གསར་འགྱུར་རྩོམ་ཡིག་ཏུ་རྒྱུན་པར་མཐོང་བའི་རྒྱའི་ཐ་སྙད་འགའ་ཞིག་གི་བོད་འགྱུར་མའི་འཁྲུལ་སེལ།
རྩོམ་པ་པོ།:པད་མ་ཚེ་རིང་།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2022-07-29
ཀློག་གྲངས།:
རྩོམ་སྒྱུར་བྱེད་མཁན་རྣམས་ཀྱིས་གསར་འགྱུར་དུ་འཕྲད་པའི་མིང་གསར་པ་རྣམས་འཕྲལ་འཕྲལ་དུ་བསྒྱུར་དགོས་པས་བློ་ཞིབ་མོས་དཔྱད་པ་གཏོང་ལོང་མེད་པ་དང་གཅིག མདོ་དབུས་ཁམས་གསུམ་གྱི་ཡུལ་སྐད་ལ་ཁྱད་པར་ཡོད་པས་དེ་ལ་བསྟུན་ཆེ་བ་དང་གཉིས། སྒྱུར་མཁན་རེ་རེའི་ཡོན་ཚད་མི་འདྲ་བས་མ་ཡིག་ལ་གོ་བ་ལེན་སྟངས་ཀྱང་མི་འདྲ་བ་སོགས་ཀྱི་དབང་གིས། བོད་འགྱུར་གྱི་མིང་ལའང་འགྲིག་མི་འགྲིག་ཅི་རིགས་སྣང་། འོན་ཀྱང་། བོད་སྐད་ཀྱི་བརྡ་སྤྲོད་པའི་གཞུང་དང་མི་མང་གི་སྐད་ཆ་སྦྱོར་སྲོལ་རྣལ་མ་དང་མི་མཐུན་པ་ཞིག་ཡིན་ན། རྒྱུན་འབྱམས་སུ་མ་སོང་སྔོན་ནས་ལེགས་བཅོས་སམ་ཡོ་བསྲང་བྱ་དགོས་པ་ནི་ང་ཚོའི་ལས་སུ་བྱ་བ་ཡིན་པས། འདིར་ཞིབ་འཇུག་གནད་དུ་ཐིངས་པ་ཞིག་ཡོང་བའི་གདེང་ཚོད་མེད་ནའང་རང་བློས་དཔག་ཚོད་ཀྱིས་དཔྱད་པ་རེ་གཏོང་ཁུལ་བགྱིས་ན།
དང་པོ། “脱贫攻坚”ཞེས་པའི་བོད་འགྱུར་ལ་དཔྱད་པ།
འདས་པའི་བགྲང་བྱ་ཁ་ཤས་ཀྱི་རིང་། རང་རྒྱལ་གྱིས་མི་དམངས་ཀྱི་དབུལ་ཕོངས་བསལ་ཏེ་ཕྱུག་པོར་བསྒྱུར་བའི་སྲིད་ཇུས་ཁྱོན་ཡོངས་ནས་ལག་ཏུ་བསྟར་བ་དང་། རླབས་ཆེན་གྱི་བྱ་གཞག་འདི་ལ脱贫攻坚ཞེས་པའི་མིང་བཏགས། དེ་ནས་བོད་མདོ་དབུས་ཁམས་གསུམ་གྱི་ཡུལ་གྲུ་སོ་སོའི་རླུང་བརྙན་འཕྲིན་དང་དྲ་ལམ་བཅས་སུ་ཐ་སྙད་འདིའི་བོད་འགྱུར་མ་མང་པོ་བྱུང་བ་ནི་དཔེར་ན། དབུལ་ཐར་མཁྲེགས་གཏོར་དང་དབུལ་སྒྲོལ་མཁྲེགས་གཏོར། དབུལ་སྐྱོར་མཁྲེགས་གཏོར། དབུལ་ཐར་འགག་སྒྲོལ། དབུལ་བྲལ་འགག་སྒྲོལ། དབུལ་སྐྱོར་འགག་སྒྲོལ། དབུལ་གྲོལ་འགག་སྒྲོལ། དབུལ་སྒྲོལ་འགག་སྒྲོལ་སོགས་མཐའ་ཡས་པ་ཞིག་ཡོད། ཐ་སྙད་འདིའི་གྲུབ་ཆར་གྱུར་པའི་དངོས་པོའི་མིང་གི་སྒྱུར་སྟངས་ལ་ཁྱད་པར་ཆེར་མེད་ཀྱང་བྱ་བའི་མིང་གི་འགྱུར་ལ་ཁྱད་པར་སྣ་ཚོགས་པ་ཞིག་འདུག་པ་ཀུན་གྱིས་ཤེས་གསལ་རེད།
