ་རྒྱུད་ལ་སྐྱེས་ཡོང་།
གཉིས། དགེ་བའི་བཤེས་གཉེན་དང་གྲོགས་དམ་པ་ལ་འགྲོགས་པའི་ཕན་ཡོན་གྱི་མྱོང་ཚོར།
        དགེ་བའི་བཤེས་གཉེན་ནི་ཡོན་ཏན་ཐམས་ཅད་ཀྱི་འབྱུང་ཁུངས་ཡིན་པ་དང་དགེ་བའི་བཤེས་གཉེན་ལེགས་པར་བསྟེན་ན་དེའི་སྟོབས་ལས་རང་ཉིད་ཀྱི་རྨོངས་པའི་མུན་པ་བསལ་ཞིང་མ་ཤེས་པ་བཅོམ་པ། ཤེས་པ་དག་ཀྱང་དཔྱིས་ཕྱིན་པར་རྟོགས་པའི་དགེ་མཚན་ལྡན་ལ། གཞུང་འདི་ཉིད་ལས་ཀྱང་གཞོན་ནུ་དྲུག་གིས་ཇི་ལྟར་དཀའ་སྤྱད་དང་ཆོས་ལ་བརྩོན་ཡང་། དམ་པའི་ཆོས་ཀྱི་དགོངས་དོན་ཇི་བཞིན་མ་རྟོགས་པས་དཀའ་བ་དུ་མ་སྤྱད་ནས་དྭངས་བསིལ་རི་ནས་སློབ་དཔོན་ཡེ་ཤེས་བློ་གྲོས་ལ་ལེགས་པར་བསྟེན་ཏེ་སློབ་དཔོན་གྱིས་ཆོས་ཀྱི་རྣམ་གྲངས་སོགས་གསུངས་པས་དེ་མ་ཉིད་ནས་འཕགས་པའི་ས་འཐོབ་ནས་འཁོར་བ་ལས་གྲོལ་བ། དེ་བཞིན། ངེད་ཅག་གིས་ཀྱང་ད་ལྟའི་འདི་འདྲའི་སྨོན་ལམ་བཟང་བོ་ཞིག་གི་སྟོབས་ལས་ལྷག་བསམ་གྱི་དགེ་རྒན་འདི་དག་ལ་འཕྲད་པ་བསོད་ནམས་སུ་བསྒོམས་ནས་ལེགས་པར་བསྟེན་ན། ཡོན་ཏན་ཐམས་ཅད་ཡིད་ལ་སྐྱེས་པའི་བྱིན་རླབས་ལྡན་ལ། དེ་ཡང་སུམ་ཅུ་བ་ལས་ཀྱང་སློབ་དཔོན་དེ་ཉིད་དུ་འཛིན་ཅིང་། །ལེ་ལོ་གཡེང་བ་རྣམས་པར་སྤངས། །ཟོ་བཟང་དད་པ་ལ་བརྟེན་པ། །སྐྱེས་བུ་དེས་ནི་མྱུར་རྟོགས་ཏེ། །ཞེས་སློབ་དཔོན་ཐོན་མིས་ཀྱང་སློབ་དཔོན་ནི་ཡོན་ཏན་ཐམས་ཅད་ཀྱི་ལྡེ་མིག་ཡིན་པས་བསམ་སྦྱོར་གཉིས་ཀྱིས་ལེགས་པར་བསྟེན་དགོས་པ་གསུངས་པས་ང་ཚོས་འདི་ནི་ངེས་པར་ཏུ་གཙིགས་སུ་འཛིན་དགོས་སོ། །ད་དུང་དམ་པའི་གྲོགས་ལ་འགྲོགས་ཤེས་པ་དང་མི་སྡིག་པའི་གྲོགས་སོགས་ལ་རིང་དུ་གྱེས་དགོས་པ་ཤིན་ཏུ་གལ་ཆེ་སྟེ། དམ་པའི་གྲོགས་ལ་འགྲོགས་ན་དེའི་རྒྱུད་ཀྱི་ལེགས་པའི་ཀུན་སྤྱོད་སོགས་ཀྱིས་རང་ཉིད་ཀྱི་མི་སྡིག་པ་དག་འདག་པར་བྱས་ཏེ་དཀོན་མཆོག་གསུམ་དང་དོན་བཟང་བོ་ལ་སོགས་ལ་གོམས་པར་འགྱུར་བ་གཞུང་འདི་ཉིད་ལས་ཀྱང་། གཞོན་ནུ་དྲུག་ལས་ཕུ་བོ་གསུམ་ནི་ཉོན་མོངས་དང་འདོད་ཆགས། ལེ་ལོ་སོགས་ཀྱིས་གཙེས་ཏེ་དམ་པའི་ཆོས་ལ་བརྩོན་པར་མ་ནུས་པར་དུག་གསུམ་ནང་དུ་ཡང་ཡང་ལྡང་ཡང་། ནུ་བོ་གསུམ་གྱིས་བརྩེ་བ་དང་སྙིང་རྗེ་ཡིས་འཁོར་བའི་ཉེས་དམིགས་སོགས་སྐྱེ་རྒ་ན་འཆི་ལ་དཔེ་སྦྱར་ཏེ་བསྟན་པས་ཕུ་བོ་གསུམ་གྱིས་ཀྱང་འཁོར་བའི་སྡུག་བསྔལ་ཡང་དག་པར་རྟོགས་ཏེ་འཕགས་ལམ་གྱི་ས་འཐོབ་པའོ། །བླ་མ་དང་དམ་པའི་ཆོས། གྲོགས་དམ་པ་ལ་བསྟེན་