logo

དགེ་རྒན་ཆེན་མོ་ཚེ་རིང་ལགས་ཀྱི་དཔྱད་རྩོམ།

རྩོམ་པ་པོ།:ཚེ་རིང་། ཡོང་ཁུངས།:འོད་འཛིན་རྩོམ་སྟེགས། དུས་ཚོད།:2022-06-30 ཀློག་གྲངས།:
༄༅། །ཐུ་བྷོད་ལོ་རྒྱུས་འབྱེད་པའི་ལྡེ་མིག་སྟེ་ཏུན་ཧོང་བོད་ཡིག་ཡིག་ཆ།
རྩོམ་པ་པོ། ཚེ་རིང་།
སྒྱུར་བ་པོ། ཁ་སྒང་སྟག་འབུམ་རྒྱལ།
 
གླེང་སློང་།
        ཏུན་ཧོང་བོད་ཀྱི་ཡིག་རྙིང་ནི་ད་ལྟར་རྙེད་སོན་བྱུང་བའི་ཤོག་བྲིས་ཡིག་རྙིང་རྣམས་ལས་ཆེས་སྔ་ཤོས་དེ་ཉིད་ཡིན་ཞིང་། དེ་ཡང་ནང་བསྟན་གསུང་རབ་དང་། ལོ་རྒྱུས་དཔེ་ཆ། གྲོས་ཡིག སྲིད་དོན། ཁྲིམས་ལུགས། མོ་རྩིས། ངག་རྒྱུན་གཏམ་རྒྱུད། བོན་ཆོས་ཆོ་ག རྩོམ་རིག ཡིག་བསྒྱུར། འཕྲིན་ཡིག་སོགས་ཐུ་བྷོད་ཀྱི་ལོ་རྒྱུས་དང་ཆབ་སྲིད། དཔལ་འབྱོར། རིག་གནས་སོགས་ནང་དོན་གྱི་ཡལ་ག་ཕྱོགས་མང་པོར་བསྲིངས་པའི་ཡིག་ཆ་ཞིག་སྟེ། ཐུ་བྷོད་ལོ་རྒྱུས་རིག་གནས་ཀྱི་ཕྱོགས་ལ་ཞིབ་འཇུག་བགྱི་བ་ལ་མེད་དུ་མི་རུང་བའི་རྒྱུ་ཆ་ནོར་བུ་རིན་པོ་ཆེ་ལྟ་བུར་གཅེས་སོ། །
        མིག་སྔར་ཀྲུང་གོ་དང་ཧྥ་རན་སི། དབྱིན་ཇི། ཨུ་རུ་སུ་སོགས་སུ་བསྡུ་གཉེར་གནངས་ཡོད་ལ། དེ་དག་ལས་ཀྱང་ལྷག་པར་ཧྥ་རན་སིར་ཉར་བའི་བོད་ཡིག་ཡིག་ཆ་དང་དབྱིན་ཇིར་ཉར་བའི་བོད་ཡིག་ཡིག་ཆ་གཉིས་ནི་བརྗོད་བྱ་ཕུན་སུམ་ཚོགས་ཤིང་ཞིབ་འཇུག་གི་རིན་ཐང་ངེས་ཅན་དུ་ལྡན་པ་གཉིས་ལགས་སོ། །
དང་པོ། ཏུན་ཧོང་བོད་ཡིག་ཡིག་རྙིང་གི་དཀར་ཆག་ལེགས་བསྒྲིགས་སྐོར་གྱི་གཡུར་ཟའི་འབྲས་བཟང་།
