logo

༄༅། །རྟགས་འཇུག་ལས་གལ་ཆེ་བའི་དོན་འགའ་གོ་བདེར་བཤད་པ།

རྩོམ་པ་པོ།:རྨ་ཆུའི་བཟོད་པ། ཡོང་ཁུངས།:སྒྲོན་མེ་དུས་དེབ། དུས་ཚོད།:2022-06-29 ཀློག་གྲངས།:
༄༅། །རྟགས་འཇུག་ལས་གལ་ཆེ་བའི་དོན་འགའ་གོ་བདེར་བཤད་པ།
རྨ་ཆུའི་བཟོད་པ།

༡ བྱ་བྱེད་ཀྱི་སྒྲ་ཕན་ཚུན་ཤེད་མཚུངས་མིན་གྱི་ཁྱད་པར།
        འདིར་བྱ་བྱེད་ཀྱི་སྒྲ་ཕན་ཚུན་ཤེད་མཚུངས་མིན་གྱི་ཁྱད་པར་ཅུང་གསལ་བོར་བཤད་ན། སྐབས་འདིའི་བྱ་དང་བྱེད་ནི་བདག་དང་གཞན་གྱི་ཕྱོགས་སུ་གཏོགས་པ་ལ་གོ་དགོས་པར་སྙམ་ལ། དེ་གཉིས་ཕན་ཚུན་གཅིག་ལ་གཅིག་ལྟོས་པའི་ཚུལ་གྱིས་ཤེད་དམ། སྟོབས་སམ། ནུས་པ་འདྲ་མཚུངས་སམ་དོ་མཉམ་པར་སྦྱར་དུ་ཡོད་པ་ཞིག་ལ་བྱ་བྱེད་ཀྱི་སྒྲ་ཕན་ཚུན་ཤེད་མཚུངས་པ་ཟེར་ཏེ། འདི་དང་བྱ་བྱེད་ཐ་དད་པའི་ལས་ཚིག་གཉིས་དོན་གཅིག་པར་དེང་དུས་མཁས་དབང་དུང་དཀར་ཚང་དང་ཨ་ཁུ་བཤད་སྒྲུབ་ཚང་སོགས་ཀྱིས་བཞེད། ཡང་བྱ་བྱེད་ཀྱི་སྒྲ་ཕན་ཚུན་ཤེད་མཚུངས་ཀྱི་དོན་ནི། དེ་ལྟ་བུ་ཞིག་ཡིན་པ་ཅི་ལྟར་རྟོགས་ཐུབ་ཞེ་ན། མཚོ་སྔོན་པར་མའི«སི་ཏུའི་འགྲེལ་ཆེན»P184ལས། “དེའང་དཔེར་ན། གཅར་བར་བྱེད། གཅར་རོ། དཀྲི་བར་བྱེད། དཀྲིའོ། ལྟ་བུ་ད་ལྟ་བའི་སྒྲ་ཡིན་མོད་ཀྱི་གཟུང་བར་བྱ། གཟུང་ངོ་། དགང་བར་བྱ། དགང་ངོ་། ལྟ་བུ་གཞན་གྱི་སྒྲ་ལའང་དེ་དང་ཤེད་མཚུངས་ཡོད་པས་སྔར་སྟོབས་མཚུངས་ཀྱིས་བདག་གཞན་གྱི་ཟླས་ཕྱེ་བའི་བདག་སྒྲའི་ཁོངས་སུ་བསྡུས་ནས་བརྗོད་ཟིན་པས་འདིར་ནི་དོན་གྱིས་བདག་བྱེད་པའི་ཚིག་ཡིན་ཡང་གཞན་གྱི་སྒྲ་ལའང་དེ་དང་ཤེད་མཚུངས་སྦྱར་རྒྱུ་མེད་པས་གོང་སྨྲོས་བདག་སྒྲའི་ཁོངས་སུ་བསྡུ་བར་མི་འོས་པའི། གཅར་གྱིན་སྣང་ངོ་།། གཅར་བཞིན་པའོ།། དཀྲི་ཡིན་འདུག་གོ། དཀྲི་བཞིན་པའོ།། ལྟ་བུ་སྔར་སྨོས་པའི་བདག་སྒྲའི་བྱེད་ཚིག་དེ་རྣམས་ཉིད་བརྗོད་ཚུལ་ཚིག་གྲོགས་ཀྱི་ཁྱད་པར་དང་བཅས་པས་དཔེར་བརྗོད་པར་བྱའོ།”ཞེས་གསུངས་ཡོད་པར་དཔག་ན་བྱ་བྱེད་ཀྱི་སྒྲ་ཕན་ཚུན་ཤེད་མཚུངས་པའི་གོ་དོན་ནི་གོང་དུ་བདག་གིས་བཤད་པ་དེའི་དོན་ཡིན་པ་གསལ་བོར་རྟོགས་ཐུབ་པ་མ་ཡིན་ནམ། ཡང་དཔེ་བརྗོད་ཀྱི་སྒོ་ནས་ཅུང་གསལ་བོར་བཤད་ན། བྱ་བྱེད་ཐ་དད་པའི་ལས་ཚིག ཤིང་བཟོས་སྟ་རེས་ཤིང་བཅད། ལྟ་བུ་ལ་མཚོན་ན། བདག་གི་ཁོངས་སུ་བསྡུ་བའི་བྱེད་པོ་དང་། བྱེད་པ། བྱེད་པའི་ལས་གསུམ་ལ་རིམ་པ་བཞིན་དུ། གཅོད་པ་པོ་དང་། གཅོད་བྱེད། གཅོད་པར་བྱེད་ཅེས་བྱ་ཚིག་གཅིག་སྟེ་གཅོད་ཅེས་པ་འདི་ཉིད་གཅིག་པོ་དངོས་པོ་བདག་ལ་འཇུག་པ་གསལ་བར་སྟོན་ཐུབ་པར་མ་ཟད། ད་ལྟ་བའང་འདིས་སྟོན་པ་བཞིན་དུ། དངོས་པོ་གཞན་གྱི་ཁོངས་སུ་བསྡུ་བའི་བྱ་བའི་ཡུལ་དང་། ལས་ཀྱི་དངོས་པོ། བྱ་བའི་ལས་བཅས་ལའང་རིམ་པ་བཞིན་དུ། གཅད་ཡུལ། གཅད་བྱ། གཅད་པར་བྱ་ཞེས་མ་འོངས་པ་དང་བཅས་པ་བྱ་ཚིག་གཟུགས་གཅིག་གིས་སྟོན་པ་འདི་རིགས་ལ་བདག་གཞན་གྱི་ཁྱད་པར་ཚིག་གྲོགས་ལ་ལྟོས་མི་དགོས་པར་བྱ་ཚིག་གཟུགས་མི་འདྲ་བ་དོ་མཉམ་མམ་སྟོབས་མཚུངས་སུ་སྦྱར་དུ་ཡོད་པས་ན་བྱ་བྱེད་ཀྱི་སྒྲ་ཕན་ཚུན་ཤེད་མཚུངས་པ་ཟེར་ལ། ཡང་དེང་གི་བརྡ་སྤྲོད་སྨྲ་བའི་མཁས་དབང་མི་ཉག་བུ་ཕྲུག་སོགས་ཀྱིས། འདིའི་སྐབས་སུ་བདག་དུས་ཀྱི་ཁྱད་པར་ཚིག་གྲོགས་ལ་མ་ལྟོས་པར་གཟུགས་འགྱུར་ལ་བལྟ་དགོས་པས་ན། འདི་དང་གཟུགས་འགྱུར་ལས་ཚིག་དོན་གཅིག་པར་བཞེད། བྱ་བྱེད་ཀྱི་སྒྲ་ཕན་ཚུན་ཤེད་མཚུངས་མིན་ནི་བརྡ་སྤྲོད་སྨྲ་བའི་མཁས་དབང་ཞིག་ལ་མཚོན་ན་དཀའ་གནས་གང་ཡང་མིན་མོད། གསར་སློབ་ཀྱི་ལས་དང་པོ་བ་ཞིག་མཚོན་ན་མགོ་ཉོག་པར་འགྱུར་བས། དེ་དག་ལ་ཕན་པའི་སེམས་ཀྱིས་ཅུང་གསལ་བོར་བཤད་པའོ། །

༢ བྱ་བའི་ཡུལ་གཉིས་ཀྱི་ཁྱད་པར།
        འདིར་སུམ་ཅུ་བ་དང་རྟགས་འཇུག་གི་སྐབས་སུ་བྱ་བའི་ཡུལ་ཞེས་པའི་ཐ་སྙད་གཅིག་ལ་གོ་དོན་མི་འདྲ་བ་གཉིས་བྱུང་བ་དེའི་ཁྱད་པར་ཅུང་གསལ་བོར་བཤད་ན། སུམ་ཅུ་བའི་སྐབས་སུ་བྱ་བའི་ཡུལ་ཞེས་པ་ཞིག་བྱུང་བ་དེ་ནི་བྱ་བའི་ལྟོས་གཞི་ཡིན་ལ། བྱ་བ་གང་ཡིན་དེ་བསྒྲུབ་པར་བྱ་བའི་ཡུལ་ལ་ཟེར་པ་ཡིན་ཏེ། ལ་ལས་འདིར་བྱ་བའི་འཇུག་ཡུལ་ཀྱང་ཟེར། གསལ་པོ་བྱས་ནས་བཤད་ན་བྱ་བའི་ཁ་གཏད་ས་ལ་ཟེར་པ་ཏེ། མཁས་དབང་བསྟན་པ་རྒྱ་མཚོས་“འདིའི་ཡུལ་ཞེས་པ་བྱ་བ་ཞིག་གི་ཁ་འཁོར་ཕྱོགས་སམ་ཁ་གཏད་ས་ལ་ཟེར།”ཞེས་གསུངས་པ་བཞིན་ནོ། འདིར་དཔེའི་སྒོ་ནས་གསལ་བར་བྱས་ན། “བོད་དུ་འགྲོ།” “ཞིང་ལ་ས་བོན་བཏབ།” “ལམ་དུ་རྙེད།”ལྟ་བུའི་དཔེ་ལས་རིམ་པ་བཞིན“བོད”དང་། “ཞིང” “ལམ”བཅས་ནི་བྱ་བའི་ཁ་གཏད་ས་ཡིན། འགྲོ་བའི་ཁ་གཏད་ས་བོད་དང་། སོན་འདེབས་སའི་ཡུལ་ཞིང་། རྙེད་ཡུལ་ལམ་བཅས་ནི་བྱ་བའི་ལྟོས་གཞིའམ་ཁ་གཏད་ས་ཡིན་པ་མཐོང་བ་ཙམ་གྱིས་རྟོགས་སླ། ད་དུང་ལ་དོན་གྱི་རྐྱེན་ནམ་ཕྲད་ཀྱི་ཡི་གེ་སྦྱར་ཡུལ་ཀྱང་འདི་དག་ཡིན་ཏེ། སྔོན་བྱོན་མཁས་དབང་ཚོས་བཞེད་པ་ལྟར་ན་བྱ་བའི་ཁ་གཏད་སའམ་ལས་ཀྱི་དངོས་པོ་ཐ་དད་དུ་ཡོད་པ་འདི་རིགས་ལ་བར་དུ་རྣམ་དབྱེའི་རྐྱེན་སྦྱར་ཆོག་ལ། དེ་གཉིས་གཅིག་ལས་ཁ་ཁ་སོ་སོར་དབྱེ་རྒྱུ་མེད་པའི་རིགས་ལ་བར་དུ་ལ་དོན་སོགས་ཀྱི་རྐྱེན་སྦྱར་དུ་མེད་པར་འདོད། དེས་ན་བྱ་བ་ཞེས་པ་དེ་ཡུལ་དང་བྱེད་པ་པོའམ་བྱེད་པའི་བར་གྱི་འགུལ་སྤྱོད་ཅིག་ལ་ཟེར་པས། དེ་ལྟ་བུའི་བྱ་བ་དེ་ཉིད་ཀྱི་ཁ་གཏད་ས་ལ་སུམ་ཅུ་བའི་སྐབས་འདིར་མཁས་པ་ལ་ལས་བྱ་བའི་ཡུལ་ཞེས་པའི་ཐ་སྙད་མཛད་མོད། རྟགས་འཇུག་སྐབས་སུ་དངོས་པོ་བདག་གཞན་གཉིས་ལས་དངོས་པོ་གཞན་ནམ་ལས་ཀྱི་དངོས་པོ་ཞེས་པ་དེ་ལའང་བྱ་བའི་ཡུལ་ཞེས་ཐ་སྙད་མཛད་ཡོད་པས་དེ་དང་ནོར་པ་མི་འབྱུང་བའི་ཆེད་དུ་འདི་ལ་རྣམ་དབྱེའི་རྐྱེན་གྱི་ཡི་གེ་སྦྱར་སའི་གཞིའམ། བྱ་བའི་ཁ་གཏད་སའི་ཡུལ་ཞེས་པའི་ཐ་སྙད་བྱས་ན་ལེགས་པར་མཐོང་སྟེ་གཞན་དང་ནོར་པ་འབྱུང་མི་སྲིད་པས་སོ། ཡང་དཔེའི་སྒོ་ནས་ཅུང་ཟད་གསལ་བར་བྱ་སྟེ།“རི་འདབས་སུ་ཤིང་འཛུགས།“ལྟ་བུ་མཚོན་ན། རི་འདབས་ནི་བྱ་བའི་ཁ་གཏད་ས་ཡིན་ལ། ལ་དོན་གྱི་རྐྱེན་“སུ་”ཡིག་སྦྱར་སའང་ཡིན། ཤིང་ནི་བྱ་བྱེད་ལས་གསུམ་ནང་གི་ལས་ཞེས་པ་དེ་ཡིན་ལ། རྟགས་འཇུག་སྐབས་ཀྱི་བྱ་བའི་ཡུལ་ཞེས་པའང་འདི་ཡིན། དངོས་པོ་གཞན་ཞེས་པའང་འདི་ལ་ཟེར། དེས་ན་འདི་གཉིས་ཀྱི་དོན་མ་འདྲེས་པར་སོ་སོར་ཕྱེ་ན་ལེགས་ཆ་ཆེན་པོ་ཡོད་པར་མཐོང་སྟེ། གསར་སློབ་པ་ཞིག་ཡིན་ན་མགོ་མི་འཁོར་པར་བརྡ་སྤྲོད་པའི་འགྲོ་སྟངས་གསལ་བོར་ཁོང་དུ་ཆུད་པའི་ཕན་ནུས་ཡོད་པ་དང་། ད་དུང་བརྡ་སྤྲོད་ཀྱི་ཐ་སྙད་དག་ཀྱང་ཆ་ཇེ་ཚང་དང་ཁ་ཇེ་གསལ་དུ་འགྱུར་པའི་ཕན་པ་ཡོད་པ་ནི་སྨོས་མ་དགོས་པ་ཞིག་རེད། རྟགས་ཀྱི་འཇུག་པའི་སྐབས་ཀྱི་བྱ་བའི་ཡུལ་ཞེས་པ་ནི་གོང་དུ་བཤད་པ་ནང་བཞིན་ལས་ཀྱི་དངོས་པོའམ་ལས་རྒྱུའི་དངོས་པོ་ལ་ཟེར་ཏེ། མཁས་དབང་བསྟན་པ་རྒྱ་མཚོས“ལས་ཞེས་པ་ལས་རྒྱུའི་དངོས་པོ་དང་ཡང་ན་བྱ་བ་ལ་ཟེར།”ཞེས་གསུངས་ཡོད་མོད། ལས་ཞེས་པ་དེ་ལས་རྒྱུའི་དངོས་པོ་ལ་འཇུག་ན་བྱ་བ་ཨེ་འཇུག