logo

༄༅། །མིའི་རིགས་ཀྱི་གདོད་མའི་སྤྱི་ཚོགས་ཀྱི་འཕེལ་རིམ་རགས་བསྡུས་སུ་བཀོད་པ།

རྩོམ་པ་པོ།:ཡེ་ཤེས་ཉི་མ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2022-07-20 ཀློག་གྲངས།:
༡ ཐོག་མའི་གླེང་སློང་བ།
        རང་རེ་འཚོ་ཞིང་གནས་པའི་གོ་ལ་ཟླུམ་པོ་འདི་ནི་ཧ་ལམ་ལོ་ངོ་དུང་ཕྱུར135ཡི་གོང་ནས་སྲིད་པའི་འབར་གས་ཆེན་མོ་ཞེས་པ་ཞིག་བྱུང་བའི་རྗེས་སུ་འཇིག་རྟེན་གྱི་ཁམས་ཆེན་མོའི་རྫས་དང་ནུས་པ། དུས་དང་ཡུལ་སོགས་རྩ་བའི་ཁྱད་ཆོས་ཀྱི་དངོས་ལུགས་རིག་པའི་གོ་རིམ་ལས་རྫས་འགྱུར་གྱི་རིམ་པ་དང་མ་རྡུལ་གྱི་འཇིག་རྟེན་ལས་སྐྱེ་དངོས་འཕེལ་རིམ་གྱི་རྣམ་པར་གྲུབ་ཅིང་སྐྱེ་ལྡན་དང་ཚེ་སྲོག་ཡོངས་ཀྱི་ཁྱིམ་གཞིས་སུ་གྱུར་བའི་ད་ལྟའི་ཟླུམ་གཟུགས་ཀྱི་གོ་ལ་འདི་གྲུབ་པ་ཡིན་ནོ། །དེ་ལྟ་བུའི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་དུ་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ལ་གལ་ཆེ་བའི་གསར་བརྗེ་ཐང་གསུམ་བྱུང་ལ་དང་པོ་ནི་ལོ་ངོ་ཁྲི་བདུན་གྱི་སྔོན་ནས་བྱུང་བའི་མྱོང་རྟོག་གསར་བརྗེ་སྟེ་ཕན་ཚུན་འབྲེལ་འདྲིས་དང་བསམ་གཞིག་བྱེད་སྟངས་གསར་བ་ཞིག་བྱུང་བ་ལ་ཟེར་ཞིང་། གཉིས་པ་ལོ་ངོ་ཁྲི་གཅིག་གི་སྔོན་ཙམ་ནས་བྱུང་བའི་ཞིང་ལས་གསར་བརྗེ་སྟེ་འཚོ་བའི་གནས་སྟངས་ལ་འགྱུར་ལྡོག་ཐེབས་ཤིང་ཞིང་ལས་ཐོན་སྐྱེད་ཀྱི་འཚོ་བའི་བྱ་བཞག་གསར་བ་ཞིག་བྱུང་བ་ལ་ཟེར། གསུམ་པ་ལོ་ངོ500ཙམ་ནས་བྱུང་བའི་ཚན་རིག་གསར་བརྗེ་སྟེ་དངོས་ལུགས་རིག་པའི་ཚ་རླབས་གསར་བ་ཞིག་འཕྱུར་བའི་གོ་དོན་དུ་བཤད་ན་ཕར་ཆེར་འགྲིག་པར་སྙམ་མོ། །གང་ལྟར་ལོ་རྒྱུས་ཀྱི་གོམ་སྟབས་ལོ་ངོ་འབུམ་ཕྲག་མང་པོར་བརྒལ་རྗེས་འགྲོ་བ་མིའི་རིགས་ཅེས་པའི་སྲོག་ཆགས་འདི་ནི་ས་གཞི་ཁྱོན་ཡོངས་ཀྱི་བདག་པོ་ལྟ་བུར་གྱུར་ནས་ས་སྒང་གི་སྲོག་ཆགས་དང་སྐྱེ་ལྡན་ཡོངས་ཀྱི་རང་དབང་ལ་ཁ་ལོ་བསྒྱུར་བའི་ད་ལྟའི་དངོས་ཡོད་ཀྱི་གནས་སྟངས་འདི་བྱུང་བ་ཡིན། འོ་ན། མི་ནི་དེ་འདྲའི་སྟོབས་ལྡན་ཞིག་ཏུ་ཐོག་མ་ནས་ཡིན་ནམ་ཞེ་ན་མ་ཡིན་ཏེ། དེ་ནི་རྒྱུ་རྐྱེན་གང་མང་ཞིག་གིས་ད་གཟོད་ཆེས་སྟོབས་ཆེ་བའི་མཐོ་རིམ་སྲོག་ཆགས་སུ་གྱུར་བ་ཡིན་ལ། ད་ནི་དེ་འདྲའི་མིའི་སྲོག་ཆགས་སམ་འཛམ་གླིང་མིའི་རིགས་ཀྱི་ཐོག་མའི་འབྱུང་ཁུངས་དང་གདོད་མའི་སྤྱི་ཚོགས་ཀྱི་རྣམ་པ། དེ་དག་གི་འཚོ་བའི་གནས་སྟངས་དང་རང་བྱུང་ཆོས་ལུགས་ཀྱི་དད་མོས་སོགས་ཀྱིས་ཐེངས་འདིའི་བརྗོད་དོན་གྱི་དཀྱིལ་སྙིང་བཟུང་ཞིང་དེ་དག་ལ་ཡང་མིའི་རིགས་རིག་པ་བ་དག་གི་ལྟ་གྲུབ་ཀྱི་འགལ་མཚམས་གང་དག་ཡོད་པ་སོགས་ཀྱིས་ཟུར་བརྒྱན་དེ་འཛམ་གླིང་མིའི་རིགས་ཀྱི་གདོད་མའི་སྤྱི་ཚོགས་ཀྱི་འཕེལ་རིམ་དེ་གླེང་རྒྱུ་ཡིན།
