༄༅། །བོད་དུ་ཞིང་ལས་དར་བའི་དུས་ནི་ནམ་ཞིག་ཡིན།
རྩོམ་པ་པོ།:ལ་ལི་ཏ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2022-06-23
ཀློག་གྲངས།:
༄༅། །ཞིང་ལ་སྔ་བ་ཟོ་དང་ཞིང་ཞེས་པ་ལས་འཕྲོས་ཏེ་བོད་ཀྱི་ཞིང་ལ་སྔ་བའི་བྱུང་བར་དཔྱད་པ།
ལ་ལི་ཏ།
[ནང་དོན་གནད་བསྡུས།] འདིར་བོད་ཀྱི་ཞིང་ལས་ཀྱི་བྱུང་བའི་ཐད་དུ་གཙོ་བོ་ཡིག་ཚང་ནང་འཁོད་པའི་ཞིང་ལ་སྔ་བ་ཟོ་དང་ཞིང་ཞེས་པའི་སྟེང་དུ་བཤད་ཚུལ་གཞན་འགའ་ཡོད་པའང་དཔྱད་གཞིར་བཟུང་སྟེ། སྤྱིར་མིའི་རིགས་ཀྱི་ཞིང་ལས་བྱུང་བའི་ལོ་རྒྱུས་དང་ལྷག་པར་ད་སྔའི་བོད་ཀྱི་གནའ་རྫས་དཔྱད་འབྲས་བཅས་ཕྱོགས་འགའ་ནས་དབྱེ་ཞིབ་བཏང་བ་བརྒྱུད། བོད་དུ་ཞིང་ལ་སྔ་བ་བྱུང་བའི་ཡུལ་དུས་སོགས་ག་འདྲ་ཡིན་པར་རགས་ཙམ་དཔྱད་ཡོད།
[གནད་ཚིག] ཞིང་ལ་སྔ་བ། ཟོ་དང་ཞིང་། འབྲུ་རིགས། ཆབ་མདོ་ཁ་རུབ།
བོད་ཀྱི་ཞིང་ལ་སྔ་བའི་ཐད«བཀའ་ཆེམས་ཀ་ཁོལ་མ»དང«བཀའ་ཐང་སྡེ་ལྔ» «ཆོས་འབྱུང་མཁས་པའི་དགའ་སྟོན» «རྒྱ་བོད་ཡིག་ཚང་ཆེན་མོ» «ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད»སོགས་ཀྱིས་མཚོན་པའི་སྔོན་གྱི་ཡིག་ཚང་མང་ཆེ་བ་རུ། སྔོན་ཕ་སྤྲེའུ་དང་མ་བྲག་སྲིན་མོ་གཉིས་འདུས་པ་ལས་སྤྲེའུ་ཕྲུག་མང་དུ་འཕེལ་བའི་སྐབས། འཚོ་ཐབས་སུ་འཕགས་པ་སྤྱན་རས་གཟིགས་ཀྱིས་གནངས་པའི་ནས་དང་གྲོ། བྲ་བོ། སྲན་མ་བཅས་འབྲུ་རིགས་སྣ་ལྔ་ཡར་ལུང་ཁོག་ལ་བཏབ་པ་ལས། "ཞིང་ལ་སྔ་བ་ཟོ་དང་ཞིང"དང"འབྲུ་རིགས་ལ་སྔ་བ་འབྲུ་རིགས་སྣ་ལྔ"སོགས་བྱུང་བ་ཡིན་ཞེས་པའི་བཤད་ཚུལ་ཞིག་ཆགས་ཡོད་ལ། ད་དུང་དུས་རབས་བདུན་པའི་སྐབས་སུ་ད་གཟོད་བོད་དུ་རྨོས་པའི་ལོ་ཏོག་ཐོག་མར་བྱུང་ཞེས་པའི་བཤད་ཚུལ་གཞན་ཞིག་ཡོད་པའང་ལོ་རྒྱུས་སུ་གྲགས་ཆེ་ལ། གཞན་ཡང་ད་སྔའི་ཚན་རིག་ཞིབ་འཇུག་ལས་གནའ་རབས་བོད་ཀྱི་ཞིང་ལས་ཐོན་སྐྱེད་སྐོར་གྱི་གནས་ཚུལ་མང་དུ་བསྟན་ཡོད་པ་སོགས་ལ་གཞིགས་ན་འདིའི་ཐད་བཤད་ཚུལ་མི་འདྲ་བ་འགའ་ཆགས་ཡོད་པ་མཐོང་ཐུབ། ཡིན་ནའང་ད་སྔ་སྔོན་གྱི་བཤད་ཚུལ་དེ་རྣམས་ལ་གཞི་བཅས་ནས་ཆེད་དུ་བོད་གནའ་རབས་ཞིང་ལས་བྱུང་འཕེལ་ལ་ཞིབ་འཇུག་བྱས་པའི་རྒྱུ་ཆ་མི་མཐོང་བའི་ཁར། ཞིབ་འཇུག་སྔོན་དུ་མ་བཏང་བར་ཐད་ཀར་བོད་ཀྱི་ཡིག་ཚང་ངོས་ཀྱི་བཤད་ཚུལ་བསྟན་དོན་ལ་འགྲེལ་བ་ལྟར་བྱས་ནས་བོད་གནའ་རབས་ཞིང་ལས་བྱུང་ཚུལ་ཐད་གང་དགར་སྨྲ་མཁན་ཡང་མང་དུ་འདུག དེ་ལ«ཀྲུང་གོ་བོད་རིག་པའི་ལོ་འཁོར་ཉི་ཤུའི་དཔྱད་རྩོམ་བདམས་སྒྲིག»གི་དེབ་ལས། "ཐུགས་རྗེ་ཆེན་པོས་ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་ལ་བུ་རབས་ཚ་རྒྱུད་ཀྱི་འཚོ་རྟེན་དུ་འབྲུ་རིགས་སྣ་ལྔ་བསྐུར་བར་བཤད་པས། བསིལ་ལྡན་ལྗོངས་འདིར་མིའི་འགྲོ་བ་བྱུང་བ་དང་མཉམ་དུ་འབྲུ་རིགས་རྨོ་འདེབས་ཀྱི་ལས་ཀྱང་དར་བར་མཚོན་པ་དང་།"[1]ཞེས་དང་། ཡང་དེར"འུ་ཅག་གི་མེས་པོ་རྣམས་ཀྱི་ཐོག་མའི་འཚོ་རྟེན། སྤྲ་སྤྲེའུ་མིར་འགྱུར་བྱེད་ཀྱི་ཆ་རྐྱེན་གཙོ་བོ་སྟེ། འབྲུ་རིགས་རྨོ་འདེབས་ཀྱི་ལས་འདི་དར་སྔ་བ་ཤིན་ཏུ་གསལ་ལ།"[2]ཞེས་སོགས་བཤད་ཡོད་པས་མཚོན། བོད་དུ་སྤྲ་དང་སྤྲེའུ་མིར་མ་འགྱུར་བའི་སྔོན་ཞིག་ནས་འབྲུ་རིགས་རྨོ་འདེབས་ཀྱི་ལས་དར་བ་ཡིན་ཞེས་ཁ་ཚོན་བཅད་འདུག དེར་མ་ཟད་ད་ལྟའི་ཞིང་ལྗོངས་ལྔས་མཉམ་སྒྲིག་སློབ་འབྲིང་བོད་ཡིག་བསླབ་དེབ་དུའང"ཞིང་ལ་སྔ་བ་ཟོ་དང་ཞིང"ཞེས་པའི་ཚིག་འདི་ཇི་བཞིན་བཀོད་ཡོད་པར་ཕལ་ཆེ་བས་སྔར་གྱི་བཤད་སྟངས་ལྟར་སློབ་ཕྲུག་ཚོར་གོ་བརྡ་སྤྲོད་བཞིན་པ་ནི་ཀུན་གྱིས་ཤེས་གསལ་ལྟར་རེད། དེས་ན་དོན་གྱི་གནད་འདི་ལ་གཞིགས་ནས། ཡུལ་གྲུ་གཞན་གྱི་མིའི་རིགས་ཀྱི་ཞིང་ལས་བྱུང་འཕེལ་ལོ་རྒྱུས་དང་བོད་ཀྱི་ལོ་རྒྱུས་ཡིག་ཆ་རུ་འཁོད་པའི་གདོད་མའི་ཞིང་ལས་ཀྱི་བྱུང་བའི་སྐོར། ད་སྔའི་བོད་ཀྱི་གནའ་རྫས་དཔྱད་འབྲས་བཅས་ཀྱི་རྒྱུ་ཆ་རུ་ཐོན་པའི་བཤད་ཚུལ་རྣམས་རིམ་པར་བཤད་པ་བརྒྱུད། བོད་ཀྱི་ཞིང་ལ་སྔ་བ་བྱུང་བའི་དུས་ཀྱི་ཐད་དཔྱད་པ་རགས་ཙམ་གཏོང་བར་བྱ་བ་ལ།
དང་པོ། མིའི་རིགས་ཀྱི་ཞིང་ལས་ཐོག་མར་བྱུང་ཚུལ།
1. གདོད་མའི་ཞིང་ལས་ཀྱི་བྱུང་རིམ།ཞིང་ལས་ནི་གནའ་བོའི་སྤྲ་མི་མི་རུ་གྱུར་རྗེས་མིའི་རིགས་ཀྱི་ལོ་རྒྱུས་སྟེང་བྱུང་བའི་ཐེངས་དང་པོའི་གསར་བརྗེེ་ཆེན་པོ་ཞིག་དང་རླབས་ཆེ་བའི་གྲུབ་འབྲས་ཤིག་ཀྱང་ཡིན། གསར་བརྗེ་འདི་ལ་ཞིང་ལས་གསར་བརྗེ་དང་རྡོ་ཆས་གསར་པའི་གསར་བརྗེ་ཡང་ཟེར། གསར་བརྗེ་འདི་ལ་བརྟེན་ནས་ཡ་གླིང་ནུབ་མའི་ཏི་ཀ་ལི་སི་ཆུ་བོ་དང་ཡིའུ་ཧྥ་ལ་ཏི་ཆུ་བོ་གཉིས་ཀྱི་བཞུར་རྒྱུད་དང་། ཨེ་ཅིབ་ཀྱི་ཉི་ལུའོ་ཆུ་བོའི་བཞུར་རྒྱུད། རྒྱ་གར་ཧིན་རྡུའི་ཆུ་བོའི་བཞུར་རྒྱུད། ཀྲུང་གོའི་རྨ་ཆུའི་བཞུར་རྒྱུད་བཅས་ཀྱི་ས་ཁུལ་དུ་གནའ་རབས་ཀྱི་ཤེས་རིག་འཕེལ་བར་སྐུལ་འདེད་སྔ་ན་མེད་པ་བཏང་ཡོད། མིའི་རིགས་ཀྱི་ལོ་རྒྱུས་ཐོག་བྱུང་བའི་ཐོག་མའི་ཞིང་ལས་དེ་ལ་གདོད་མའི་ཞིང་ལས་ཟེར་ཞིང་། གདོད་མའི་ཞིང་ལས་དེའང་བརྐོ་འདེབས་ཞིང་ལས་དང་སློག་འདེབས་ཞིང་ལས། རྨོ་འདེབས་ཞིང་ལས་བཅས་ཀྱི་གོ་རིམ་གསུམ་ཙམ་བརྒྱུད་ཡོད་པར་བཤད། དང་ཐོག་བྱུང་བའི་ཞིང་ལས་ནི་ཆེས་གདོད་མའི་རྣམ་པ་ཞིག་ཡིན་ཏེ། དེ་དུས་ཀྱི་ཞིང་ལས་གཉེར་ཆས་ནི་ཏག་ཏག་སྣེ་གཅིག་གཞོག་ནས་འབིག་འབིག་ཅིག་ཏུ་བཏང་བའི་སྲ་ཤིང་ཞིག་ལས་མ་འདས་ཞེས་ལོ་རྒྱུས་ཡིག་ཆ་རུ་གསལ།
དེ་ཡང་རྡོ་ཆས་གསར་པའི་དུས་འགོའི་ཞིང་ལས་ནི་བརྐོ་འདེབས་ཞིང་ལས་ཡིན་ཏེ། དེ་ནི་ས་སློག་ནས་འདེབས་པ་མ་ཡིན་པར། རྩི་ཤིང་མེ་ལ་སྲེག་པའམ་བཅད་ཤུལ་དུ་བརྐོས་པའི་ས་ཁུང་ལ་ས་བོན་འདེབས་འཛུགས་བྱེད་པ་ལས་བྱུང་བ་དང་། དེ་ནས་རྡོ་ཆས་གསར་པའི་བར་སྐབས་ལ་ཐོན་དུས་སློག་འདེབས་ཞིང་ལས་ཟེར་བ་ཞིག་ཐོན་པར་བཤད་ལ། དེའི་ཁྱད་ཆོས་གཙོ་བོ་ནི་ཁུང་བུར་བཏོད་པའི་རྡོ་ཆས་ཏེ་རྡོ་འཇོར་དང་རྡོའི་གཤོལ་མདའ་ལྟ་བུར་བརྟེན་ནས་ས་རྒོད་སློག་པ་ལས་ཞིང་རྨོ་བ་ཡིན། དེའི་རྗེས་རྡོ་ཆས་གསར་པའི་མཇུག་ཙམ་ལ་ཐོན་དུས་ད་གཟོད་རྨོ་འདེབས་ཞིང་ལས་སུ་འཕེལ་ཡོད་པར་བཤད་ཅིང་། ཐོན་སྐྱེད་ནུས་ཤུགས་དང་ལག་རྩལ་གོང་འཕེལ་དུ་སོང་བར་བསྟུན། རྨོ་འདེབས་ཞིང་ལས་ལའང་རིམ་བཞིན་འཕེལ་འགྱུར་བྱུང་བར་བཤད་དེ། «སའི་གོ་ལའི་ལོ་རྒྱུས་སྤྱི་བཤད»ཅེས་པ་ལས། "རྡོ་ལྕགས་མཉམ་སྤྱོད་ཀྱི་དུས་རབས་ནས་ལྕགས་ཆས་དུས་རབས་ལ་ཐོན་ཚེ་ཐོན་སྐྱེད་ནུས་ཤུགས་ཇེ་ཆེར་གྱུར། སྐབས་དེར་ཞིང་ལས་ནི་ཐོག་མའི་འདེབས་འཛུགས་ནས་རྨོ་འདེབས་སུ་གྱུར་ཅིང་། དང་ཐོག་ཤིང་གཤོལ་དང་རྡོ་གཤོལ་སྤྱོད་པའི་མཐར་ལྕགས་གཤོལ་སྤྱོད།"[3]ཅེས་བཤད་པ་ལྟར་ལགས་སོ། །གཤོལ་མདའ་སྤྱོད་པའི་ལག་རྩལ་དེ་ཡང་ཐོག་མར་ཡ་གླིང་ནུབ་མའི་ས་ཆར་བྱུང་ཞིང་དེ་ནས་རིམ་གྱིས་འཛམ་གླིང་གི་ས་ཆ་སོ་སོར་དར་ཁྱབ་ཏུ་བྱུང་བ་ཞིག་ཡིན་པར་བཤད་དེ། ཡང་གོང་གི་དེབ་དེ་ལས། "སྤྱི་ལོ་སྔོན་གྱི་མི་ལོ3000གི་སྐབས་སུ་ཡ་གླིང་ནུབ་མའི་ཆུ་བོ་གཉིས་ཀྱི་བཞུར་རྒྱུད་དང་ཨེད་ཇིའི་ས་ཁུལ་དུ་གཤོལ་མདའ་ཁྱབ་གདལ་དུ་སྤྱོད་བཞིན་འདུག་པར་མ་ཟད། སྐབས་དེར་ལག་རྩལ་དེ་ཐད་ཀར་རྒྱ་གར་ལ་སླེབས་ཡོད། སྤྱི་ལོ་སྔོན་གྱི1400ཡི་ལོ་ལ་ཀྲུང་གོའི་ས་ཆ་རུ་སྤེལ།"[4]ཅེས་འཁོད་ཡོད་པ་ལས་ཤེས་ཐུབ། འོ་ན་རྨོན་པ་དོར་གྱིས་རྨོ་འདེབས་བྱེད་པའི་སྙིང་པོ་ཅི་ཡིན་ཞེ་ན། དེ་ནི་མིའི་རིགས་ཀྱིས་ཐོག་མར་རང་སྟེང་གི་ལུས་ཤུགས་ལས་གཞན་ཕྱི་རོལ་གྱི་དངོས་པོའི་སྟོབས་ཤུགས་སྤྱད་ནས་ཐོན་སྐྱེད་ནུས་ཤུགས་མཐོར་འདེགས་སུ་གཏོང་ཐབས་ཀྱི་སྒུལ་ཤུགས་ཤིག་རྙེད་པ་དེའོ། །ཚད་འདི་ནས་བཤད་ན"གཤོལ་མདའ་ནི་རླངས་སྒུལ་འཕྲུལ་ཆས་དང་སྣུམ་འབར་འཕྲུལ་ཆས། གློག་སྒུལ་འཕྲུལ་ཆས། ཉིང་རྡུལ་རྫས་ནུས་བཅས་ཀྱི་སྔོན་འགྲོ་རུ་གྱུར་ཡོད།"[5]ཅེས«སའི་གོ་ལའི་ལོ་རྒྱུས་སྤྱི་བཤད»དུ་བརྗོད་པ་ལྟར་ལགས་པས། དེ་ནི་ཞིང་ལས་ཐོན་སྐྱེད་མ་ཟད་མིའི་རིགས་ཀྱི་ཚན་རིག་ལག་རྩལ་དང་ཤེས་རིག་བཅས་ཀྱི་འཕེལ་རྒྱས་ལ་སྒུལ་ཤུགས་བླ་ན་མེད་པ་ཞིག་ཐེབས་ཡོད་པ་ཤེས་ཐུབ།
2. ཞིང་ལ་སྔ་བ་བྱུང་བའི་ཡུལ་དང་དུས།