འདིའི་སྐབས་ཀྱི་བྱ་བ་ཞེས་པ་དེ་བྱ་བྱེད་ལས་གསུམ་གྱི་བྱ་བ་ཡིན་ན་མི་འགྲིག་པར་སྣང་སྟེ། དེའི་བྱ་བ་ནི་བྱ་ལས་དང་བྱེད་ལས་གཉིས་ཚོགས་ཀྱི་བྱ་བ་ལ་གོ་དགོས་པས། མཐའ་གཅིག་ཏུ་དངོས་པོ་གཞན་ཡིན་པའི་ངེས་པ་མེད་པ་དང་། ལས་ཀྱི་དངོས་པོ་ཞེས་པ་ནི་དངོས་པོ་གཞན་ཁོ་ན་ལ་གོ་བས་ཞིབ་ཆ་འབྱེད་མ་ཐུབ་པའི་སྐྱོན་ཞིག་འདུག་སྙམ། དེས་ན་རྟགས་འཇུག་སྐབས་སུ་བྱ་བྱེད་ལས་གསུམ་གྱི་ནང་གསེས་“ལས་”ཞེས་པ་དེ་ལ་བྱ་བའི་ཡུལ་ཟེར་ཏེ། བྱ་བ་བསྒྲུབ་པའི་ཡུལ་ཞེས་པ་བསྡུས་པར་མངོན་ལ། མཁས་དབང་པྲ་ཏིས།“བྱ་བ་བསྒྲུབ་པའི་ཡུལ་ལ་ནི།། ལས་ཀྱི་དངོས་པོ་ཞེས་པར་བརྗོད།།”ཅེས་དང་། ཕྱིས་ཀྱི་མཁས་དབང་ཉན་ཤུལ་མཁྱེན་རབ་འོད་གསལ་གྱིས་ཀྱང་།“གང་ལས་སམ་དངོས་པོ་གཞན་ལ་ལས་ཀྱི་ཐ་སྙད་འཇུག་པ་དང་”ཞེས་བྱ་བྱེད་ལས་གསུམ་གྱི་ལས་ནི་དངོས་པོ་གཞན་ལ་འཇུག་པ་གསལ་བོར་བསྟན་ཡོད། དེས་ན་རྟགས་འཇུག་སྐབས་སུ་ལས་ཀྱི་དངོས་པོ་ལ་བྱ་བའི་ཡུལ་ཞེས་སྔོན་ཆད་ནང་བཞིན་རང་སོར་འཇོག་པ་དང་། སུམ་ཅུ་བའི་སྐབས་སུ་རྣམ་དབྱེའི་རྐྱེན་གྱི་ཡི་གེ་སྦྱར་ཡུལ་ལ་བྱ་བའི་ཁ་གཏད་ས་ཞེས་དབྱེ་བ་ཕྱེ་ན་སུམ་ཅུ་བ་དང་རྟགས་ཀྱི་འཇུག་པའི་སྐབས་ཀྱི་བྱ་བའི་ཡུལ་ཞེས་མིང་གཅིག་མཚུངས་ཡིན་པའི་ཐ་སྙད་གཉིས་འབྱུང་བ་སོགས་དགོས་མེད་ཀྱི་ཉོག་དྲ་མང་པོ་མི་འབྱུང་པའི་དགེ་མཚན་ཆེ་བར་འདུག་སྙམ་པ་འདིའང་བརྡ་སྤྲོད་གཞུང་ལ་འཇུག་སྐབས་ཀྱི་འཆར་སྣང་ཞིག་ཟིན་བྲིས་སུ་ཕབ་པའོ། །
འབྲེལ་ཡོད་འོས་སྦྱོར།