        དེས་ན་འདིར་མིའི་རིགས་ཀྱི་ཚེ་སྲོག་གི་འབྱུང་ཁུངས་ནི་འཛམ་གླིང་གི་ཤེས་རིག་སོ་སོའི་ཁྱབ་ཁོངས་སུ་ལྟ་ཚུལ་མི་འདྲ་བ་མཆིས་ཤིང་དེ་ལ་སྒྲུབ་བྱེད་ཀྱི་རྟགས་དང་གཏན་ཚིགས་འགོད་ཚུལ་སོགས་རིག་ཚན་མི་འདྲ་བ་མང་པོ་ཡོད་ལ། དཔེར་ན་སངས་རྒྱས་ཆོས་ལུགས་ཀྱིས་འོད་གསལ་ལྷ་ལས་མཆེད་པར་འདོད་པ་དང་། ཡེ་ཤུ། ཁ་ཆེ། རྗེའུ། ཧུན་དྷིའི་ཆོས་ལུགས་སོགས་ཀྱིས་འཇིག་རྟེན་བྱེད་པོའི་བཟོས་པ་དང་ནུབ་ཕྱོགས་འཕེལ་འགྱུར་རིག་པ་བས་དམའ་རིམ་སྲོག་ཆགས་ལས་འཕེལ་འགྱུར་བྱུང་བ་དང་ཡང་རང་རེ་བོད་གངས་ཅན་གྱིས་གནའ་བོའི་དུས་ནས་སྤྲ་དང་སྤྲེའུ་ལས་མཆེད་པར་འདོད་པ། ད་དུང་གཞན་འགའ་རེས་གོ་ལ་གཞན་པའི་མིའི་རིགས་རྒྱུད་ལས་མཆེད་པར་འདོད་པ་སོགས་བསམ་ཚུལ་དང་ལྟ་ཚུལ་མི་འདྲ་བ་བགྲང་ལས་འདས་པ་ཞིག་ཡོད་ལ་ཡོད་ཀྱང་འོས་སོ། །དེས་ན་སྐབས་འདི་ནི་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ཀྱི་འཕེལ་རིམ་འཆད་པའི་སྐབས་ཡིན་པས་མིའི་རིགས་ཀྱི་བྱ་བྱེད་ལས་གསུམ་དང་མཐོང་ཐོས་མྱོང་གསུམ་གྱི་མྱོང་ཚོར་གཞིར་བཞག་གི་ཐོག་ནས་བདེན་དོན་ཁུངས་འཁྱོལ་ཨེ་ཡོང་བལྟ་རྒྱུ་ནི་ཐེངས་འདིའི་ངའི་དམ་ཚིག་གི་གཙོ་བོའི་ནང་གི་གཙོ་བོ་ཡིན། དེ་བས་ལོ་རྒྱུས་དངོས་གཙོ་སྨྲ་བ་དང་ལྷག་པར་དུ་ཆེས་མཐོ་བའི་ཚན་རིག་རང་བཞིན་གྱི་ལོ་རྒྱུས་རིག་པ་ནི་སྐབས་འདིར་རང་ཉིད་སྐྱབས་སུ་འགྲོ་ཡུལ་གྱི་གཙོ་བོ་ཡིན་པས་དེས་ན་རང་གི་ཆོས་ལུགས་ལ་ཞེན་ཁོག་རི་ལས་ལྕི་བ་ཙམ་རེ་སེམས་སུ་ཉར་ཞིང་སྒྲུབ་བྱེད་ཕྱོགས་རེ་བ་ཙམ་ལ་ཡིད་གཏད་པའི་མཁས་བླུན་སུ་ཡིན་ཡང་ང་ལ་དངོས་གཙོ་སྨྲ་བའི་མཐའ་ལ་ལྷུང་བའི་ལྟས་ངན་དང་ལྟ་ལོག་གི་སྡང་མིག་འཕེན་བཞིན་མཚང་འབྲུ་དང་དམོད་སྔགས་ཀྱི་མདའ་མོ་མི་འཕེན་པའི་རེ་ཞུ་ཡང་ཡང་བྱས་པ་ཡིན།
༢ མིའི་རིགས་སུ་འཕེལ་འགོ་རྩོམ་པའི་དུས།
        དེས་ན་ང་ཚོ་འགྲོ་བ་མིའི་རིགས་ཐོག་མར་གང་ལས་བྱུང་བ་དང་དུས་ཇི་ཙམ་ཞིག་ནས་བྱུང་བ། དེ་ནས་ཚུལ་ཇི་ལྟར་འཕེལ་རྒྱས་སུ་བྱིན་པ་འདི་དག་ལ་རེ་རེ་བཞིན་དུ་བདེན་དཔང་གི་དན་རྟགས་གང་འདྲ་ཡོད་ཅེ་ན་ངས་ནི་ས་སྒང་འདིའི་སྟེང་གི་འགྲོ་བ་མིའི་རིགས་ནི་གནའ་བོའི་སྤྲ་དང་སྤྲེའུ་ལས་མཆེད་པར་འདོད་ཅིང་དེ་འདྲའི་གླེན་ཞིང་ལྐུགས་པའི་དུད་འགྲོ་ཞིག་ལས་རིམ་གྱིས་མིའི་རིགས་སུ་འཕེལ་བའི་གོ་རིམ་ནི་ལོ་ངོ་ས་ཡ་མང་པོའི་དུས་ཀྱི་འགྲོས་དང་བསྟུན་ནས་འོང་བ་ཞིག་ཡིན་ཅིང་མིའི་རིགས་སུ་འཕེལ་འགོ་རྩོམ་པའི་དུས་ནི་ལོ་ངོ་ས་ཡ་དྲུག་ལ་རིགས་འདེད་བྱེད་ཆོག་པ་ཞིག་ཡིན་ནམ་སྙམ་མོ། །དེའི་རྒྱུ་མཚན་ནི་ཐོག་མར་ཨ་ཧྥེ་རི་ཁའི་གླིང་ཆེན་གྱི་ཐན་ཟ་ཉི་ཡའི་ཨོ་ཏུའུ་ཝེའི་གྲོག་རོང་ནས་རྙེད་པའི་མགོ་རུས་ཀྱི་འགྱུར་རྡོ་སོགས་གླིང་ཆེན་སོ་སོ་དང་གླིང་ཕྲན་སོ་སོ་རུ་རྙེད་པའི་མི་རུས་ཀྱི་འགྱུར་རྡོ་སོགས་ཀྱིས་གླིང་དང་གླིང་ཕྲན་སོ་སོ་རུ་མིའི་རིགས་བྱུང་ནས་དུས་ཅི་ཙམ་ཞིག་སོང་ཡོད་པ་དུས་བརྟག་རིགས་རྫས་ལས་བདེན་པ་ར་སྤྲོད་བྱེད་ཐུབ་བོ། །1959ལོར་དབྱིན་ཇིའི་གནའ་དཔྱོད་རིག་པ་བ་མ་རཱོས་ལེ་ཁེ་ནས་གསར་རྙེད་བྱུང་བའི་མགོ་རུས་ཀྱིས་གནས་དེར་མིའི་རིགས་བྱུང་ནས་ལོ་ངོ་ས་ཡ་གཅིག་ཙམ་ལ་རིག་འདེད་བྱས་ཤིང་། རིམ་གྱིས་ཨ་ཧྥེ་ལྷོ་རྒྱུད་དུ་གནའ་བོའི་མིའི་རིགས་ཀྱི་རུས་པ་མང་པོ་ཞིག་སྔོག་འདོན་བྱས་ཤིང1970ནང་གསར་རྙེད་བྱུང་བའི་མི་རུས་ཀྱིས་གནས་དེར་མིའི་རིགས་འཕེལ་འགོ་བརྩམས་ནས་ལོ་ངོ་ས་ཡ་བཞིའི་དུས་ལ་ཡར་འདེད་བྱེད་ཐུབ་ཡོད། 