སྤྱིར་གོ་ལ་སྒང་འདིར་རྡོ་ཆས་གསར་པའི་དུས་རབས་ལ་སླེབས་དུས་ད་གཟོད་མི་རྣམས་ཀྱིས་ཞིང་ལས་དང་ཕྱུགས་ལས་ཐོན་སྐྱེད་གསར་གཏོད་བྱེད་མགོ་བརྩམས་ཡོད་པ་ཡིན་མོད། ཡིན་ཡང་འཛམ་གླིང་ས་ཁུལ་སོ་སོའི་དཔལ་འབྱོར་འཕེལ་ཚད་མི་གཅིག་པས་ཞིང་ལས་བྱུང་བའི་དུས་ཚོད་ལའང་སྔ་ཕྱིའི་ཁྱད་པར་བྱུང་བའི་ཚུལ་ནི། དེའི་དུས་ཚོད་ཆེས་སྔ་བ་ལ་མི་ལོ་ཆིག་ཁྲིའི་སྔོན་དང་ཆེས་འཕྱི་བ་ནི་མི་ལོ་སྟོང་ལྔའི་གོང་ཙམ་ཞིག་ཡིན་པར་བཤད་དེ། «འཛམ་གླིང་ལོ་རྒྱུས(གནའ་རབས་ཀྱི་ལེའུ)ཞེས་པ་ལས"དེ་ནི་ཕལ་ཆེར་སྤྱི་ལོ་སྔོན་གྱི་ལོ8000ནས་སྤྱི་ལོ་སྔོན་གྱི་ལོ3500བར་ཡིན།"[6]ཞེས་བཤད་ཡོད་ལ། ཡང«སའི་གོ་ལའི་ལོ་རྒྱུས»ཞེས་པའི་དེབ་ལས"མི་ལོ10000གི་སྔོན་ཙམ་ལ་ད་གཟོད་མི་རྣམས་ཀྱིས་ཞིང་ལས་གཉེར་འགོ་བརྩམས་པ་ནས། མི་ལོ2000ཀྱི་སྔོན་ལ་སླེབས་སྐབས་སའི་གོ་ལའི་མི་ཕལ་ཆེ་བ་ཞིང་ལས་གཉེར་བའི་ལས་ལ་ཕྱོགས་ཡོད།"[7]ཅེས་སོགས་གསལ་བ་ལྟར། དེང་གི་ལོ་རྒྱུས་དེབ་ཐེར་རྣམས་སུ་བཤད་པའི་གདོད་མའི་ཞིང་ལས་བྱུང་བའི་དུས་ཚོད་དེ་ཕལ་ཆེར་གཅིག་ཏུ་འཁེལ་ཡོད། འཛམ་གླིང་དུ་ཆེས་སྔ་བའི་ཞིང་ལས་ས་ཁུལ་ལ་ཡ་གླིང་ནུབ་མ་དང་ཤར་མ། མེ་གླིང་དཀྱིལ་མ་བཅས་གཙོ་བོ་གསུམ་ཡོད་པ་ལས། ཡ་གླིང་ནུབ་མ་ནི་ཞིང་ལས་བྱུང་ས་ཆེས་སྔ་བར་ཆགས་པས། གནའ་དུས་གོ་ལ་སྒང་གི་ཡུལ་གྲུ་སོ་སོས་ཐོན་སྐྱེད་བྱེད་པའི་འབྲུ་རིགས་མང་ཆེ་བ་ཐོག་མར་ཡ་གླིང་ནུབ་མ་ནས་དར་འོང་བར་བཤད་དེ། «གནའ་རབས་ལོ་རྒྱུས»ཞེས་པའི་དེབ་ལས། "ཡ་གླིང་ནུབ་མའི་ཡ་ཞི་ཡ་ཆུང་བའི་གླིང་ཕྲན་གྱི་ལྷ་ཕྱོགས་དང་ཏིས་ཀྲུང་མཚོའི་ཤར་ཕྱོགས་ཀྱི་ཅོར་ཏན། ཕ་ལེ་སི་ཐན། ལེ་པ་ནན་སོགས་ས་ཆ་ནི་འཛམ་གླིང་སྟེང་ཆེས་སྔ་བའི་ཞིང་ལས་ཐོན་ཁུངས་ཡིན་ལ། གནས་དེ་དག་ནི་སོ་བ་དང་གྲོ། སྲན་ལེབ་སོགས་འབྲུ་རིགས་ས་བོན་གྱི་འབྱུང་ཁུངས་ཀྱང་ཡིན།"[8]ཞེས་བཤད་པ་ལྟར་ལགས་ལ། དེ་ལྟར་ཡ་གླིང་ནུབ་མའི་ས་ཆ་ནས་ཐོག་མར་བྱུང་བའི་འབྲུ་རིགས་དེ་དག་རིམ་གྱིས་འཛམ་གླིང་གི་ས་ཆ་སོ་སོར་དར་ཁྱབ་བྱུང་བ་ལས་མཐར་ཀྲུང་གོའི་ས་ཆ་རུ་སླེབས་པའི་དུས་ནི། «སའི་གོ་ལའི་ལོ་རྒྱུས་སྤྱི་བཤད»ཅེས་པ་ལས། "སྤྱི་ལོ་སྔོན་གྱི་མི་ལོ1300ཡི་སྔོན་དུ་སོ་བ་དང་གྲོ་གཉིས་ཀྲུང་གོར་སླེབས།"[9]ཞེས་སོགས་མང་དུ་གསལ་བ་ལས་ཤེས་ཐུབ། དེ་ལྟར་ད་སྔའི་ལོ་རྒྱུས་ཡིག་ཆ་ལྟར་ན་སྤྱིར་གོ་ལ་སྒང་འདིར་ཞིང་ལས་ཐོན་སྐྱེད་བྱུང་བའི་ལོ་རྒྱུས་ཆེས་སྔ་བ་ལ་ད་བར་དུ་མི་ལོ10000ཙམ་དང་ཆེས་འཕྱི་བ་ལའང་མི་ལོ4000ལྷག་འགོར་ཡོད་པ་མ་ཟད། དེང་གི་ཡ་གླིང་ནུབ་མ་ནི་གནའ་རབས་ཞིང་ལས་ཐོན་སྐྱེད་ལ་སྔ་བའི་ཡུལ་དང་ལྟེ་གནས་ལྟ་བུར་ཆགས་ནས་འཛམ་གླིང་ཡུལ་གྲུ་སོ་སོར་དར་སྤེལ་བཏང་ཡོད་པ་བཅས་སོ། །
གཉིས་པ། བོད་ཀྱི་ལོ་རྒྱུས་ཡིག་ཚང་དུ་འཁོད་པའི་ཞིང་ལ་སྔ་བའི་བཤད་ཚུལ་རིགས་གཉིས།
དེ་ཡང་ལོ་རྒྱུས་ཡིག་རྙིང་མང་པོར་འཁོད་པའི་བོད་གདོད་མའི་ཞིང་ལ་སྔ་བའི་སྐོར་གྱི་ཡིག་ཆའི་ནང་དོན་ལ་གཞིགས་ན། བོད་ཀྱི་ཞིང་ལ་སྔ་བ་བྱུང་སའི་གནས་དེ་ཡུལ་ཡར་ལུང་ཁོག་ཡིན་པར་རྩོད་དུ་མེད་མོད། ཡིན་ཡང་དེ་དུས་ནམ་བྱུང་བའི་ཐད་བཤད་ཚུལ་མི་འདྲ་བ་གཙོ་བོ་རིགས་གཉིས་སུ་ཆགས་ཡོད་པར་སྣང་སྟེ། གཅིག་ནི་སྤྲེའུ་དང་བྲག་སྲིན་མོའི་གཏམ་རྒྱུད་དང་འབྲེལ་བའི་བཤད་ཚུལ་ཞིག་དང་གཞན་ཞིག་ནི་བོད་ཀྱི་མཛངས་མི་བདུན་གྱི་ཐོག་མའི་སྐབས་སུ་བྱུང་བར་གྲགས་པ་དེ་གཉིས་ཡིན། བཤད་ཚུལ་འདི་གཉིས་སུ་སོ་སོར་བསྟན་པའི་ཞིང་ལས་བྱུང་བའི་དུས་ཀྱི་ཆ་ལ་སྔ་ཕྱིའི་ཁྱད་པར་ཡོད་པས་གཤམ་དུ་དུས་སྔ་མའི་བཤད་ཚུལ་དང་དུས་ཕྱི་མའི་བཤད་ཚུལ་ཞེས་པའི་ཚིག་བཀོད་ནས་དབྱེ་ཞིབ་རགས་ཙམ་གཏོང་བ་ཡིན། 1. དུས་སྔ་མ་ལྟར་གྱི་བཤད་ཚུལ།