        ཧྥ་རན་སིར་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་རྙིང་གི་དཀར་ཆག་སྐོར་ལ་ཧྥ་རན་སིའི་བུད་མེད་ཞིབ་འཇུག་པ་ལཱ་ལོས་བསྒྲིགས་པའི«ཧྥ་རན་སིའི་རྒྱལ་བཙུགས་དཔེ་མཛོད་ཁང་གིས་ཉར་བའི་ཏུན་ཧོང་བོད་བྲིས་མཆན་བཀོད་དཀར་ཆག»ཅེས་པ་དང་། ཀྲུང་གོའི་བོད་རིག་པ་སྨྲ་བ་སྐུ་ཞབས་ཝང་ཡོ་ལགས་ཀྱིས་གཙོ་སྒྲིག་བྱས་པའི«ཧྥ་བོད་ཏུན་ཧོང་ཡིག་རྙིང་བརྗོད་འགྲེལ་དཀར་ཆག»ཅེས་པ་གཉིས་མཆིས་ཤིང་། དབྱིན་ཇིར་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་རྙིང་སྐོར་དེ་ཐོག་མར་བྷིར་ལྗིན་གྱི་མཁས་པ་ལཱོ་ཝེ་སི་ཕོ་སིན་ལགས་ཀྱིས་བསྒྲིགས་པ་ཡིན་ལ། འཛམ་གླིང་འཁྲུག་ཆེན་དང་པོའི་དུས་སྐབས་སུ་སྒྲིག་མགོ་བཙུགས་པ་ནས་མཐར་སྤྱི་ལོའི༡༩༦༢ལོར་འགྲུབ་པར་བྱས། དེའི་མིང་ཁ་ཚང་ལ«རྒྱ་གར་དོན་གཅོད་དཔེ་མཛོད་ཁང་གིས་ཉར་བའི་ཏུན་ཧོང་བོད་ཡིག་ལག་བྲིས་དཀར་ཆག“附榎一雄补”རྒྱ་ཡིག་དཀར་ཆག་ཟུར་བཀོད»ཅེས་བཀོད་འདུག་ཅིང་བསྡོམས་པས་དུམ་ཚན་བདུན་བརྒྱ་དང་རེ་ལྔ་བཞུགས་པ་སྟེ། ཡིག་རྙིང་རིགས་དབྱེ་མི་འདྲ་བ་ལྟར་སོ་སོར་མ་འཛིངས་པར་རྣམ་པར་བགར་བའི་ཁྱད་ཆོས་མངོན་པར་གསལ།
        དུས་རབས་ཉི་ཤུ་བའི་ལོ་རབས་བདུན་ཅུ་བའི་ནང་། འཇར་པན་ཤར་ཕྱོགས་རྒྱ་མཚོའི་རིག་མཛོད་ཀྱི་བོད་ལྗོངས་ཞིབ་འཇུག་ཚོགས་པས་རྩ་འཛུགས་སྣེ་ཁྲིད་ཀྱིས་ཧྲན་ཁུ་རེ་ཧྥིན(山口瑞风)སོགས་འབྲེལ་ཡོད་མཁས་པ་སྐོར་ཞིག་ལ་སྔ་ཕྱིར་ལོ་ངོ་བཅུའི་ཡས་མས་ཀྱི་དུས་ཚོད་ནང་སྐུ་ཞབས་སཱི་ཐན་དབྱིན་གྱིས་བསྡུ་ཉར་གནངས་པའི་དབྱིན་བོད་བོད་ཡིག་ཡིག་རྙིང་དེར་ཡང་བསྐྱར་བརྗོད་འགྲེལ་དཀར་ཆག་ཅིག་བཟོ་རུ་བཅུག་པ་སྟེ། མིང་ལ«སཱི་ཐན་དབྱིན་གྱིས་བསྡུ་ཉར་གནངས་པའི་བོད་ཡིག་ཡིག་རྙིང་བརྗོད་འགྲེལ་དཀར་ཆག»ཅེས་བཀོད་པ་དང་། སྤྱི་ལོའི༡༩༧༧-༡༩༨༨ལོའི་བར་ལ་དཔེ་དེབ་བཅུ་གཉིས་བཏོན་ནས་ཐར་ཐོར་དུ་ལུས་པའི་ཡིག་རྙིང་ཁ་ཤས་ཀྱི་མིང་གསར་དུ་དཀར་ཆག་དེར་བཅུག་སྟེ་དུམ་ཚན་གང་ཡིན་གྱི་གྲངས་ཀ་གསལ་བོར་བཏབ།