2002ལོར་རྙེད་པའི་གནའ་བོའི་མི་རུས་ཏེ་ཏེ་ས་ཧར་གྱི་མི་རུས་ཀྱིས་གནས་དེར་མིའི་རིགས་སུ་འཕེལ་འགོ་བརྩམས་ནས་ལོ་ངོ་ས་ཡ་དྲུག་ལ་རྒྱུད་འདེད་བྱེད་ཐུབ་ཡོད། དེ་བཞིན་དུ་རང་རེའི་ཡ་གླིང་ཤར་རྒྱུད་ཀྱི་གནའ་བོའི་པེ་ཅིང་སྤྲ་མིའི་མི་རུས་ཀྱི་འགྱུར་རྡོ་དེ་ཡིས་གནས་དེར་མིའི་རིགས་བྱུང་འགོ་བརྩམས་ནས་ལོ་ངོ་འབུམ་ལྔ་སོང་བའི་བདེན་པ་ར་སྤྲོད་བྱས་ཡོད། ད་དུང2004ལོར་ཡ་གླིང་ཤར་རྒྱུད་ཀྱི་ཧུན་དྷུ་ཉི་ཞ་ཡའི་ཧྥོ་ལོ་རེ་སའི་གླིང་ཕྲན་ནས་རྙེད་པའི་མི་རུས་ཀྱིས་གནས་དེར་མིའི་རིགས་སུ་འཕེལ་འགོ་བརྩམས་ནས་ལོ་ངོ་ས་ཡ་གཅིག་ལྷག་སོང་བ་ར་སྤྲོད་བྱས་ཡོད། 1856ལོར་ཡོ་རོབ་གླིང་གི་འཇར་མན་རྒྱལ་ཁབ་ཀྱི་ནཱེ་ཨན་ཏི་ཐིའི་གྲོག་རོང་ནས་རྙེད་པའི་མི་རུས་ཀྱིས་གནས་དེར་མིའི་རིགས་བྱུང་ནས་ལོ་ངོ་འབུམ་གཅིག་ལྷག་སོང་བར་ར་སྤྲོད་བྱས་ཡོད། དེ་བཞིན་དུ1868ལོར་ཧྥ་རན་སིའི་ཁི་རོ་མག་ནོན་བྱ་བའི་སྡེ་བ་ནས་གསར་དུ་རྙེད་པའི་འགྱུར་རྡོ་ཡང་རྡོ་ཆས་རྙིང་མའི་འགྱུར་རྡོ་ཞིག་ཏུ་ར་སྤྲོད་ཐུབ་ཡོད་ཅིང་། འདི་ལྟར་མིའི་རིགས་བྱུང་ནས་དུས་ཚོད་ག་ཙམ་ཕྱིན་ཡོད་པ་གོང་གསལ་ལྟར་དངོས་ཡོད་ཀྱི་བདེན་དཔང་འདི་དག་གིས་ཕར་ཚོད་དཔག་ཙམ་མ་ཡིན་པར་ཁ་ཚུར་གྲགས་པ་ལྟ་བུ་ཞིག་ཏུ་ཆགས་ཡོད། ད་དུང་རྒྱུ་ཆ་དང་བདེན་དཔང་གསར་བ་རེ་རྙེད་ན་ལོ་ངོ་དུང་ཕྱུར་དང་ཐེར་འབུམ་མང་པོར་རིགས་འདེད་བྱེད་ཆོག་ལ་དེ་ལྟར་བྱེད་ཐུབ་པའི་རེ་བ་དང་ཡིད་ཆེས་ཀྱིས་བློ་ཁོག་གང་ཡོད།
༣ རིགས་རྫསDNAཡི་དབྱེ་ཞིབ་དང་དེའི་གྲུབ་དོན།
        སྤྱིར་མིའི་རིགས་ཀྱི་ཐོག་མའི་འབྱུང་ཁུངས་ཡང་གླིང་ཆེན་དང་གླིང་ཆུང་སོ་སོར་གང་ཡིན་ཐད་དུ་མིའི་རིགས་རིག་པ་བ་དག་ལ་མཚོན་ན་ལོ་རྒྱུས་ཀྱི་དྲི་རྟགས་གལ་ཆེན་ཞིག་ཏུ་ཆགས་ཡོད་ཅིང་དངོས་ཡོད་ཀྱི་བདེན་དོན་ལ་གཞི་བཅོལ་ནས་བལྟས་ཚེ་ད་ལྟ་རྙེད་ཡོད་པའི་བདེན་དཔང་གི་བམ་ཚད་དང་གཞལ་ན་ཐོག་མར་བྱུང་སའི་གནས་ནི་ཨ་ཧྥེ་རི་ཁའི་གླིང་ཆེན་ནས་མཆེད་པ་དང་དེང་གི་འཛམ་གླིང་ཤར་ནུབ་ཀྱི་མིའི་རིགས་རྒྱུད་ནི་གནའ་བོའི་ཧྥེ་གླིང་གི་ཤེས་མི་དང་རིགས་རྒྱུད་གཞི་གཅིག་ཏུ་འདྲེས་པར་ཁས་ལེན་མ་བྱས་ཐབས་མེད་ཅིག་ཏུ་ཆགས་ཡོད་དེ་གཤམ་ནས་བཀོད་པའི་ལོ་རྒྱུས་ཀྱི་བདེན་དཔང་བཙན་པོ་དེ་དག་མཐོང་ཚེ་བདེན་པའི་མགོ་ལྕོག་ཡང་ཡང་མི་ལྡེམ་པའི་རང་དབང་ག་ལ་ཡོད། དེའི་ཕྱིར་འཕེལ་འགྱུར་རིག་པ་བ་ཏར་ཝན་གྱིས་ཀྱང་མིའི་རིགས་ཀྱི་ཐོག་མའི་འབྱུང་ཁུངས་ཨ་ཧྥེ་རི་ཁ་ནས་ཡིན་པར་བཤད་ཡོད་ལ་རྒྱུད་འདེད་སྨྲ་བའི་ཞིབ་འཇུག་པ་དག་གིས་ཀྱང་དེ་ལྟར་བཤད་ཡོད། ཨ་རིའི་ཚན་རིག་པ་ཝ་ལེ་སུ་དང་ཝེའོ་སོན་གཉིས་ཀྱིས་ཕྲ་ཕུང་ཚུལ་