བཤད་ཚུལ་སྔ་མ་སྟེ་ཕ་སྤྲེའུ་དང་མ་བྲག་སྲིན་མོས་ཐོག་མར་བོད་ཀྱི་མི་རྒྱུད་སྤེལ་བའི་སྐབས་སུ་འབྲུ་རིགས་སྣ་ལྔ་དང་ཞིང་ལ་སྔ་བ་ཟོ་དང་ཞིང་ཞེས་པ་ཞིག་བྱུང་བར་འདོད་པ་དེ་ཡིན། «བཀའ་ཐང་སྡེ་ལྔ»རུ། "དེ་ནས་སྤྲེལ་སྒོམ་ཁ་བ་ཅན་དུ་འོངས། །བཞེད་པ་རྣམ་པ་གསུམ་དང་ལྡན་པའི་ཡུལ། །ས་ཕྱོགས་ཉམས་དགའ་བཀྲ་ཤིས་ཞལ་དྲོ་བ། །རང་བཞིན་ཡོན་ཏན་འབྱུང་བའི་ས་ལ་བཏབ། །བྲ་བོ་སོ་བ་ཡུངས་ཁར་ཞར་ལ་སྐྱེས།།འབྲུ་སྣ་རྣམ་པ་དྲུག་ཏུ་གྱུར། །ཟང་ཟིང་འདི་ལ་ཟོ་དང་བྱས་པས་ཟོ་དང་ཞེས་སུ་གྲགས། །ཞིང་ལ་སྔ་བ་ཟོ་དང་ཡིན་ནོ་ གསུངས། །"[10]ཞེས་དང་། ཡང«རྒྱལ་རབས་གསལ་བའི་མེ་ལོང»དུ"འཕགས་པ་ཡར་བཞེངས་ཏེ། ནས། གྲོ། སྲན་མ། བྲ་བོ། སོ་བ་རྣམས་རི་རབ་ཀྱི་ཁོང་གསེང་ནས་བླངས་ཏེ། ས་ལ་གཏོར་བས་ཡུལ་དེར་མ་རྨོས་པའི་ལོ་ཏོག་གིས་གང་བར་གྱུར་ཏོ། དེ་ནས་སྤྲེའུ་བྱང་ཆུབ་སེམས་དཔའ་དེས་སྤྲེའུ་ཕྲུག་རྣམས་དེར་ཁྲིད་དེ། མ་རྨོས་པའི་ལོ་ཏོག་ལ་གཏད་ནས། ད་ཟོ་དང་ཞེས་པས། ཟོ་དང་གོང་པོ་རི་ཡིན་ཟེར།"[11]ཞེས་སོགས་འབྱུང་བ་ལྟར་ལགས། བཤད་ཚུལ་འདི་ལྟར་ན་བོད་དུ་མིའི་རིགས་བྱུང་བའི་སྐབས་ཤིག་ནས་འབྲུ་རིགས་སྣ་ལྔའམ་སྣ་དྲུག་དང་ཟོ་དང་ཞིང་ཞེས་པའི་ཞིང་སའང་བྱུང་ཡོད་ཚུལ་ཞིག་མངོན་འདུག་པས། དེ་ལྟར་ཚིག་གི་ངོ་གདོང་ཇི་བཞིན་གོ་བ་བླངས་པའི་དབང་དུ་བཏང་ན་དེར་དུས་ལ་སྔ་དྲགས་སོང་བའི་གནད་དོན་ཞིག་འདུག་སྟེ། དེ་ཡང་མིའི་རིགས་ཤིག་ཐོག་མར་བྱུང་བ་ནས་ཞིང་ལས་ཐོན་སྐྱེད་བྱེད་པའི་དུས་རབས་སུ་བསྐྱོད་པར་མི་ལོ་ཁྲི་འགའི་ལོ་རྒྱུས་ཀྱི་གོ་རིམ་ཞིག་བརྒྱུད་ཡོད་པ་ལས། མིའི་རིགས་ཤིག་བྱུང་བ་དང་མཉམ་དུ་ཞིང་ལས་ཀྱང་བྱུང་ཡོད་པའི་དཔེ་ཞིག་མེད་དེ། ཞིང་ལས་ཐོན་སྐྱེད་བྱུང་བ་ནི་སྤྱི་ཚོགས་གང་དེ་དཔལ་ཡོན་ལྡན་པའི་དུས་རབས་ཤིག་ལ་ཐོན་ཡོད་པའི་རྟགས་མཚན་གཙོ་བོ་ཞིག་ཏུ་ཆགས་འདུག་པས། སྤྱི་ཚོགས་གང་ཞིག་འཕེལ་རྒྱས་ཀྱི་གོ་རིམ་ངེས་ཅན་ཞིག་ལ་མ་སླེབས་ན་ཞིང་ལས་ཐོན་སྐྱེད་འབྱུང་མི་ཐུབ་པ་ཆོས་ཉིད་ཅིག་ཏུ་སོང་འདུག་པ་ལོ་རྒྱུས་ཀྱི་དེབ་ཐེར་དུའང་གསལ་པོར་བསྟན་འདུག་པས། རང་རེའི་བཤད་ཚུལ་གང་ཡིན་ཡང་མིའི་རིགས་ཀྱི་ཞིང་ལས་བྱུང་འཕེལ་གྱི་ལོ་རྒྱུས་ཀྱི་འགྲོས་ལས་ཕར་འགོངས་མི་འོས་ཏེ། «འཛམ་གླིང་ལོ་རྒྱུས»ཞེས་པའི་རྒྱ་ཡིག་གི་དེབ་ལས། གོ་ལ་སྒང་འདིར"ཆེས་སྔ་བའི་ཞིང་ལས་ནི་ཡ་གླིང་ནུབ་མའི་ས་ཆར་སྤྱི་ལོ་སྔོན་གྱི་ལོ8000ཙམ་ལ་བྱུང་བ་ཡིན"[12]ཞེས་མིའི་རིགས་ཀྱི་ཞིང་ལ་སྔ་བ་བྱུང་བའི་ཡུལ་དུས་གཉིས་གསལ་པོར་བསྟན་ཡོད་པ་ལྟར་ད་སྔའི་གནའ་རྫས་དཔྱད་འབྲས་སུའང་ཡང་ཡང་ར་སྤྲད་ཡོད། དེས་ན་སྤྱིར་གོ་ལ་སྒང་འདིའི་ཆེས་སྔ་བའི་ཞིང་ལས་ཐོན་སྐྱེད་དེ་བྱུང་ནས་མི་ལོ་ཆིག་ཁྲི་ལས་འགོར་མེད་ན། བོད་དུ་ཐོག་མའི་མི་རྒྱུད་འཕེལ་བའི་སྐབས་ཏེ་མི་ལོ་ཁྲི་འགའི་སྔ་རོལ་དུ་ཞིང་ས་དང་འབྲུ་རིགས་སྣ་ལྔ་བྱུང་བ་ཡིན་ཞེས་སྨྲས་ན། བཤད་ཚུལ་འདི་མིའི་རིགས་ཀྱི་ལོ་རྒྱུས་ཀྱི་གཞུང་ཁོག་དང་ཡང་མི་མཐུན་པས་གཞན་ལ་གད་མོ་སློང་བའི་གཏམ་དུ་མི་འགྱུར་གྲང་། རྒྱུ་མཚན་འདིའི་ཕྱིར་ན་ང་ཚོས་ད་དུང་མུ་མཐུད་དུ་ཟུར་སྣ་མང་པོ་ནས་ཞིབ་འཇུག་བྱས་ཏེ་བོད་ཀྱི་ཡིག་ཚང་དུ་འཁོད་པའི་ཚིག་དེ་དག་ལ་གོ་བ་ཡང་དག་ཅིང་གནད་དུ་འཁེལ་བ་ཞིག་ལེན་དགོས་པའི་གནད་ཅིག་མཆིས་སོ། །
2. དུས་ཕྱི་མ་ལྟར་གྱི་བཤད་ཚུལ།
བཤད་ཚུལ་འདི་ནི་ལོ་རྒྱུས་ཀྱི་ཡིག་ཚང་ནང་སྤྱི་ལོའི་དུས་རབས2པ་དང3པ་ཙམ་ལ་སླེབས་དུས་ད་གཟོད་བོད་ཀྱི་ཡུལ་དུ་རྨོས་པའི་ལོ་ཏོག་ཐོག་མར་བྱུང་བ་ཡིན་ཞེས་བཤད་པ་དེ་ཡིན། དེ་ཡང«ཆོས་འབྱུང་མཁས་དགའ»ལས། "བོད་ཡུལ་འཕྲུལ་བློན་མཛངས་པའི་མི་བདུན་གྱི། །ཐོག་མར་གྱུར་པ་རུ་ལས་སྐྱེས་འདི་ཡིན། །མཛངས་པའི་ལས་སུ… ཤིང་ལ་མིག་ཕུག་གཤོལ་དང་གཉའ་ཤིང་བྱས། །ས་གཞི་བརྐོས་ནས་ཕུ་ཆུ་ཡུར་དུ་དྲངས། །རྨོན་པ་དོར་བསྡེབས་སྤང་ཐང་ཞིང་དུ་རྨོས། །བརྒལ་བས་མི་ཐར་ཆུ་ལ་ཟམ་པ་བཙུགས། །རྨོས་པའི་ལོ་ཏོག་ཐོག་མར་འདི་ནས་བྱུང་། །"[13]ཞེས་གསལ་པོར་འཁོད་ཡོད་པ་ལྟར་ཡིན་ལ། བཤད་ཚུལ་འདིའི་དབང་དུ་བཏང་ན་དུས་ལ་འཕྱི་དྲགས་པའི་གནད་དོན་ཞིག་བྱུང་འདུག་པ་ཕྱོགས་འགའ་ནས་ཤེས་ཐུབ་སྟེ། དེ་ཡང་ཐོག་མར་བོད་དང་ཉེ་བར་འབྲེལ་བའི་ཡུལ་གྲུ་གཞན་གྱི་ཞིང་ལས་ལ་སྔ་བའི་ཐད་ནས་བཤད་ན། སྤྱིར་ཡ་གླིང་ཤར་མ་ནི་གོ་ལ་སྒང་འདིར་ཞིང་ལ་སྔ་བ་བྱུང་བའི་ཡུལ་གྱི་གྲས་སུ་བརྩི་བ་ཡིན་ལ། ཡ་གླིང་ཤར་མའི་ནང་ནས་ལྷག་པར་བོད་མདོ་དབུས་མཐོ་