        གཞན་ཡང་། གསར་བསྒྲིགས་དབྱིན་བོད་ཏུན་ཧོང་བོད་ཡིག་ཡིག་རྙིང་གི་དཀར་ཆག་སྐོར་ལ་ལྗ་ཁོ་བྷི་ལྡོ་ཐོན་དང་སཱ་མི་བཱན་ཧྲེ་ཁུ་གཉིས་ཀྱིས་མཉམ་འབྲེལ་ངང་བསྒྲིགས་པའི«ཧུན་ཧོང་བོད་ཡིག་གསང་སྔགས་ལག་བྲིས་ཞེས་པ་ལས་ཏཱ་དབྱིན་དཔེ་མཛོད་ཁང་གི་སཱི་ཐན་དབྱིན་གྱི་བོད་ཕྱོགས་བརྗོད་འགྲེལ་དཀར་ཆག»ཅེས་པ་སྟེ། དབྱིན་བོད་ཡིག་རྙིང་ཁྲོད་ཀྱི་གསང་སྔགས་དང་འབྲེལ་བའི་ཡིག་ཆ་རྣམས་ལ་དག་སྒྲིག་དང་། ཆབས་ཅིག་དེ་དག་སོ་སོར་བོད་ཡིག་དང་ལེགས་སྦྱར་གྱི་མིང་ཇི་ལྟར་འགོད་སྟངས། བསྡུ་ཉར་གནས་ཚུལ། བཀའ་བསྟན་གྱི་དུམ་ཚན་གང་ལས་བཀྱེས་ཚུལ་སོགས་མ་འཁྲུགས་པར་གསལ་བོར་བཀོད་འདུག་པས། ཁོང་གཉིས་ནི་གསང་སྔགས་ཡིག་རྙིང་སྐོར་ལ་ཞིབ་འཇུག་གི་ཁུངས་སྣེ་དང་པོར་སྩོལ་མཁན་གྱི་མཁས་པ་སྔ་མའི་གྲས་ཤིག་གོ །
གཉིས་པ། པར་འདེབས་དང་གཞི་གྲངས་ཅན་གྱི་ལས་ཀ་ཤུགས་ཆེར་སྤེལ་བ།
        དཀར་ཆག་ཇི་ལྟར་བསྒྲིགས་པའི་གྲུབ་འབྲས་དག་དང་བསྡུར་ཚེ། ཧུན་ཧོང་བོད་ཡིག་ཡིག་རྙིང་གི་པར་འདེབས་ཀྱི་འགྲོས་ཚད་ཧ་ཅང་དལ་བུར་མངོན། དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུའི་ནང་། ཧྥ་རན་སིའི་མཱ་ཁུ་ཐང་ནཱ་དང་ཅིན་ཀྲི་ཡིག་ལང་གཉིས་ཀྱིས་བསྒྲིགས་པའི«ཏུན་ཧོང་ཐུ་བྷོད་ཡིག་རྙིང་བདམས་བཏུས»ཞེས་པ་གསར་དུ་བལྟམས་ཤིང་། ཏུན་ཧོང་ཡིག་རྙིང་པར་དུ་བཏབ་པ་རྣམས་ལས་གཞི་ཁྱོན་ཆེ་གྲས་སུ་ཆགས་པའི་དབང་གིས་འབྲེལ་ཡོད་ཞིབ་འཇུག་པའི་སྡེ་ལ་གཡོ་འགུལ་མི་དམན་པ་བསླངས།