དགོས་པ་ཡང་། དཔེ་ཆོས་འགྲེལ་བ་ལས། རྒྱ་གར་དུ་འགྲོ་བ་ལ་རང་དང་འདྲ་བའི་མི་གསུམ་དགོས། འོ་སྐོལ་ཐར་བའི་བྱང་ཆུབ་འཚོལ་བ་ལ་སྟོན་པ་སངས་རྒྱས་བསྟེན་དགོས། ལམ་བསྟན་པ་ལ་ཆོས་བསྟེན་དགོས། དེ་སྒྲུབ་པའི་གྲོགས་དགེ་འདུན་ལ་བསྟེན་དགོས་ཞེས་གསུངས་པས་འདི་དག་ནི་ཤིན་ཏུ་གལ་ཆེ། དེ་བས་གྲོགས་ངན་པ་ལ་སོགས་པར་རིང་དུ་གྱེས་དགོས་ལ། དེ་མིན། གྲོགས་ངན་པ་ལ་སོགས་པར་འགྲོགས་ཚེ་རང་ཉིད་ཀྱི་དད་པ་དང་བློ་ཁ། ཕུགས་བསམ་སོགས་ཀྱང་བོར་འགྲོ་བས། དྭགས་པོ་ཟླ་འོད་གཞོན་ནུ་ལ་རྗེ་མི་ལ་རས་པས་གནང་བའི་བསླབ་བྱ་ལས། སྡིག་གྲོགས་དང་འགྲོགས་སུ་མི་རུང་། དེའི་གྲིབ་རང་ལ་ཕོག་ཡོང་བ་ཡིན། ཐམས་ཅད་དང་མཐུན་པར་བྱ། ཀུན་ལ་ཕན་པར་བྱ། གཙང་སྦྲ་ཆེ་བར་བྱ། འཇིག་རྟེན་ཆོས་བརྒྱད་ལ་རི་དྭགས་རྨས་མ་ལྟར་རྒྱུན་དུ་དོགས་ཟོན་གྱིས། རི་མཚམས་དང་། སྨྲ་བཅད། འདག་སྦྱར་གསུམ་གྱིས་དུས་འདའ་བར་གྱིས་གསུངས་ཡོད་པས་ན། ཡང་དག་པའི་དགེ་བའི་བཤེས་གཉེན། དམ་པའི་ཆོས་དང་གྲོགས་དམ་པ་ལ་ལེགས་པར་བསྟེན་པ། མི་སྡིག་པའི་གྲོགས་སོགས་ལ་རིང་དུ་གྱེས་དགོས་པའི་སེམས་བྱུང་གལ་ཆེན་ཞིག་བསམ་པའི་གཏིང་ནས་སྐྱེས་ཡོང་ངོ་། །
གསུམ། གཞུང་འདི་ཉིད་ཀྱི་རྗོད་བྱེད་ཚིག་གི་ཁྱད་ཆོས།
        གཞུང་འདི་ཉིད་བཅད་ལྷུག་སྤེལ་མ་ལས་ཚིགས་བཅད་ནི་མང་ཤོས་ཡིན། ཀློག་ན་ངག་ལ་བདེ་ཞིང་སྙན་འཇེབས་ལྡན་པ། སྡེབ་སྦྱོར་ལེགས་པ་བཅས་ཀྱི་དགེ་མཚན་དུ་མ་ལྡན་པར་མ་ཟད། གཞུང་འདི་ཉིད་ཀྱི་མགོ་མཇུག་བར་གསུམ་དོན་རྒྱན་སོ་ལྔས་བརྒྱན་ཏེ་དུས་ཚིགས་བཞི་སོགས་དང་སྦྱར་ཡོད་ལ། ལྷག་ཏུ་ཁོར་ཡུག་གི་ཞིབ་འབྲི་དང་སྣང་བརྙན་སོགས་ཀྱིས་རང་ཉིད་ལ་འགྱུར་བ་དྲག་པོ་ཞིག་བསླངས་ནུས་པས་ན། དཔེ་ཆ་འདི་ཉིད་ཐེངས་གང་མང་བཀླགས་ཏེ་དོན་རྒྱན་སོ་ལྔའི་ཁྱད་ཆོས་དང་འབྲི་ཐབས་ཀྱང་གང་འཚམ་ཞིག་རང་ཉིད་ཀྱི་རྒྱུད་ལ་འབྱོར་ཞིང་རྩོམ་རྩལ་ཡང་མཐོར་འདེགས་ཡོད་པས། དཔེ་བཟང་འདི་ཉིད་ལ་ལྷག་ཏུ་དགའ་བར་གྱུར་ཏེ་རང་དང་མཉམ་པའི་སློབ་གྲོགས་མང་བོ་ཞིག་ལ་ཕན་པ་དང་རང་ཉིད་ཀྱི་སློབ་སྦྱོང་ལ་དམིགས་ཏེ་དཔེ་ཀློག་མྱོང་ཚོར་འདི་ཉིད་ཕུལ་བ་ཡིན།
དྲི་མེད་ལྷ་ལམ་ཡངས་པོར་གར་རྩེན་པའི། །
རི་དྭགས་གཟུགས་བརྙན་འཛིན་པའི་བསིལ་ཟེར་གྱིས། །
བདག་ཡིད་རྨོངས་པའི་མུན་པ་རབ་བསལ་ཏེ། །
རིག་པའི་ཀུ་མུད་ཆུན་པོ་བཞད་པར་གྱུར། །
འབྲེལ་ཡོད་འོས་སྦྱོར།