སྒང་གི་ཤར་ཕྱོགས་དང་ཤིན་ཏུ་ཁད་ཉེ་བའི་ས་ཆར་བྱུང་བ་ཆེས་སྔ་བར་བཤད་དེ། «འཛམ་གླིང་ལོ་རྒྱུས»ཞེས་པའི་དེབ་ལས། "ཡ་གླིང་ཤར་མའི་ཞིང་ལས་ཐོག་མ་ནི་ཀྲུང་གོ་དང་རྒྱ་གར། ཐེ་ལན་ཌི་བཅས་ལ་ཁྱབ་ཅིང་། ཀྲུང་གོའི་རྨ་ཆུ་བཞུར་ཡུལ་གྱི་སྟོད་དང་བར་གྱི་ས་ཁུལ། འབྲི་ཆུ་བཞུར་རྒྱུད་ཀྱི་བར་དང་སྨད་ཀྱི་ས་ཁུལ་དུ་སྔ་མོ་ཞིག་ནས་ཁྲེ་ཆུང་དང་ཆུ་འབྲས་འདེབས་འཛུགས་བྱེད།"[14]ཅེས་གསལ་བས། གོང་གི་རྒྱུ་ཆ་འདི་ལས་ང་ཚོར་དུས་ཚོད་དང་ས་རྒྱུས་ཏེ་ཕྱོགས་གཉིས་ཀྱི་ཆ་ནས་དབྱེ་ཞིབ་གཏོང་བའི་ཁུངས་སྣེ་ཞིག་སྤྲད་ཡོད་པ་ནི། ས་རྒྱུས་ཀྱི་ཆ་ནས་བལྟས་ན་བོད་དང་འདབས་འབྲེལ་བའི་ཁྱིམ་མཚེས་རྒྱལ་ཁབ་མ་ཟད། ལྷག་པར་དུ་མདོ་དབུས་མཐོ་སྒང་གི་ཤར་རྒྱུད་ཀྱི་སའི་ཁོངས་སུ་གཏོགས་པའི་རྨ་ཆུའི་སྟོད་རྒྱུད་དང་བར་རྒྱུད། འབྲི་ཆུའི་བར་རྒྱུད་ནི་ཡ་གླིང་གི་ཞིང་ལས་སླེབས་ས་སྔ་ཤོས་ཡིན་པ་གསལ་བ་དང་གཅིག ཡང་དུས་ཀྱི་ཆ་ནས་ཀྱང་བོད་དང་ཉེ་འབྲེལ་ས་ཁུལ་དག་ལ་མ་མཐའ་སྤྱི་ལོ་སྔོན་གྱི་མི་ལོ4000ཡས་མས་ཀྱི་སྔོན་ནས་ཞིང་ལས་བྱུང་ཡོད་པར་མ་ཟད། བོད་མདོ་དབུས་མཐོ་སྒང་དང་ཉེ་འབྲེལ་ཡུལ་གྲུ་དེ་དག་མི་ཕན་ཚུན་བར་ལ་འབྲེལ་འདྲིས་གང་འཚམ་བྱས་ཡོད་པའང་ལོ་རྒྱུས་ཀྱི་ཡིག་ཆ་དང་གནའ་རྫས་བརྟག་དཔྱད་གཉིས་སུ་གསལ་བ་ལ་སོགས་ཀྱི་རྒྱུ་མཚན་མང་པོར་གཞིགས་ན། བོད་དུ་དུས་རབས་གཉིས་པ་དང་གསུམ་པ་ཙམ་ལ་ད་གཟོད་རྨོས་པའི་ལོ་ཏོག་ཐོག་མར་བྱུང་ཞེས་པའི་བཤད་ཚུལ་འདི་ནི་བརྟག་མི་བཟོད་ཅིང་གྱ་ཚོམ་དུ་སྨྲ་བ་ཞིག་ཏུ་མཐོང། འདི་ལ་རིགས་པས་སྒྲུབ་མི་དགོས་ཏེ་བོད་རང་གི་ཡིག་ཚང་དུའང་བོད་ཀྱི་མཛངས་མི་བདུན་པ་བློན་པོ་རུ་ལས་སྐྱེས་ཀྱི་སྔོན་དུས་ཤིག་ནས་བོད་ལ་འབྲུ་རིགས་དང་ཞིང་ལས་ཐོན་སྐྱེད་ཡོད་པའི་གཏམ་གང་མང་འཁོད་ཡོད་དེ། «ཏུན་ཧོང་ཡིག་རྙིང»ཁྲོད་གཉའ་ཁྲི་བཙན་པོའི་གང་གི་ལོ་རྒྱུས་ཏེ་ཕྱ་ཡིས་དམུ་རྗེ་བསྐོ་བར་ཕོ་ཉ་བཏང་བའི་གཏམ་གླེང་བའི་སྐབས"འབྲུ་བདུན་ལ་ཁལ་དགུ་ཡོད་དམ་མེད། སྔོན་མ་འདིང་འདིང་འབྲས་ཀྱི་ཁུ་ཁལ་དགུ་ཡོད་དམ་མེད"[15]ཅེས་འབྱུང་ཞིང་། ཡང་བོན་གྱི་ཡིག་རྙིང་ལས་མུ་ཁྲི་བཙན་པོའི་དུས་སུ་སྐུ་གཤེན་གཙོས་པའི་བོན་པོ་རྣམས་ལ་ཆེ་ཐབས་བྱིན་པའི་ནང"ཟས་སུ་དཀར་མངར་དང་འབྲས་ཆང་ལ། ཀ་རའི་སྨན་བཏབ་ནས་འདྲེན་ནོ"[16]ཞེས་འཁོད་ཡོད་ལ། «ཏུན་ཧོང་ཡིག་རྙིང»ལས་རུ་ལས་སྐྱེ་སྐུ་ན་གཞོན་པའི་དུས་སུ་གྲི་གུམ་བཙན་པོའི་སྤུར་ཀོང་པོ་ཡུལ་དུ་འཚོལ་དུ་ཕྱིན་པའི་གནས་ཚུལ་གླེང་སྐབས། "ཆོ་མྱི་བྱ་འྀ་བུ་མོ་ཞིག་ཡུར་བ་བྱེད་པ་འྀ་གམ་དུ་སོང་།"[17]ཞེས་སོགས་གསལ་བ་འདི་ཁོ་ནས་ཀྱང་། དུས་རབས2པ་དང3པ་ཙམ་ལ་བོད་དུ་རྨོས་པའི་ལོ་ཏོག་ཐོག་མ་བྱུང་བར་གོ་བ་བླངས་ན་དུས་ལ་འཕྱི་དྲགས་སོང་བ་དང་གཏམ་ལ་ནོར་བ་བྱུང་བ་འབའ་ཞིག་འདུག་པའང་གོ་སླའོ། །འོ་ན་ལོ་རྒྱུས་སུ་གསལ་བའི་ཚིག་དེའི་དོན་ཅི་ཡིན་ཞེ་ན། དེ་ནི་དོན་ལ་བོད་དུ་དུས་རབས2པའམ3པར་སླེབས་དུས། ཞིང་ལས་ཐོན་སྐྱེད་ཀྱི་མ་ལག་ལ་གསར་བརྗེ་དང་འཛུགས་སྐྲུན་སྔ་ན་མེད་པ་ཞིག་བྱུང་བས་ཞིང་ལས་ཐོན་སྐྱེད་ཐད་ཡར་རྒྱས་ཆེན་པོ་བྱུང་བ་ཡིན་པ་གོར་མ་ཆག་སྟེ། དེ་ཡང་ཞིང་ལས་མེད་པའི་སར་ཡོད་པར་བྱས། ཡོད་པ་འཕེལ་རྒྱས་སུ་བཏང་བ་ཞིག་ཡིན་ངེས་པས། དེ་འདྲའི་ལས་ཀའི་ཐད་སྔོན་མེད་བྱས་རྗེས་འཇོག་མཁན་དེ་མཛངས་མིར་མི་བགྲང་སུ་ཞིག་བགྲང་ངམ།
གསུམ་པ། ད་སྔའི་ཚན་རིག་གི་དཔྱད་འབྲས་སུ་བསྟན་པའི་བོད་ཀྱི་ཞིང་ལས་ཐོན་སྐྱེད་ལ་སྔ་བ།
1. ཞིང་ལས་ཐོན་སྐྱེད་བྱེད་ས་ལ་སྔ་བའི་གནས་འགའ།
དེ་ཡང་གནའ་རྫས་རིག་པ་ལྟར་ན་བོད་ལྗོངས་ཀྱི་ཁྲ་མགོ་ཁུག་དང་ལྷ་སའི་ཆུ་ཀོང་རིག་གནས་གནའ་ཤུལ་གཉིས་སུ་གདོད་མའི་ཞིང་ལས་དང་འབྲེལ་བའི་གནའ་རྫས་ཐོན་པ་ལས། ཡུལ་ཡར་ལུང་ཁོག་འདིར་ཡང་གནའ་སྔ་མོ་ཞིག་ནས་ཞིང་ལས་ཐོན་སྐྱེད་བྱུང་ཡོད་པ་ཤེས་ཐུབ་སྟེ། «བོད་ལྗོངས་རིག་དངོས་གནའ་རྫས་གསར་རྙེད»ཅེས་པའི་རྒྱ་ཡིག་གི་དེབ་ལས། "ཁྲ་མགོ་ཁུག་གནའ་ཤུལ་ནས་རྙེད་པའི་ཞིང་ལས་ཐོན་རྫས་ཐཱན་འགྱུར་ཅན་གཙོ་བོ་ལ་ནས་དང་ཁྲེ་ཆུང་གི་འབྲུ་རྡོག་བསྡོམས་པས3000ལྷག་ཡོད་པར་མ་ཟད། ད་དུང་གྲོ་རིགས་གཞན་འགའ་ཡང་འདུག་པ་རྙེད་ཅིང་། དེའི་ལོ་ཚིགས་ལ་བརྟག་ན། སྤྱི་ལོ་སྔོན་གྱི1370ལོ་ལ་འཁེལ་ཡོད་པས་ད་བར་དུ་མི་ལོ3400ཡས་མས་འགོར་འདུག"[18]ཅེས་གསལ་བོར་བཤད་ཡོད་པ་ལྟར་ལགས། གཞན་ཡང་ད་བར་དུ་ལོ་ངོ4000ཙམ་གྱི་ལོ་རྒྱུས་ཡོད་པའི་ལྷ་སའི་ཆུ་ཀོང་རིག་གནས་གནའ་ཤུལ་དུ་ཞིང་ལས་བྱུང་ཚུལ་འདི་ལྟ་སྟེ། «བོད་བཙན་པོའི་སྔོན་དང་བོད་བཙན་པོའི་དུས་སྐབས»ཞེས་པའི་དཔྱད་རྩོམ་ཕྱོགས་བསྒྲིགས་ལས། "ཆུ་ཀོང་གི་སྡོད་མི་ལ(སྐྱེ་དངོས)འབྲེག་བྱེད་དང་གཅོད་བྱེད་ཀྱི་རྡོ་ཆས་མི་ཉུང་བ་ཞིག་ཡོད་པར་མ་ཟད། དེ་ལས་འགའ་ཤས་ནི་ཐད་ཀར་མ་རྨོས་ལོ་ཏོག་གི་འབྲུ་རིགས་ཀྱི་ཞིང་འབྲེག་བྱེད་རེད། བླ་ལྷག་གིས་དོ་སྣང་བྱེད་དགོས་པ་ཞིག་ལ་ཆུ་ཀོང་གནའ་ཤུལ་དུ་གྲོ་ཕྱེ་འཐག་བྱེད་ཀྱི་རང་འཐག་གི་མཆིག་རྡོ་འབོར་ཆེན་ཐོན་ཡོད་ལ། དེ་དག་ཚང་མ་འབྲུ་རིགས་གྲོ་ཕྱེ་འཐག་བྱེད་ཡིན་པ་མངོན་གསལ་དོད་པོ་རེད།"[19]ཅེས་གསལ་བས་ལྷ་ས་ཆུ་ཀོང་ནི་ཁྲ་འབྲུག་ལས་ཀྱང་སྔ་བའི་ཞིང་ལས་ཐོན་སྐྱེད་བྱེད་ས་ཡིན་པ་ཤེས་ཐུབ། ཡིན་ནའང་ད་ལྟའི་བར་དུ་རྙེད་པའི་གནའ་རྫས་བརྟག་དཔྱད་ལྟར་ན། དེང་གི་ཁྲ་མགོ་ཁུག་གནའ་ཤུལ་ཕར་ཞོག ལྷ་ས་ཆུ་ཀོང་རིག་གནས་གནའ་ཤུལ་ཡང་བོད་ཁུལ་གྱི་ཆེས་སྔ་བའི་ཞིང་ས་དང་ཞིང་ལས་གཉེར་ས་མ་ཡིན་ཏེ། དེ་གཉིས་ལས་ཀྱང་ཆེས་སྔ་བ་ལ་དེང་གི་ཆབ་མདོ་ཁ་རུབ་ས་ཆ་འདི་ཡིན་པར་བཤད་དེ། ཡང་གོང་གི་དེབ་དེ་ལས། "ཕལ་ཆེར་ཁ་རུབ་གནའ་ཤུལ་སྡོད་དམངས་གྱིས་ཁྲེ་ཆུང་ཞེས་པའི་འབྲུ་རིགས་འདི་ཐོན་སྐྱེད་བྱས་རྗེས། རིམ་གྱིས་ཕྱི་ཕྱོགས་སུ་བརྒྱུད་སྤེལ་བྱས་པ་ལས་བོད་ལྗོངས་མཐོ་སྒང་གི་དབུས་ཀྱི་གཤོང་ས་སྟེ། ཡུལ་ཡར་ལུང་གཙང་པོ་འབབ་རྒྱུན་གྱི་དཀྱིལ་དབུས་སུ་ཁྱབ་གདལ་བྱུང་བ་ཡིན་ལས་ཆེ།"[20]ཞེས་སྡོམ་ཚིག་ཅིག་གནངས་ཡོད་པ་ལྟར། ད་སྔ་བོད་ཀྱི་ཞིང་ལས་ཐོན་སྐྱེད་ཀྱི་ལོ་རྒྱུས་ཆེས་རིང་བ་ནི་ཆབ་མདོ་ཁ་རུབ་རིག་གནས་གནའ་ཤུལ་ཡིན་ཚུལ་བཤད་ཡོད།[21]
༼༡༽
གོང་གི་པར་འདི་ནི«གནའ་རྫས་གསར་རྙེད་དང་བོད་ཀྱི་ཤེས་རིག»ཅེས་པའི་དེབ་ངོས་སུ་འཁོད་པའི་ཁྲེ་ཆུང་གི་ས་བོན་གྱི་པར་ཞིག་ཡིན་ལ། དེའི་འོག་གི་རྒྱ་ཡིག་གི་གསལ་བཤད་ཡི་གེའི་ནང་དོན་ནི་བོད་ལྗོངས་ཆབ་མདོ་ཁ་རུབ་གནའ་ཤུལ་གྱི་ས་འོག་ནས་ཐོན་པའི་ཁྲེ་ཆུང་ཡིན་ཞེས་པ་དེ་ཡིན། འདི་ནི་ད་སྔ་བོད་དུ་རྙེད་པའི་ཆེས་སྔ་བའི་འབྲུ་རིགས་ཁྲེ་ཆུང་གི་ས་བོན་ཡིན། དེ་ལྟར་ད་སྔའི་གནའ་རྫས་ཆེད་མཁས་པ་ཕལ་ཆེ་བས་བོད་ཀྱི་ཞིང་ལས་ནི་ཤར་ནས་ནུབ་ཏུ་སྤེལ་བ་ལས་རིམ་གྱིས་ཡུལ་ཡར་ལུང་ཁོག་ཏུ་ཐོན་ཚུལ་ལ་རིགས་འདེད་བྱས་ཡོད།
2. འབྲུ་རིགས་ནས་ཀྱི་ས་བོན་ལ་སྔ་བ།
གཤམ་གྱི་པར་རིས་གཉིས[22][23]ནི་ཐོག་མར«གནའ་རྫས»ཞེས་པའི་དུས་དེབ་ཀྱི2001ལོའི་དེབ3པའི་སྟེང་བཀོད་ཡོད་པ། «གནའ་རྫས་གསར་རྙེད་དང་བོད་ཀྱི་ཤེས་རིག»ཅེས་པའི་དེབ་ངོས་ནས་ཚུར་དྲངས་པ་ཡིན་ལ། དེ་ནི་ཆེད་མཁས་པས་ཁྲ་མགོ་ཁུག་ནས་རྙེད་པའི་ཐཱན་འགྱུར་ནས་ཀྱི་ས་བོན་གྱི་པར་རིས་གཅིག་དང་གྲོ་དང་ནས་གཉིས་ཀྱི་ཐཱན་འགྱུར་འབྲུ་རྡོག་གི་པར་རིས་གཞན་གཅིག་ཡིན་པར་བཤད།
༼༢༽
༼༣༽
ཁྲ་མགོ་ཁུག་ཏུ་ཡུལ་གཞན་ན་མེད་པའི་འབྲུ་རིགས་ནས་ཀྱི་ས་བོན་འབོར་ཆེན་རྙེད་སོན་བྱུང་ཡོད་པས། དེར་ལོ་རྒྱུས་ཀྱི་དོན་སྙིང་ཆེན་པོ་འདུག་པར་མ་ཟད། བོད་ཀྱི་ཞིང་ལས་ཐོན་སྐྱེད་ཀྱི་བྱུང་འཕེལ་ལ་ད་དུང་ཕྱོགས་སྣ་སྒོ་མོ་ནས་ཞིབ་འཇུག་ནན་ཏན་དུ་གཏོང་དགོས་པ་ལས། ཕྱོགས་གཅིག་གི་རིགས་ལམ་དང་རྒྱུ་མཚན་ཙམ་གཞིར་བཟུང་ནས་གང་དགར་སྡོམ་ཚིག་འགོད་མི་ཐུབ་པའང་བསྟན་ཡོད། དོན་གྱི་གནད་འདི་ལ་གཞིགས་ནས། བོད་ཀྱི་ལོ་རྒྱུས་ཞིབ་འཇུག་པ་ཧོ་བེ་ལགས་ཀྱིས། "ནས་དང་གྲོ་རིགས་ནི་ཆབ་མདོ་ཁ་རུབ་ཀྱི་གནའ་ཤུལ་དུ་མ་རྙེད་པས། འདིས་ཡུན་རིང་གི་འབྲེལ་འདྲིས་ལ་བརྟེན་ཞིང་ལས་ཐོན་སྐྱེད་ཀྱི་ཕ་ས་སྟེ་དེང་གི་ཡ་གླིང་ནུབ་མ་ས་ཁུལ་ནས་ཚུར་བརྒྱུད་སྤྲོད་བྱས་ཏེ་འོང་བའི་ནས་ཀྱི་ས་བོན་དག