        དེ་ལྟར་དུས་རབས་ཉེར་གཅིག་ནང་སླེབས་པ་ན་ད་གཟོད་ཧྥ་བོད་དང་དབྱིན་བོད་ཀྱི་ཡིག་རྙིང་ཕོན་ཆེ་པར་དུ་བཏབ་པ་སྟེ། སྤྱི་ལོའི༢༠༠༥ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་དང་། ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་། ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་། དབྱིན་ཇིའི་རྒྱལ་གཉེར་དཔེ་མཛོད་ཁང་སོགས་ཀྱིས་འབྲེལ་ཡོད་ཧྥ་བོད་དང་དབྱིན་བོད་ཀྱི་ཡིག་རྙིང་ཁ་ཚང་དཔར་དུ་བསྐྲུན་པར་སྔ་ནས་འཆར་གཞི་བཏང་ཞིང་མཐར་དཔར་དུ་བསྐྲུན་ཐུབ་པ་བྱུང་བས་སྔོན་ནས་བོར་ཟིན་པའི་ནོར་བུ་རིན་པོ་ཆེ་དག་ཡང་བསྐྱར་པར་འདེབས་ཀྱི་ལམ་ནས་ཕྱིར་རང་ཡུལ་ལ་འཕྲོད་པར་བྱས།
        སྤྱི་ལོའི༢༠༡༢ལོའི་བར། «ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་གི་ཏུན་ཧོང་བོད་ཡིག་ཡིག་རྙིང»ཞེས་པའི་དེབ་བཅུ་གསུམ་སྒོར་བཀྲམ་པ་དང་། འདི་ནས་ཕལ་ཆེར་ལོ་ངོ་གཉིས་ལྷག་ཕྱིན་པའི་དུས་ཚོད་ནང་གཞན་རྣམས་ཀྱང་མྱུར་མོར་དཔར་དུ་བསྐྲུན་ཐུབ་པར་ངེས། དེ་དང་འདྲ་བར«དབྱིན་ཇི་རྒྱལ་གཉེར་དཔེ་མཛོད་ཁང་གིས་ཉར་བའི་ཏུན་ཧོང་ནུབ་རྒྱུད་བོད་ཡིག་ཡིག་རྙིང»ཞེས་པའི་དེབ་བཞི་སྒོར་ལེགས་པར་བཀྲམ་ཐུབ་པ་བྱུང་།
        གཞན་ཡང་། ཏུན་ཧོང་ལག་བྲིས་མས་མཚོན་པའི་གནའི་ཡིག་རྙིང་མང་པོ་དྲྭ་ལམ་ནས་པར་རིས་ཀྱི་རྣམ་པས་བཀྲམ་པའི་དབང་གིས་གསལ་བོར་མཐོང་ཐུབ་པ་དང་། དེ་ལྟར་ཧྥ་བོད་དང་དབྱིན་བོད་ཀྱི་ཡིག་རྙིང་ཁ་ཚང་དང་ནུབ་བརྒྱུད་བོད་ཡིག་གི་ཡིག་རྙིང་བཅས“རྒྱལ་སྤྱིའི་ཏུན་ཧོང་ལས་གཞི”(The International Dunhuang Project)ཞེས་པའི་དྲྭ་ཐོག་ནས་བལྟ་བ་དང་བཙལ་བ་སོགས་བྱ་བ་གང་ཡང་ཚེགས་མེད་སྟབས་བདེའི་ངང་བྱེད་ཐུབ་པར་སྣང་།