སྣའི་ཁྲོད་ཀྱི་རྒྱུད་འདེད་དངོས་པོ་སྟེ་ཉིང་སྐྱུརDNAལ་དབྱེ་ཞིབ་བྱས་རྗེས་དེང་རབས་ཀྱི་མིའི་མེས་པོ་ནི་ལོ་ངོ་ཁྲི་བཅོ་ལྔའི་སྔོན་གྱི་ཧྥེ་གླིང་ཨེ་ཝ་ཟེར་བའི་བུད་མེད་ཅིག་ལ་ཐུག་འདུག་ཚུལ་བསྟན་ཡོད། དབྱི་སི་རལ་གྱི་ལོ་རྒྱུས་རིག་པའི་འབུམ་རམས་པ་ཡུ་བལ་ནོ་ཨ་ཧ་ར་རེས་ལགས་ཀྱིས་ཀྱང་དེང་རབས་མིའི་རིགས་ཀྱི་མཆེད་ཁུངས་ནི་ཨ་ཧྥེ་རི་ཁའི་གླིང་ལ་ངོས་འཛིན་བྱས་ཡོད། ཕྱིས་སུ་ཁམ་རོས་ཊི་སློབ་ཆེན་གྱི་ཞུབ་འཇུག་པ་གསུམ་གྱིས་དེང་རབས་མིའི་རིགས་ཧྥེ་གླིང་ནས་འཛམ་གླིང་གི་ཕྱོགས་སོ་སོར་མཆེད་པའི་ས་བབ་དང་དེ་འབྲེལ་མི་གྲངས་གཞི་རྒྱའི་ཐད་ལ་དབྱེ་ཞིབ་དང་རྟགས་དཔྱད་གནང་བའི་རྩོམ་ཡིག་ཅིག་བཀོད་ཅིང་དཔྱད་འབྲས་དེ་ལས་ཨེ་སོ་ཕུ་ཡ་དང་ཐག་རིང་བའི་མི་དང་ཨེ་སོ་ཕུ་ཡའི་མིའི་གཞི་རྒྱུའི་ཐད་ལ་ཧ་ལམ་ཁྱད་པར་མེད་པར་མཐོང་བ་རེད། དོན་འདི་ནི་མིའི་རིགས་ཐོག་མར་ཨ་ཧྥེ་རི་ཁའི་གླིང་ནས་བྱུང་བར་སྨྲ་བའི་ལྟ་ཚུལ་ལ་སྒྲུབ་བྱེད་ཀྱི་སྣོན་མ་གལ་ཆེན་ཞིག་ཏུ་ཆགས་ཡོད། ཧྲང་ཧེའི་ཧྥུ་ཏན་སློབ་ཆེན་གྱིས་ཞིབ་འཇུག་བྱས་རྗེས་ཀྲུང་གོའི་བྱང་རྒྱུད་དང་ལྷོ་རྒྱུད་ཀྱི་མི་ཁྲི་གཅིག་ཙམ་གྱི་ཁྲག་དཔེ་ལDNAརུ་དབྱེ་ཞིབ་བྱས་ཡོད་ཅིང་ད་ལྟའི་ཀྲུང་གོའི་མི་ནི་ཧྥེ་གླིང་ནས་མཆེད་པར་འདོད་ཅིང་གནའ་བོའི་པེ་ཅིང་སྤྲ་མི་སོགས་ནི་འཁྱག་ཀླུང་དུས་རབས་ནང་རྩ་སྟོང་དུ་ཕྱིན་པར་ང་ཚོའི་མེས་པོ་མིན་པའི་ཁྱབ་བསྒྲགས་བྱས་ནས་སྡོམ་ཚིག་བཀོད་པ་རེད། དེས་ན་དེང་རབས་མིའི་རིགས་འདི་ཐོག་མར་གང་ནས་མཆེད་པའི་གྲུབ་དོན་དེ་དག་ནི་རྨོངས་དད་ཙམ་གྱིས་ཡིད་ཆེས་བྱས་པ་ཞིག་ག་ལ་ཡིན་ཏེ། རིགས་རྫས་ཀྱི་རྒྱུད་འདེད་དང་ཁྲག་རིགས་ཀྱི་རྫས་འགྱུར་སོགས་རིམ་པ་མཐོ་བའི་རྫས་འགྱུར་རིག་པའི་སྲོག་ཤིང་བཟུང་ཞིང་། ཚོད་ལྟ་དང་དབྱེ་ཞིབ་མང་པོས་ཟུར་བརྒྱན་དེ་ད་གཟོད་དངོས་སྟོབས་ཀྱི་གྲུབ་དོན་ལས་རྙེད་པ་ཞིག་ཡིན་པས་ད་ལྟ་མིའི་རིགས་ཀྱི་ལོ་རྒྱུས་རིག་པ་བ་དག་ཁས་འཆེ་བའི་གཙོ་རྒྱུགས་ཀྱི་ལྟ་བ་ནི་ཧྥེ་གླིང་ནས་མཆེད་པའི་ལྟ་ཚུལ་འདི་ཁོ་ན་ཡིན་ནོ། །དེ་ལྟར་མཆེད་ཚུལ་ཡང་ཧྥེ་གླིང་ནས་ཡོ་རོབ་དུ་མཆེད་ཅིང་དེ་ནས་ཡ་གླིང་ནུབ་རྒྱུད་དུ་མཆེད། དེ་ནས་ཡ་གླིང་ལྷོ་རྒྱུད་ནས་ཤར་རྒྱུད་དུ་མཆེད་ཅིང་རིམ་གྱིས་ཡ་གླིང་ཤར་རྒྱུད་ནས་ཨོ་སི་ཁྲི་ལི་ཡ་དང་མེ་གླིང་བྱང་མ་དང་དེ་ནས་མེ་གླིང་ལྷོ་མ་རུ་མཆེད་ཅིང་འདི་ལྟར་སའི་གོ་ལར་གཡོན་བསྐོར་གྱི་རྣམ་པའི་སྒོ་ནས་མཆེད་པ་ཞིག་ཡིན་ནོ། །འདི་ལྟར་གླིང་ཆེན་དང་གླིང་ཆུང་སོ་སོར་ཧྥེ་གླིང་གི་ཤེས་མི་སླེབས་པའི་ལོ་ཚིགས་རགས་ཙམ་བཀོད་ན་མིའི་རིགས་འདི་ཨོ་སི་ཁྲུ་ལི་ཡར་བསླེབས་ནས་ལོ་ངོ45000ཙམ་ཕྱིན་ཡོད་ཅིང་ཧིན་དྷུ་ཉི་ཞི་ཡ་རུ་བསླེབས་ནས་ལོ་ངོ45000ཕྱིན་ཅིང་ཉི་ཧོང་གླིང་དུ་སླེབས་ནས་ལོ་ངོ35000སོང་། ལོ་ངོ12000ཡར་སྔོན་དུ་མེ་གླིང་ཆེས་ལྷོ་མཐའི་ཧུ་ཏུ་གླིང་ཕྲན་དུ་སླེབས་ཡོད། དེ་ལྟར་སླེབས་པའི་ཤེས་མི་དག་ནི་