་གནའ་རབས་ཁྲ་མགོ་ཁུག་གི་སྡོད་དམངས་ཀྱི་ལག་ཏུ་སོན་བྱུང་བ་ཡིན་ལས་ཆེ།"[24]ཞེས་འབྲུ་རིགས་ནས་དང་གྲོ་ནི་བོད་མདོ་དབུས་མཐོ་སྒང་གི་ཤར་ཕྱོགས་ནས་ཚུར་མཆེད་འོང་བ་མ་ཡིན་པར། བོད་ཀྱི་ནུབ་ཕྱོགས་ལས་དེང་གི་ཡ་གླིང་ནུབ་མ་ནས་ཐད་ཀར་ཚུར་བོད་ལ་ཁྱེར་འོང་བ་ཡིན་པར་ཚོད་དཔག་བྱས་ཡོད། འོན་ཀྱང་ཚིག་འདི་ལ་དཔྱད་པར་བྱ་འོས་པའི་གཞི་འགའ་ཡོད་པ་ནི། སྤྱིར་གནའ་རབས་ཞིང་ལས་ཐོན་སྐྱེད་ཀྱི་འབྲུ་སྣ་མང་པོའི་འབྱུང་ཁུངས་ནི་དེང་གི་ཡ་གླིང་ནུབ་མའི་ས་ཆར་ཐུག་ཡོད་ནའང་། འབྲུ་སྣ་ཡོད་ཚད་ཀྱི་འབྱུང་ཁུངས་དེ་ཡ་གླིང་ནུབ་མ་ཁོ་ན་ཡིན་དགོས་པའི་ངེས་པའང་མེད་པས། ཨུ་ཚུགས་ཀྱིས་ཚང་མའི་ཁུངས་གཅིག་ལ་འདེད་དགོས་དོན་མི་འདུག་སྟེ། དཔེར་ན། རྒྱ་ཡིག་གི«སའི་གོ་ལའི་ལོ་རྒྱུས»ཞེས་པའི་དེབ་ལས། "སྤྱི་ལོ་སྔོན་གྱི་མི་ལོ1300ཡི་སྔོན་དུ་སོ་བ་དང་གྲོ་གཉིས(ཡ་གླིང་ནུབ་མ་ནས)ཀྲུང་གོར་སླེབས། ཡིན་ཡང་སྐབས་དེར་ཀྲུང་གོའི་ས་ཆར་ལོ་ཏོག་འདེབས་འཛུགས་བྱས་ནས་མི་ལོ3000འགོར་ཡོད་དེ། ཀྲུང་གོའི་ལྷོ་ཕྱོགས་སུ་ཆུ་འབྲས་དང་ཇ་ལོ། བྱང་ཕྱོགས་སུ་ཁྲེ་ཆུང་དང་ཁྲེ་རྒོད། སྲན་མ་བཅས་འདེབས་འཛུགས་བྱེད་བཞིན་ཡོད་དོ། །"[25]ཞེས་བཤད་ཡོད་པའི་དཔེ་ལྟར་རེད། དེས་ན་གོང་གི་རྒྱུ་ཆའི་དོན་ལ་གཞིགས་ནས་དབྱེ་ཞིབ་བྱ་རྒྱུ་ནི། གནས་གཞན་ནས་ཁྱེར་འོང་བ་ཁོ་ན་མ་ཡིན་པར་ཀྲུང་གོའི་རང་ས་ནས་གསོ་སྐྱོང་དང་འདེབས་འཛུགས་བྱེད་པའི་འབྲུ་རིགས་ལོ་ཏོག་ཀྱང་ཡོད་ཚུལ་བསྟན་ཡོད་པ་དང་གཅིག བོད་ཀྱི་གནའ་བོའི་ཡིག་ཆ་གང་མང་དུ་ནས་གཙོ་བྱས་པའི་འབྲུ་རིགས་སྣ་ལྔ་ནི་ཡུལ་ཡར་ལུང་ཁོག་ཏུ་ཐོག་མར་བྱུང་ཚུལ་བཤད་ཡོད་པ་དང་གཉིས། ད་སྔའི་གནའ་རྫས་ལྟར་ན། བོད་དུ་འབྲུ་རིགས་ནས་དང་གྲོ་ཐོན་སྐྱེད་བྱེད་ས་ཆེས་སྔ་བ་ལ་ཡུལ་ཡར་ལུང་ཁོག་ཏུ་ཆགས་པའི་ཁྲ་མགོ་ཁུག་རིག་གནས་གནའ་ཤུལ་དེ་ཡིན་པར་བཤད་ཡོད་པ་དང་གསུམ། ནས་ཞེས་པའི་འབྲུ་རིགས་འདི་ནི་ས་མཐོ་ལ་གྲང་ངར་ཆེ་བའི་བོད་མདོ་དབུས་མཐོ་སྒང་གི་ཡུལ་འདིར་སྐྱེ་ཞིང་སྨིན་ཐུབ་པའི་ཁྱད་ཆོས་ལྡན་པར་མ་ཟད། ཡུལ་གྲུ་གཞན་གྱི་ཞིང་ལས་ཐོན་སྐྱེད་ཀྱི་ལོ་རྒྱུས་སུ་ནས་ཞེས་པའི་འབྲུ་རིགས་ཤིག་བྱུང་བ་མི་མཐོང་བ་དང་བཞི། བོད་སྐད་ནང་འབྲུ་རིགས་ནས་འཐག་པ་ལས་བྱུང་བའི་རྩམ་པ་ནི་ཁ་ལ་བཟའ་རྒྱུའི་ཟས་ཐམས་ཅད་ཀྱི་སྤྱི་མིང་ངམ་ཚབ་མིང་ལྟ་བུར་ཆགས་ཡོད་དེ། དཔེར་ན་རྩམ་པ་ལྡོད་ལ་མིད། སྐད་ཆ་སོམས་ལ་ཤོད།ཅེས་དང་། ཡང་ན། ཁ་ལ་བཟའ་རྒྱུའི་རྩམ་པ་དང་། རྒྱབ་ལ་གོན་རྒྱུའི་གོས་ཞེས་པ་ལྟ་བུ་སོགས་ཀྱིས་མཚོན་པའི་རྒྱུ་མཚན་གང་མང་ལ་གཞིགས་ན། ད་སྔ"ནས"ཞེས་པ་འདི་གནའ་བོའི་བོད་ཀྱི་མེས་པོ་ཚོས་ཐོག་མར་ཡུལ་ཡར་ལུང་ཁོག་ནས་ཆེད་དུ་གསོ་སྦྱོང་དང་སྐྱེད་བསྲིངས་བྱས་པ་ལས་ཐོན་པའི་བོད་རང་སའི་འབྲུ་རིགས་ཤིག་ཡིན་པ་ལས། ས་གནས་གཞན་ནས་ཁྱེར་འོང་བ་ཞིག་མིན་པ་ནི། དངོས་ཡོད་བདེན་དཔང་དང་རིག་པའི་དཔྱད་པ་གང་ལ་གཏུགས་ཀྱང་ར་སྤྲོད་བྱེད་ཐུབ་བོ། །
བཞི་པ། མཇུག་སྡུད་པའི་གཏམ།
མིའི་རིགས་ཀྱི་ཞིང་ལས་བྱུང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་དང་བསྟུན་ནས་བཤད་ན། བོད་ཀྱི་ཡིག་ཚང་དུ་འཁོད་པའི་ཞིང་ལ་སྔ་བའི་ཐད་ཀྱི་ཡིག་ཆ་དང་འབྲེལ་ནས་ཐོན་པའི་བཤད་སྟངས་རིགས་གཉིས་ཀྱིས་བསྟན་པའི་དུས་ཀྱི་ཆ་ལ་སྔ་དྲགས་པའམ་ཡང་ན་འཕྱི་དྲགས་པའི་གནད་དོན་ཞིག་འདུག་པ་གསལ་བ་དང་། ད་སྔའི་བོད་ཀྱི་གནའ་རྫས་རྟག་དཔྱོད་ལྟར་ན་བོད་དུ་ཞིང་ལ་སྔ་བ་དེ་དེང་གི་ཆབ་མདོ་ཁ་རུབ་རིག་གནས་གནའ་ཤུལ་དུ་བྱུང་ཡོད་པ་ཤེས་ལ། དེའི་རྗེས་སུ་ཡུལ་ཡར་ལུང་ཁོག་ལ་གཏོགས་པའི་ལྷ་སའི་ཆུ་ཀོང་དང་ཁྲ་མགོ་ཁུག་རིག་གནས་གནའ་ཤུལ་གཉིས་སུ་རིམ་པ་ལྟར་ཞིང་ལས་ཐོན་སྐྱེད་བྱུང་ཡོད་པ་གསལ་བ་སོགས་ཀྱི་རྒྱུ་མཚན་མང་པ་གཞིར་བཟུང་ན། ད་སྔ་བོད་དུ་ཞིང་ལ་འབྲུ་རིགས་རྨོ་འདེབས་ཀྱི་ལས་ལ་སྔ་བ་དེ་མི་ལོ5000གི་གོང་ཙམ་ལ་དེང་གི་བོད་ལྗོངས་ཆབ་མདོ་ཁ་རུབ་ས་ཆར་བྱུང་བ་རེད་ཅེས་བཤད་ཆོག