        སྤྱི་ལོའི༢༠༡༢ལོར། “ཏུན་ཧོང་ཡིག་རྙིང་གྲངས་མཛོད་འཛུགས་བསྐྲུན”ཞེས་པའི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་མ་རྩའི་ལས་གཞི་གནད་ཆེན་ཏེ། རང་རེའི་བོད་ཡིག་གི་ཡིག་རྙིང་སྐོར་ཡང་གང་གི་ཁོངས་སུ་མ་ལུས་པར་འདུ་བ་དེ་ཉིད་དངོས་སུ་སྒོ་ཕྱེས་ཕྱིར། གཞི་གྲངས་ཅན་གྱི་བྱ་བའི་འཕེལ་འགྲོས་དང་བསྟུན་ནས་མ་འོངས་པར་ཏུན་ཧོང་བོད་ཡིག་གི་ཡིག་རྙིང་རྣམས་ཀྱང་ཇི་ལྟར་བཀོལ་བའི་ཐབས་ཚུལ་དག་ཇེ་བདེ་ནས་ཇེ་བདེར་འགྲོ་བ་ལ་ཐེ་ཚོམ་ཙམ་ཡང་མ་མཆིས་སོ། །
གསུམ་པ། བོད་ཡིག་ཡིག་རྙིང་ཞིབ་འཇུག་གི་ཐབས་ལམ་སྣ་ཆིག་རྐྱང་དུ་འཁུམས་པའི་རྣམ་པ་བསྒྱུར་བ།
        “ཏུན་ཧོང་རིག་པའི”སྤྱིའི་བབ་ནས་བསམ་ཚེ། ཏུན་ཧོང་བོད་ཡིག་ཡིག་རྙིང་སྐོར་གྱི་ཞིབ་འཇུག་གི་གནས་བབ་ཧ་ཅང་ཉག་ཕྲ་སྟེ། དེ་ལ་ཆེད་དམིགས་ཀྱིས་མཁས་པ་རེ་འགས་ཀྱང“ཏུན་ཧོང་བོད་ཡིག་ཡིག་རྙིང་ཞིབ་འཇུག་གི་གོམ་འགྲོས་ཧ་ཅང་བུལ་བ་དེས་ཏུན་ཧོང་སྤྱིའི་ཞིབ་འཇུག་གི་རྐང་བ་འཐེན་འདུག”ཅེས་དམར་རྗེན་འཛེམས་མེད་ངང་གསུངས་འདུག་པ་མ་ཡིན་ནམ། དེ་ལྟ་ནའང་ཉེ་བའི་ཆར་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་གི་ལས་གཞི་ཁག་དང་འབུམ་རམས་པའི་དཔྱད་རྩོམ་ཁ་བྱང་བདམས་པའི་ངོས་ནས་བལྟས་ན་ད་ཆར་ཏུན་ཧོང་ཞིབ་འཇུག་གི་སྐོར་ལ་ཚ་རླབས་གསར་བ་ཞིག་དྲག་ཏུ་འཕྱུར་བཞིན་པའི་རྣམ་པ་གསལ་བོར་མཐོང་།
        ཏུན་ཧོང་བོད་ཡིག་ཡིག་རྙིང་ལ་བརྗོད་བྱ་སྣ་ཚོགས་ཤིང་རིགས་དབྱེ་ཤིན་ཏུ་མང་པས་བྱེ་བྲག་རིག་ཚན་ག་གེ་མོའི་ཞིབ་འཇུག་གི་ཐབས་ལམ་སྣ་ཆིག་རྐྱང་ཙམ་གྱིས་དོན་ཡོངས་སུ་རྫོགས་པ་ཟིན་དཀའ་བར་སྣང་སྟེ། དེའང་ལོ་རྒྱུས་དང་། མཚན་ཉིད། སྐད་བརྡ། ཆོས་ལུགས། རྩོམ་རིག ཁྲིམས་ལུགས། ཆབ་སྲིད། གསོ་རིག སྐར་རྩིས་སོགས་རིག་ཚན་ཁྱབ་ཁོངས་ཧ་ཅང་རྒྱ་ཆེ་བར་སྣང་།