ང་ཚོའི་མེས་པོ་ངོ་མ་དེ་ཡིན་ནོ། །འོ་ན། ཁོ་ཚོར་འཛམ་གླིང་གི་སྐྱེ་དངོས་ཡོངས་རྫོགས་ལ་དབང་བྱེད་ཐུབ་པའི་ནུས་པ་ཇི་ལྟར་ཡོད་སོང་བ་རེད་ཅེ་ན། དེ་ནི་ཁོ་ཚོའི་བསམ་གཞིག་གི་ཤེས་རབ་དེ་གཞན་ལས་ཁྱད་འཕགས་ཀྱི་རྣམ་པ་དོད་པོ་ཡོད་ཅིང་དཔའ་ཞིང་རྟུལ་ཕོད་པའི་རྨུ་རྒོད་ཀྱི་རང་གཤིས་དེས་ད་གཟོད་ཁོ་ཚོའི་མིའི་རིགས་རྒྱུད་དེ་འཛམ་གླིང་ཡོངས་སུ་ཁྱབ་ཐུབ་སོང་བ་རེད། ཡང་འོ་ན་གནའ་བོའི་དུས་སྐབས་སུ་ས་སྒང་འདིར་མིའི་རིགས་རྒྱུད་གཅིག་ལས་མེད་དམ་ཞེ་ན་ག་ལ་ཡིན་ཏེ། དེ་ནི་ཨན་ཏི་ཐི་པའི་མིའི་རིགས་རྒྱུད་དང་ཏན་ཉི་སཱོ་ཝ་པའི་མིའི་རིགས་རྒྱུད་སོགས་མ་མཐའ་ཡང་རིགས་རྒྱུད་མི་འདྲ་བ་བདུན་ཙམ་མཆིས་བར་འདོད་དོ། །འོན་ཀྱང་རིགས་རྒྱུད་གཞན་དག་ས་སྒང་འདིར་རྩ་མེད་དུ་སོང་ཞིང་དེའི་དཔེ་མཚོན་གཙོ་བོ་གཅིག་ནི་ནཱེ་ཨན་ཏི་ཐི་པའི་རིགས་ཡིན། དེས་ན་རིགས་རྒྱུད་གཞན་དག་རྩ་མེད་དུ་འགྲོ་བའི་རྒྱུ་རྐྱེན་གང་ཡིན་ཞེ་ན་དེ་ནི་ཚབ་བྱེད་སྨྲ་བའི་གཞུང་ལུགས་ལྟར་བཤད་ན་ང་ཚོའི་མེས་པོ་སྟེ་ཧྥེ་གླིང་གི་ཤེས་མི་དག་དང་འབྲེལ་བ་ཡོད་ཅིང་རིགས་རྒྱུད་གཞན་དག་ཁོ་ཚོས་རྩ་མེད་དུ་བཏང་བའི་ལྟ་ཚུལ་རྩལ་འདོན་བྱས་ཡོད་ལ་སྒྲུབ་བྱེད་ཀྱང་དབང་བཙན་དུ་མཐོང་སྟེ། ཧྥེ་གླིང་གི་ཤེས་མི་དག་བསླེབས་པའི་གནས་དེར་ཅིང་མི་འགོར་བར་མིའི་རིགས་རྒྱུད་གཞན་དང་ད་དུང་སྐྱེ་ཁམས་གཞན་དག་རྩ་མེད་དུ་སོང་ཡོད་ཅིང་དཔེར་ན་ཨོ་སི་ཁྲུ་ལི་ཡ་དང་མེ་གླིང་ལྷོ་བྱང་སོགས་སུ་ཤེས་མི་མ་བསླེབས་པའི་སྔོན་དུ་བོང་ཆེན་སྲོག་ཆགས་རིགས40ནས60བར་ཡོད་ཀྱང་དེའི་རྗེས་སུ་རིགས10ཙམ་ལས་གཞན་དག་མིང་གི་ལྷག་མར་སོང་བ་དང་མིའི་རིགས་རྒྱུད་གཞན་དག་ཀྱང་དེ་ལྟར་རྩ་མེད་དུ་ཕྱིན། དེས་ན་འདིར་ངེས་པར་ཧ་གོ་དགོས་པ་ཞིག་ནི་གླིང་དེར་ཐོག་མར་སྤྲ་དང་སྤྲེའུ་དག་མིའི་རིགས་སུ་འཕེལ་བའི་འགོ་བརྩམས་ནས་མིའི་རིགས་བྱུང་བ་དང་གླིང་ཆེན་ཨ་ཧྥེ་རི་ཁའི་ཤེས་མི་དག་གིས་རྒྱ་བསྐྱེད་དེ་གླིང་ཆེན་དང་གླིང་ཆུང་སོ་སོར་བདག་དབང་བཟུང་བའི་གནད་དོན་གཉིས་ལོ་རྒྱུས་ཀྱི་ཟུར་ཁ་མི་འདྲ་བ་གཉིས་ནས་གོ་བ་ལེན་དགོས་སོ། །
༤ སྤྲ་ལས་མི་རུ་འགྱུར་བའི་གོ་རིམ།
        དེ་ཡང་དང་པོ་ནགས་ཀྱི་སྤྲ་དང་སྤྲེའུ་དག་ནགས་ཚལ་གྱི་རྩེ་ནས་མར་ས་ལ་བབས་ཤིང་རང་རང་གི་འཚོ་བའི་ཆེད་དུ་ངལ་རྩོལ་བགྲང་ལས་འདས་པ་ཞིག་བརྒྱུད་ནས་རིམ་གྱིས་འཚོ་བའི་ཡོ་བྱད་དག་བེད་སྤྱོད་ཤེས་ཤིང་ད་དུང་དེའི་ཆེད་དུ་གཅིག་གྱུར་གྱི་རྣམ་པའི་ཐོག་ནས་རྡོ་དང་ཤིང་སོགས་རང་བྱུང་གི་དངོས་པོ་དག་བེད་སྤྱོད་བྱས་ཤིང་དུས་རབས་རེ་རེར་སྟབས་ཇེ་བདེ་དང་ལག་ཤེས་ཇེ་རྒྱས་སུ་ཕྱིན་པ་ཞིག་ཡིན་ནོ། །འདི་ལྟར་འཚོ་བའི་དཀའ་ངལ་གྱི་དབང་གིས་རང་གི་རྐང་ལག་དང་ལུས་ཕུང་གི་འགུལ་སྐྱོད་འདྲ་མིན་སྣ་ཚོགས་ཤིག་བྱེད་དགོས་བྱུང་བ་ནི་ཁོ་རང་ཚོར་སྲོག་ཆགས་གཞན་ཞིག་ཏུ་འགྱུར་བའི་ཐུན་མིན་གྱི་རྒྱུ་རུ་གྱུར་ཡོད་ཅིང་དེའི་དབང་གིས་སྤྲ་དང་སྤྲེའུ་དག་རང་གི་ཀླད་པའི་མ་ལག ལུས་པོའི་གཟུགས་དབྱིབས། རྐང་ལག་གི་བྱེད་ལས། མངལ་གནས་ཀྱི་གོ་རིམ་སོགས་ལ་འགྱུར་བ་བློ་ཡུལ་ལས་འདས་པ་ཞིག་བྱུང་ཞིང་ལག་བརྡ་ནས་སྐད་བརྡ་རིག་པའི་ཕྱོགས་སུ་འཕེལ་ཞིང་འདིའི་གོ་རིམ་ཀྱང་ཐོག་མར་རང་རང་གི་ཞེ་འདོད་ལྟར་སྐད་འདྲ་མིན་སྣ་ཚོགས་ཤིག་བརྒྱབ་སྟེ་ཐ་སྙད་ཀྱི་རྣམ་པ་མེད་པའི་གདངས་འདྲ་མིན་སྣ་ཚོགས་ཤིག་བྱུང་ལ་དེ་ནས་ཐ་སྙད་ཀྱི་རྣམ་པའི་ཐོག་ནས་ཕན་ཚུན་བརྡ་ཅུང་ཙམ་རེ་སྤྲོད་ཐུབ་པ་ཙམ་བྱུང་ལ་དེ་ལྟར་ཡུན་གྱིས་སྦྱོང་བརྡར་གྱི་གོ་རིམ་ཁྲོད་ནས་སྐད་ཀྱི་ཐ་སྙད་དག་ཕུན་སུམ་ཇེ་ཚོགས་སུ་སོང་སྟེ་ཕན་ཚུན་ངག་ཐོག་གི་བརྡ་སྤྲོད་ཤེས་པའི་ཆེས་མཐོ་རིམ་གྱི་སྲོག་ཆགས་ཤིག་ཏུ་གྱུར་བ་ཡིན་ཏེ་དཔེར་ན་ང་ཚོའི་དཔེ་སླ་མོ་ཞིག་གིས་བཤད་ན་མི་གཅིག་གི་མི་ཚེའི་འགྱུར་བ་སྟེ་མ་ཡི་མངལ་ནས་སྐྱེས་པའི་དུས་ངེས་ཅན་ཞིག་གི་འོག་ནས་རྐང་ལག་བཞི་གོག་ནས་འགྲོ་བ་དང་དེ་ནས་རྐང་པ་གཉིས་ཙམ་ལ་བརྟེན་ནས་ཁྱར་ཁྱོར་དུ་འགྲོ་ཐུབ་པ་དང་དེ་ནས་ཐོག་མར་ཨ་མ་དང་ཨ་ཕ་ཞེས་པ་ལྟ་བུའི་ཐ་སྙད་རེ་གཉིས་ཙམ་ལས་མི་འཁྱོངས་ཤིང་རིམ་གྱིས་ངག་སྣ་ཚོགས་ཤིག་སྨྲ་ཤེས་པའི་ངག་ཐོག་བརྡ་སྤྲོད་པའི་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ནས་ཆེས་མཐོ་རིམ་གྱི་སྲོག་ཆགས་ཚད་ལྡན་ཞིག་ཏུ་གྱུར་བ་ལྟ་བུ་ཡིན་ནོ། །འདི་ལྟར་འགྲོ་བ་མིའི་རིགས་ནི་སྔ་དུས་སྤྲ་མིའི་དུས་རབས་དང་སྤྱི་དུས་སྤྲ་མིའི་དུས་རབས། དེ་ནས་སྔ་དུས་བློ་ལྡན་མིའི་དུས་རབས་དང་ཕྱི་དུས་བློ་ལྡན་མིའི་དུས་རབས། དེ་ནས་གནའ་བོའི་དུས་རབས་དང་དེང་རབས་མིའི་དུས་རབས་སོགས་འཕེལ་འགྱུར་གྱི་རིམ་པ་མང་པོ་ཞིག་ཐོད་བརྒལ་བྱས་ནས་རིམ་གྱིས་ད་ལྟའི་འཛམ་གླིང་གི་རྣམ་པ་ཅན་དུ་གྱུར་བ་ཡིན་ནོ། །
༦ གདོད་མའི་སྤྱི་ཚོགས་ཀྱི་འཚོ་བ།
        ད་ནི་གདོད་མིའི་སྤྱི་ཚོགས་ཀྱི་འཚོ་བ་དང་གནས་སྟངས་སོགས་ཀྱི་སྐོར་ནས་ཅུང་ཟད་གླེང་ན། ཁོ་ཚོའི་ཐོག་མའི་འཚོ་བའི་ཁ་ཟས་གཙོ་བོ་ནི་རང་བྱུང་གི་སིལ་ཏོག་དང་། འབུ་སྲིན། ཉ། བྱ། ཝ་མོ། ལུག ཤ་བ། རྒོ་བ་སོགས་རི་སྐྱེས་སྲོག་ཆགས་ཀྱི་རིགས་བསད་ཅིང་ཤ་ཟ་པགས་གྱོན་གྱི་རྣམ་པའི་ཐོག་ནས་ཡུན་རིང་དུ་འཚོ་བར་བྱས་ཤིང་འདི་ལ་རྔོན་པའི་དུས་རབས་ཀྱང་ཟེར། འདི་དག་ནི་དེང་དུས་རྙེད་སོན་བྱུང་བའི་གདོད་མའི་བྲག་བརྐོས་རི་མོ་དག་ལས་ངེས་ཤེས་རྙེད་ཐུབ་པ་དང་། དཔེར་ན་སི་ཕན་རྒྱལ་ཁབ་གནའ་བོའི་བྲག་བརྐོས་ལྡེབས་རིས་དང་། སི་ཕན་བྱང་རྒྱུད་ཀྱི་ཨལ་ཐ་མི་རའི་བྲག་ཕུག་དང་། ཧྥ་རན་སིའི་ལྷོ་རྒྱུད་ཀྱི་དོར་ཏོག་ནེའི་བྲག་ཕུག་དང་ཀྲུང་གོའི་ཡུན་ནན་དང་། ཀོང་ཞི། ཅང་སུའུ། ཤིན་ཅིང་། ནང་སོག་སོགས་ནས་རྙེད་པའི་བྲག་བརྐོས་རི་མོ་དང་།  སེ་སེ་ལའེ་གླིང་ཕྲན་གྱི་མཚོ་ངོགས་བྱང་མའི་ཕ་ལིར་མོ་གྲོང་ཁྱེར་ཕྱི་མཐར་རྙེད་པའི་བྲག་རིས་བཅས་སུ་གདོད་མའི་འཚོ་བ་སྐྱེལ་སྟངས་སོགས་བཀོད་ཡོད་ཅིང་རི་མོ་འདི་དག་གིས་གདོད་མའི་སྤྱི་ཚོགས་ཀྱི་འཚོ་བའི་ཟུར་ཁ་རེ་རེ་མཚོན་ཐུབ་བོ། །འདི་ལྟར་རང་བྱུང་གི་སྲོག་ཆགས་དེ་དག་གསོད་གཅོད་གཏུབ་གསུམ་བྱེད་པའི་མཚོན་ཆ་འདྲ་མིན་སྣ་ཚོགས་ཤིག་བཟོས་པ་དཔེར་ན་ད་ལྟ་དབྱིན་ཇིའི་ཁི་ལ་ཁི་ཏིང་གནའ་ཤུལ་ལས་རྙེད་པའི་མདོང་རིང་དང་གཞན་འཇར་མན་གྱི་ལེ་ལིན་ཀིན་ཨ་ཞིར་ས་རིམ་ལས་རྙེད་པའི་རྡོ་ཆས་ཀྱིས་བཞོག་པའི་མདོང་རིང་སོགས་ཀྱིས་བདེན་པ་ར་སྤྲོད་ཐུབ་པ་ལྟ་བུའོ། །དེ་ལྟར་རྔོན་པའི་དུས་རབས་སམ་དམུ་རྒོད་ཀྱི་དུས་རབས་ནས་ཞིང་ལས་གསར་བརྗེའི་དུས་རབས་སུ་གོམ་ཁ་ཕྱོགས་ཤིང་ཐོག་མར་ཐུར་ཁེ་ཤར་ལྷོའི་རྒྱུད་དང་དབྱི་རན་གྱི་ནུབ་རྒྱུད། ས་དབུས་རྒྱ་མཚོའི་ཤར་རྒྱུད་ཀྱི་སྒང་གཤོང་ནས་ཞིང་ལས་འཕེལ་རྒྱས་བྱུང་ཤིང་དེ་ལྟར་འཕེལ་རྒྱས་བྱུང་བའི་དུས་ནི་ཧ་ལམ་ལོ་ངོ11500ཙམ་ལ་ཡར་འདེད་ཐུབ་བོ། །སྐབས་དེའི་ཐོན་དངོས་ནི་སྲན་མ་དང་སྲན་ལེབ། རྒུན་འབྲུམ། མ་རྨོས་ལོ་ཏོག གྲོ་དང་འབྲས། ཞོག་ཁོག ཁྲེ། སོ་བ་སོགས་འདུལ་སྦྱོང་བྱས་ནས་འཚོ་བ་བསྐྱེལ་ཅིང། དུས་དེར་ས་སྒང་ཁྱོན་ཡོངས་ཀྱི་ཞིང་ལས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི1100ཙམ་ལས་མེད། རིམ་གྱིས་བཟོ་ལས་ལག་ཤེས་ཀྱང་ཡར་རྒྱས་ཕྱིན་ཏེ་རྡོ་བཟོ་དང་ཤིང་བཟོ་ཡི་རིགས་འཕེལ་རྒྱས་སུ་སོང་ཞིང་གྲོང་དང་གྲོང་རྡལ་གྱི་རྣམ་པའང་གྲུབ་མགོ་བརྩམས། ལོ་ངོ8000ཙམ་གྱི་སྔོན་དུ་འཛམ་གླིང་འདིར་ཆེས་ཆེ་བའི་གྲོང་ཁྱེར་ནི་ཐུར་ཁེའི་མངའ་ཁོང་གི་ཐེ་ཐོ་ཆིའི་མཁར་གྲོང་ཡིན། དེ་ལ་ཧ་ལམ་མི་གྲངས་ཁྲི་ལྷག་འདུས་སྡོད་བྱས་ཤིང་མི་གྲངས་འདི་ནི་དུས་སྐབས་དེར་བསམ་བློ་བཏང་ན་ཧ་ཅང་མང་བའི་ཚོད་དུ་འདུག་གོ། དེ་ནས་དུས་རབས་འགའི་རྗེས་སུ་མི་གྲངས་ཁྲི་ལ་སླེབས་པའི་གྲོང་ཁྱེར་མང་པོ་བྱུང་ཞིང་མང་དག་ཅིག་ཟླ་ཁུག་གཤིན་སའི་རྒྱུད་དུ་བྱུང་ངོ། །དེ་ནས་ལོ་ངོ5000ཙམ་གྱི་སྔོན་དུ་ཉི་ལོ་གཙང་བོའི་སྨད་རྒྱུད་ཧྲིལ་པོ་གཅིག་གྱུར་བྱས་པའི་ཨེ་ཅིབ་བཙན་རྒྱལ་ཆེན་མོ་བྱུང་ཞིང་དེ་ནི་ལོ་རྒྱུས་ཐོག་ཆེས་ཐོག་མའི་བཙན་རྒྱལ་དེ་ཡིན་ནོ། །དེ་ནས་ཨ་ཁ་ཏི་བཙན་རྒྱལ་དང་། དབུས་ཤར་ས་ཁུལ་དུ་ཡ་ཧྲུའུ་བཙན་རྒྱལ་དང་། པ་བྷི་ལེན་བཙན་རྒྱལ་དང། པར་སིག་བཙན་རྒྱལ་སོགས་བྱུང་། དེ་ནས་ས་དབུས་རྒྱ་མཚོའི་ས་ཁུལ་ཡོངས་རྫོགས་དབང་དུ་བསྡུས་པའི་རོམ་བཙན་རྒྱལ་ཆེན་མོ་བྱུང་ཞིང་སྐབས་དེའི་སྤྱི་ཚོགས་ནི་དབང་བསྒྱུར་གྲལ་རིམ་ཅན་གྱི་སྤྱི་ཚོགས་ཀྱི་རྣམ་པ་ཞིག་ཏུ་འཁུམས་སོ། །
༦ རང་བྱུང་ཆོས་ལུགས་དང་དེའི་དད་མོས།
        ད་ནི་གདོད་མའི་སྤྱི་ཚོགས་ཀྱི་རང་བྱུང་ཆོས་ལུགས་དང་དེའི་དད་མོས་སྐོར་ནས་ཅུང་ཙམ་འཆད་ན་གདོད་མའི་མིའི་རིགས་དག་ནི་རྒྱུན་པར་དྲག་རླུང་དང་ཆར་བ། ཐན་པ། ཆད་ཞོད། ཚ་གྲང་། ཆུ་ལོག རི་ཉུལ་བ་སོགས་རང་བྱུང་ཁམས་ཀྱིས་གནོད་པ་བཟོ་བཞིན་ཡོད་ལ། ཁོ་ཚོས་དེ་དག་ནི་གཟུགས་མེད་ཀྱི་ལྷ་འདྲེ་ཅི་རིགས་ཤིག་གིས་བསམ་བཞིན་དུ་མིའི་རིགས་ལ་གནོད་པ་བྱེད་པའི་འདུ་ཤེས་ཀྱི་འཆར་སྣང་ཞིག་ངང་གིས་བྱུང་ཞིང་དེས་ཕྱིར་རང་བྱུང་ཁམས་ཀྱི་འཇིགས་སྣང་དེ་དག་ལ་མགོ་བོ་སྒུར་ཅིང་སྐྱབས་སུ་མི་འགྲོ་བའི་རང་དབང་མེད་པ་ལྟ་བུ་ཞིག་ཏུ་གྱུར་ནས་རང་བྱུང་ཆོས་ལུགས་དང་དེའི་དད་མོས་ཀྱི་འདུ་ཤེས་གསར་བ་ཞིག་བྱུང་མགོ་བརྩམས་པ་རེད། སྐབས་དེའི་ཆོས་ལུགས་ནི་འཚོ་བའི་རེ་འདོད་ཉི་ཚེ་བ་ཞིག་གི་དགོས་མཁོ་ལ་དམིགས་པ་ཙམ་ལས་ཕྱི་མར་ཐར་བ་དང་གཏན་གྱི་བདེ་བ་སྒྲུབ་ཐབས་ཀྱི་ཆ་དང་དེ་ནས་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་གཏན་ལ་ཕབ་པའི་ལྟ་གྲུབ་ཀྱི་སྒྲོམ་གཞིའི་རྣམ་པ་ད་དུང་ཆགས་ཐུབ་མེད། དེས་ཕྱིར་སྐབས་དེའི་ཆོས་ལུགས་ནི་རུས་རྒྱུད་ཚོ་བའི་ཆོས་ལུགས་ཤིག་ཡིན་ལ་དེ་ཉིད་སྟོན་པ་དམིགས་གསལ་བ་ཞིག་གིས་གསར་གཏོད་བྱས་པ་མིན་ཞིང་གོང་གསལ་ལྟར་འགྲོ་བ་མིའི་འདུ་ཤེས་ལས་རང་བྱུང་རང་ཤར་ཙམ་གྱི་ཐོག་ནས་ཆེས་གདོད་མའི་ཆོས་ལུགས་སུ་གྲུབ་ཅིང་དེ་ཡང་རུས་རྒྱུད་དང་ཚོ་ཁག་སོ་སོར་དད་ཡུལ་གྱི་གནས་ཡང་མི་གཅིག་ཅིང་། སོ་སོའི་ཆོས་ལུགས་དད་མོས་ཀྱི་ཁྱབ་ཁོངས་ནི་རྒྱ་ཆེ་ཞིང་དད་ཡུལ་ཀྱང་སྣ་ཚོགས་ཤིག་མཆིས་ཤིང་དཔེར་ན་ས་ཆུ་མེ་རླུང་དང་རི་བྲག་ཤིང་གསུམ། ཉི་ཟླ་གཟའ་སྐར་སོགས་རང་བྱུང་ཁམས་ཀྱི་དད་ཡུལ་དང་རང་གི་མེས་པོ་གོང་མ་སོགས་སུ་དད་པ་བྱེད་ཀྱིན་ཡོད་པས་དེ་དག་གིས་རང་གི་འདོད་དོན་བསྒྲུབ་ཐུབ་པའི་རེ་བ་བཅིངས་ཤིང་ཁོ་ཚོར་མཆོད་བསྟོད་ཀྱི་ཆོ་ག་རབས་དང་རིམ་པ་ཞིག་དར་སྲོལ་བྱུང་སྟེ་གདོད་མའི་ཆོས་ལུགས་ཀྱི་ཐོག་མའི་རྣམ་པ་གྲུབ་པ་རེད། དེ་ལྟར་རང་བྱུང་གི་ལྷ་འདྲེ་དེ་དག་ལ་རྫུ་འཕྲུལ་དང་མངོན་ཤེས་ལྡན་པའི་སྟོབས་རྩལ་ཧ་ཅང་ཆེ་བ་ཞིག་ཡིན་པས་འཇིག་རྟེན་ཁམས་ཀྱི་ཆགས་འཇིག་ཡོང་རྫོགས་ཁོ་ཚོས་སྟངས་འཛིན་གྱི་འོག་ཏུ་ཡོད་པར་ཡིད་ཆེས་བྱས་ཡོད། དེ་འདྲའི་གནས་སྟངས་ཤིག་གི་འོག་ནས་ད་གཟོད་རི་བོའི་འགྲམ་དུ་གནས་པའི་མིའི་རིགས་ཀྱིས་རི་བོ་ལ་མཆོད་གསོལ་བྱས་ཤིང་ཆུ་འགྲམ་དུ་གནས་པ་དག་གིས་ཆུའི་ལྷ་ལ་མཆོད་ཅིང་རྒྱ་མཚོའི་འགྲམ་དུ་གནས་པའི་མིའི་རིགས་ཀྱིས་རྒྱ་མཚོའི་ལྷ་ལ་མཆོད། བྱེ་མའི་ཐང་དུ་ཡོད་པ་དག་གིས་གཙོ་བོ་ཉི་མའི་ལྷ་ལ་མཆོད་ཅིང་བཀུར་བས་མཚོན་ཆུ་ལྷ་དང་མེ་ལྷ། རླུང་ལྷ། ནམ་མཁའི་ལྷ་སོགས་ལྷ་ཡི་རྣམ་གྲངས་ཀྱང་བགྲང་ལས་འདས་པ་ཞིག་ཏུ་གྱུར་ཡོད། དེའི་རྗེས་སུ་རིམ་བཞིན་ཆོས་ལུགས་དེ་ཡང་ཅུང་འཐུས་སྒོ་ཚང་ཞིང་ལྟ་གྲུབ་ཅན་གྱི་ཆོས་ལུགས་དག་དར་བ་དང་ལོ་ངོ་མང་པོའི་རིང་ལ་ཆོས་ལུགས་པ་དག་གིས་རང་གི་འདུ་ཤེས་དང་མྱོང་རྟོགས་ཏེ་བསམ་ཚུལ་དང་ལྟ་ཚུལ་དག་ཕུན་སུམ་ཇེ་ཚོགས་སུ་གྱུར་ནས་འཛམ་གླིང་རང་བཞིན་ཅན་གྱི་ཆོས་ལུགས། ཡེ་ཤུའི་ཆོས་ལུགས། ཁ་ཆེའི་ཆོས་ལུགས། ཧུན་དྷིའི་ཆོས་ལུགས། སངས་རྒྱས་ཆོས་ལུགས་སོགས་བྱུང་བ་ཡིན་ལ། ཆོས་ལུགས་དེ་དག་གི་ལྟ་དགོངས་ཀྱང་སོ་སོར་གནས་ཞིང་མི་མཐུན་པ་སོགས་གནའ་ནས་ད་ལྟའི་བར་རང་རང་གི་ཁྱད་ཆོས་དག་སྲུང་འཛིན་གྱིས་དར་སྤེལ་བྱུང་ཡོད་དོ། །
འབྲེལ་ཡོད་འོས་སྦྱོར།