གཞན་ཡང་ཞིང་ལས་ཐོན་སྐྱེད་ལ་སྔ་བ་ནི་ཡུལ་ཡར་ལུང་ཁོག་ཡིན་པའི་བཤད་ཚུལ་ནི་བོད་ཀྱི་ལོ་རྒྱུས་ཡིག་ཚང་ནང་འཁོད་ཡོད་པ་ཙམ་མ་ཡིན་པར། དེང་གི་ཁྲ་མགོ་ཁུག་དང་ལྷ་སའི་ཆུ་ཀོང་དུ་རྙེད་པའི་འབྲུ་རིགས་ནས་དང་གྲོ་ཡི་ས་བོན་ནི་ད་སྔ་ལོ་རྒྱུས་ཆེས་སྔ་བར་རྩིས། ཡུལ་ཡར་ལུང་ཁོག་འདིའང་གནའ་རབས་བོད་ཀྱི་ཞིང་ལས་ཐོན་སྐྱེད་བྱེད་ས་སྔ་ཤོས་ཤིག་ལ་རྩིས་པར་ལོ་རྒྱུས་ཡིག་ཚང་དང་ད་སྔའི་གནའ་རྫས་རྟོག་དཔྱོད་གཉིས་ཀ་མ་གྲོས་གཅིག་མཐུན་ཆགས་པའི་ཆ་ཡང་གནས་ཡོད་པ་མཐོང་ཐུབ་པར་བརྟེན། ལོ་རྒྱུས་ཡིག་ཚང་དུ་འཁོད་པའི"ཞིང་ལ་སྔ་བ་ཟོ་དང་ཞིང"ཞེས་པ་ནི་ལྷ་སྒྲུང་དང་རྟོག་བཟོ་ཙམ་མ་ཡིན་པར། དེ་ནི་རིགས་པ་དང་རྒྱུ་མཚན། དངོས་ཡོད་བདེན་དཔང་བཅས་དང་ལྡན་པའི་ལོ་རྒྱུས་ཞིབ་འཇུག་གི་རིན་ཐང་ཆེ་བའི་བཤད་ཚུལ་ཞིག་ཡིན་པ་ཤེས་ཐུབ། གང་ལྟར་འདིར་ཡང་བསྐྱར་གསལ་འདེབས་བྱ་དགོས་པ་ཞིག་ལ། ད་དུང་བོད་མདོ་དབུས་མཐོ་སྒང་གི་ཡུལ་གྲུ་འདིར་ཕྱོགས་ཡོངས་དང་མ་ལག་ལྡན་པའི་སྒོ་ནས་གནའ་རྫས་སྔོག་འདོན་བྱེད་ཐུབ་མེད་པར་མ་ཟད། ཡིག་ཚང་དང་དེང་གི་ཚན་རིག་ཞིབ་འཇུག་གཉིས་ཟུང་དུ་སྦྲེལ་བའི་སྒོ་ནས་བོད་གནའ་རབས་སྤྱི་ཚོགས་འཕེལ་རིམ་ལ་ཞིབ་འཇུག་གི་ལས་ཀ་ནི་དེ་བས་ཀྱང་སྒྲུབ་ཐུབ་མེད་པས། ང་ཚོས་ད་སྔ་རྙེད་པའི་དངོས་ཡོད་བདེན་དཔང་གང་རུང་ངམ་ཡང་ན་ལོ་རྒྱུས་ཡིག་ཆའི་ངོས་ཀྱི་ཚིག་གང་རུང་ཙམ་མཐའ་གཅིག་ཏུ་གཞིར་བཟུང་ནས། བོད་གནའ་རབས་ཞིང་ལས་བྱུང་འཕེལ་གྱི་ཡུལ་དུས་སོགས་ལ་གང་དགར་ཁ་ཚོན་བཅད་ནས་བཤད་ཆོག་པ་ཞིག་མ་རེད་བསམ།ཟུར་བལྟའི་དཔྱད་གཞི།
[1][2] བསོད་ནམས་རྡོ་རྗེ། ཀྲུང་གོའི་བོད་རིག་པ་རྩོམ་སྒྲིག་ཁང་གི་ལོ་འཁོར་ཉི་ཤུའི་དཔྱད་རྩོམ་བདམས་སྒྲིག བོད་གནའ་རབས་ཀྱི་དཔལ་འབྱོར་འཕེལ་ཚུལ་ལ་དཔྱད་པ། [Z] ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། 2008:24.27.
[3][4][5][7][9][25] [美] 斯塔夫里阿诺斯著.董书慧等译.全球通史 [M].北京: 北京大学出版社 , 2005:50.51.51.23.29.29.
[6][8][12][14] 吴于廑齐世荣主编.世界史(古代史编)上卷 [M].北京: 高等教育出版社 ,2011: 11.11.11.11.
[10] བཀའ་ཐང་སྡེ་ལྔ། [M] མི་རིགས་དཔེ་སྐྲུན་ཁང་། 1997:433-434.
[11] ས་སྐྱ་བསོད་ནམས་རྒྱལ་མཚན། རྒྱལ་རབས་གསལ་བའི་མེ་ལོང་། [M] མི་རིགས་དཔེ་སྐྲུན་ཁང་། 1981:65-66.
[13] དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་པའི་དགའ་སྟོན། [M] མི་རིགས་དཔེ་སྐྲུན་ཁང་། 2006:89.
[15] 止贡贾关切苍编著.记载于敦煌古藏文文献的吐蕃王朝 [Z]. 藏文,printed at ARCHANA,new Dehli, 011-26810747/48见 45页。
[16] བོན་གྱི་ལོ་རྒྱུས་ཡིག་ཆ་ཕྱོགས་བསྒྲིགས། གཡུང་དྲུང་བོན་གྱི་སྒྲ་བསྒྲགས་རིན་པོ་ཆེའི་གླིང་གྲགས་བཞུགས་སོ། ། [Z] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2010:154.
[17] དབང་རྒྱལ་དང་བསོད་ནམས་སྐྱིད། ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ། [Z] མི་རིགས་དཔེ་སྐྲུན་ཁང་། 1992:36.
[18][20][24] 霍薇.秘境考古:西藏文物考古新发现之旅 [M].南京: 江苏人民出版社,2014.7.7.7-8.
[19] 中国社科院边疆考古研究中心编. 王仁湘著. 前吐蕃与吐蕃时代 [A](关于曲贡文化的几个问 题). [R] 文物出版,2013:78.
[21][22] 霍巍、王煜、吕红亮.考古发现与西藏文明史(第一卷:史前时代).[M] 科学出版社 2016:124:125.(གོང་གི་པར་ངོས་ཀྱི་རྒྱ་ཡིག་གི་གསལ་བྱེད་ཀྱི་ཡི་གེ་ནི་བོད་ལྗོངས་ཁྲ་མགོ་ཁུག་གནའ་ཤུལ་ནས་རྙེད་པའི་ཐྭན་འགྱུར་ནས་ཀྱི་ས་བོན་ཞེས་པའི་དོན་ཡིན)
[23] གོང་གི་པར་རིས་དེའི་གཤམ་གྱི་རྒྱ་ཡིག་གི་ནང་དོན་ནི། (བོད་ལྗོངས་ཁྲ་མགོ་ཁུག་གནའ་ཤུལ་ནས་ས་ཁར་ཐོན་པའི་ནས་དང་གྲོ་ཡི་ཐཱན་འགྱུར་འབྲུ་རྡོག «གནའ་རྫས»དུས་དེབ་ཀྱི2001ལོའི་དེབ3པའི་ཐོག་ལ་བཀོད་པའི«བོད་ལྗོངས་ཁྲ་མགོ་ཁུག་གནའ་ཤུལ་རྡོ་ཆས་གསར་པའི་དུས་རབས་ཀྱི་ཞིང་ལས་ཐོན་རྫས་གསར་རྙེད་དང་ངོས་འཛིན། ཞིབ་འཇུག»ལས་དྲངས། དེབ་དེའི་ཤོག་ངོས69ཡི་པར་རིས་གསུམ་པ་ཡིན།)
རྩོམ་གྱི་ཡོང་ཁུངས། ༢༠༡༧ལོའི«མཚོ་སྔོན་མི་རིགས་སློབ་ཆེན་རིག་དེབ»དེབ་གཉིས་པ།
འབྲེལ་ཡོད་འོས་སྦྱོར།