        སྔོན་གྱི་ཆ་ལ་ཞིབ་འཇུག་བགྱིས་པ་རྣམས་ཀྱང་ལོ་རྒྱུས་དང་རྩོམ་རིག་ཙམ་གྱི་མངའ་ཁོངས་ལས་ཆེར་བརྒལ་མ་ཐུབ་ལ། ཞིབ་འཇུག་གི་ཐབས་ལམ་ཡང་རྣམ་པ་ཆིག་རྐྱང་ཙམ་དུ་ལུས་ཕྱིར། ཡིག་རྙིང་གི་ནང་དོན་ལ་གོ་བ་ལེན་པ་དང་། འགྲེལ་བ་བསྐྱོན་པ། གདེང་འཇོག་སྤེལ་བ་སོགས་ཕྱོགས་ཡོངས་ནས་སྐྱོན་བྲལ་ཡང་དག་ཅིག་རྙེད་དཀའ་བར་འདུག དེ་བས། མ་འོངས་པའི་ཞིབ་འཇུག་གི་ཁྱབ་ཁོངས་ལ་ངེས་པར་རིག་ཚན་གསར་བ་གཞན་ཁ་སྣོན་དང་། རིག་ཚན་བརྗེ་སྣོལ། རིག་ཚན་གསར་བརྒལ་གྱི་ལམ་དུ་ཞུགས་ཏེ་སྔོན་གྱི་ཐབས་ལམ་གཅིག་རྐྱང་གི་རྣམ་པ་དེ་ཉིད་ཡོངས་སུ་བསྒྱུར་དགོས་སོ། །
བཞི་པ། བོད་ཡིག་ནང་བསྟན་གསུང་རབ་ཀྱི་ཞིབ་འཇུག་སྔར་བས་གཏིང་ཟབ་ཏུ་སྤེལ་བ།
        ཏུན་ཧོང་བོད་ཡིག་ཡིག་རྙིང་གི་བརྒྱ་ཆའི་དགུ་བཅུ་ཡན་ཆད་ནང་བསྟན་གྱི་ཕྱོགས་གཏོགས་ཡིན་པ་ལ། དེའི་སྔོན་གྱི་ཞིབ་འཇུག་ཁ་ཕྱོགས་གཙོ་བོར་འཇིག་རྟེན་གཙོ་བོར་བྱས་པའི་རྩོམ་ཡིག་སོགས་ཡིན་པས་ནང་བསྟན་ཡིག་རྙིང་སྐོར་ལ་དེ་འདྲའི་ཞིབ་འཇུག་ཆེར་མ་བྱུང་བར་ལུས། གང་ལྟར་ཡང་བོད་ཡིག་ནང་བསྟན་གསུང་རབ་ཀྱི་ལོ་རྒྱུས་དང་། འབྱུང་ཁུངས། འཕེལ་རིམ་སོགས་འཚོལ་བ་ལ་ངེས་པར་ཏུན་ཧོང་ཡིག་རྙིང་མེད་དུ་མི་རུང་བར། ཐུ་བྷོད་དུས་ཀྱི་ནང་བསྟན་འཕེལ་བའི་ལོ་རྒྱུས་དང་། རྒྱ་བོད་ནང་བསྟན་བརྗེ་རེས་སྐོར་གྱི་ལོ་རྒྱུས་སོགས་ལ་ཞིབ་འཇུག་གཏིང་ཟབ་ལོན་པ་ལ་འདི་ཉིད་ཕན་ཐོགས་བླ་ལྷག་ཏུ་མཆིས་པ་དང་། ཏུན་ཧོང་ཡིག་རྙིང་ཁྲོད་དུ་སྡེ་སྣོད་གསུམ་གྱིས་མཚོན་པའི་ནང་བསྟན་ཡིག་ཆ་ཕོན་ཆེན་པོ་བཞུགས་པས། དེ་དག་དང་ད་ཡོད་བོད་ཡིག་བཀའ་བསྟན་ཁྲོད་བཞུགས་པའི་སྡེ་སྣོད་གསུམ་གྱི་མ་དཔེ་གཉིས་ཕན་ཚུན་ཞིབ་བསྡུར་ལེགས་པོར་བགྱིས་ནས་དེ་དག་གི་ཁྱད་པར་དང་ལྷག་པར་དུས་རིམ་སོ་སོའི་འཕེལ་རིམ་སོགས་ཅིས་ཀྱང་གསལ་ཆོད་ཅིག་འཚོལ་བར་གལ།
        དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུ་བའི་ནང་། འཇར་པན་མཁས་པས་བོད་ཡིག་ཐོག་བྲིས་པའི་སྒོམ་འབྲེལ་ཡིག་ཆའི་སྐོར་ལ་ཞིབ་འཇུག་གྲུབ་འབྲས་མི་དམན་པ་བླངས་ཟིན་ནའང་། ཏུན་ཧོང་ཡིག་རྙིང་ནང་བཞུགས་པ་དེ་དག་ལ་ད་དུང་ཡང་ཁྱོན་ཡོངས་འཐུས་ཚང་གི་ཞིབ་འཇུག་གཏིང་ཟབ་ཅིག་བྱུང་མེད་པས་དཔྱད་བྱའི་གནས་མང་པོ་ཤུལ་དུ་ལུས། ད་ལྟའི་ཆ་ལ་ཕྱི་གླིང་གི་མཁས་པ་སྐོར་ཞིག་གིས་ཏུན་ཧོང་སྒོམ་ཡིག་གི་ཕྱོགས་ལ་དོ་སྣང་གང་འཚམ་མཛད་པ་སྟེ། སྐུ་ཞབས་རོ་བྷར་ཐཱི(Robert Mayer)ཡིས་སྣེ་དྲངས་པའི་འབྲེལ་ཡོད་མཁས་པ་སྐོར་ཞིག་གིས་ཏུན་ཧོང་བོད་ཡིག་གི་སྒོམ་ཡིག་སྐོར་ལ་དཔྱད་པ་གང་འཚམ་སྔ་ནས་བཏང་འདུག་པ་དང་། དེ་འབྲེལ་ཐུ་བྷོད་དུས་ཀྱི་སྔགས་ཡིག་དང་རྙིང་མ་བའི་ཡིག་ཆ་གཉིས་ཀྱི་བར་ལ་གཅིག་ཁུངས་གཅིག་གིས་བྱས་པའི་འགྲེལ་བའང་བསྐྱོན་འདུག་པར་མཆིས།
        དེ་བཞིན་དུ་རྒྱལ་ནང་གི་ཞིབ་འཇུག་པ་ཚོས་ནང་བསྟན་དང་འབྲེལ་བའི་བསྔོ་སྨོན་གསོལ་འདེབས་དང་། ཆོས་བཤུ་ཐོ་བཀོད། གཞན་ད་དུང་ནང་བསྟན་ཡིག་ཆ་འགའ་ཤས་ཐོག་ཞིབ་འཇུག་གྲུབ་འབྲས་གང་འཚམ་ཐོབ་ཡོད་ནའང་བོད་ཡིག་ཐོག་ཕབ་པའི་ནང་བསྟན་ཡིག་རྙིང་མང་པོ་ཞིག་སྔར་བཞིན་དཔྱད་པ་ཞིབ་འཇུག་ཅི་ཡང་བཏང་མེད་པར་ལུས་འདུག་ཕྱིར། ཏུན་ཧོང་བོད་བྲིས་ནང་བསྟན་གསུང་རབ་ནི་རྗེས་ཀྱི་ལོ་ཟླ་མང་པོའི་ནང་ངེས་པར་ཞིབ་འཇུག་བགྱི་སའི་གནད་དམ་པར་གཟུང་བར་འགྱུར་ཏེ་ལྷག་པར་དེ་དག་གི་ནང་རོལ་ཏུ་ཐེག་པ་ཆེ་ཆུང་གི་ཆོས་སྐོར་དང་གསང་སྔགས་ཡིག་ཆའི་སྐོར་མང་པོ་བཞུགས་པ་རྣམས་དེ་བས་ཀྱང་རིན་ཐང་ཆེ་བའི་དཔྱད་གཞིར་མཐོང་ངོ་། །
ནོར་བ་ཅི་མཆིས་དགོངས་དག་དང་བཅས་བསྒྱུར་པ་བོས།
འབྲེལ་ཡོད་འོས་སྦྱོར།