བོད་སྐད་ཀྱི་བྱ་བའི་མིང་ལ་བྱེད་པོ་གཞན་དང་འབྲེལ་མ་འབྲེལ་ཐ་དད་དུ་ཡོད་པ་དཔེར་ན། གྲོལ་ནི་བྱེད་པོ་གཞན་དང་མ་འབྲེལ་བའི་བྱ་བའི་མིང་དང་། སྒྲོལ་ནི་དེའི་ཟླར་གྲུབ་པའི་བྱེད་པོ་གཞན་དང་འབྲེལ་བའི་བྱ་བའི་མིང་ཡིན་པ་ལྟ་བུ། རྒྱ་སྐད་ཀྱི脱ལྟ་བུ་ནི་དེ་དང་མི་འདྲ་སྟེ། བྱེད་པོ་གཞན་དང་འབྲེལ་མ་འབྲེལ་གྱི་དོན་གཉིས་ཀ་བྱ་བའི་མིང་གཅིག་གི་སྟེང་ན་ཡོད་ལ། དཔེར་ན་གྲོལ་དང་སྒྲོལ་གཉིས་ཀའི་དོན脱གཅིག་པུས་མཚོན་ཐུབ། འོ་ན་བྱེད་པོ་གཞན་དང་འབྲེལ་མ་འབྲེལ་གྱི་ཁྱད་པར་བྱ་བའི་མིང་གཅིག་གིས་ཇི་ལྟར་དབྱེ་དགོས་ཤེ་ན། མིང་གི་གོ་རིམ་ལ་བལྟ་དགོས་ཏེ། བྱ་བའི་མིང脱སྔོན་དང་བྱ་ཡུལ贫རྗེས་སུ་ཡོད་དུས། 脱ནི་བྱེད་པོ་གཞན་འབྲེལ་གྱི་བྱ་བའི་མིང་ཡིན་ལ། དེ་ལས་ལྡོག་སྟེ། བརྗོད་གཞི贫སྔོན་དང་། བྱ་བའི་མིང脱རྗེས་སུ་ཡོད་ན། 脱ནི་བྱེད་པོ་གཞན་དང་མ་འབྲེལ་བའི་བྱ་བའི་མིང་ཡིན་པ་འདི་ནི་རྒྱ་སྐད་ཀྱི་ཁྱད་ཆོས་ཤིག་ཡིན། དེའི་རྐྱེན། གོང་གི脱贫攻坚ཞེས་པའི་བོད་འགྱུར་གྱི་མིང་རྣམས་ལས་ཐར་དང་གྲོལ་དང་བྲལ་སོགས་བྱེད་པོ་གཞན་དང་མ་འབྲེལ་བའི་བྱ་བའི་མིང་སྤྱོད་པ་རྣམས་ལ་མ་ཡིག་གི་དོན་ཇི་བཞིན་མ་ཐོན་པའི་སྐྱོན་འདུག་པས། འདི་ལ་ད་དུང吹风དང风吹། 丢沙包དང包丢了། 伤人དང心伤ལྟ་བུ་དཔེར་བརྗོད་མཐའ་ཡས་པ་དགོད་དུ་ཡོད་ཀྱང་ཡིག་ཚོགས་ལ་འཛེམ་ནས་རེ་རེ་བཞིན་མ་བཀོད་པས་གཞན་རྣམས་རིགས་བསྒྲེ་བར་བྱ།
སྤྱིར་བོད་སྐད་དམ་རྒྱ་སྐད་གང་ཡིན་ཡང་། བྱ་བའི་མིང་མི་འདྲ་བ་གཉིས་འདུས་པའི་ཚིག་གྲུབ་བམ་དཔེ་ཆོས་ལ་མཚོན་ན། ཡང་ན་གཉིས་ཀ་བྱེད་པོ་གཞན་འབྲེལ་གྱི་བྱ་བའི་མིང་དང་ཡང་ན་གཉིས་ཀ་བྱེད་པོ་གཞན་དང་མ་འབྲེལ་བའི་བྱ་བའི་མིང་ཡིན་པ་ནི་དོན་གྱི་བྱུང་རིམ་ལྟར་གྲུབ་པའི་མིང་འདུས་མ་སྟེ། བོད་སྐད་ཀྱི་གོམས་སྲོལ་དང་མཐུན་པའི་མིང་བཟོ་ལུགས་གལ་ཆེན་ཞིག་ཡིན། ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་བཀས་བཅད་པའི་བརྡ་གསར་ཞེས་པ་ཞིག་ཏུ། 反腐倡廉ལ་རུལ་རྒོལ་གཙང་སྤེལ་དང་། 控辍保学ལ་བཤོལ་འགོག་སློབ་སྐྱོང་དུ་བསྒྱུར་བ་ནི་ཡང་དག་པ་ཡིན་ལ། དཔའ་རིས་སངས་རྒྱས་ལགས་ཀྱིས«དག་ཡིག་རིག་པའི་གབ་པ་མངོན་ཕྱུང»གི་སྡེ་ཚན་ཉེར་གཅིག་པ་དཔེ་ཆོས་སྨྲ་བའི་གསོས་མཆོག་ཅེས་པར། 兴利除弊ལ་གེགས་སེལ་བོགས་འདོན་དང་། 东倒西歪ལ་སྟོད་ལངས་སྨད་འགྱེལ། 患得患失ལ་ཟིན་རེ་ཤོར་དོགས། 出谋划策ལ་བློ་ཤོམ་གྲོས་ཕུད། 灰心丧气ལ་ཡིད་ཆད་གནོད་ལངས། 人仰马翻ལ་མི་ཤི་རྟ་འགྱེལ། 山崩地裂ལ་ས་གས་རི་ཉིལ་སོགས་བོད་སྔ་རབས་མཁས་པའི་ལྗགས་རྩོམ་ལས་བཏུས་ཏེ་བོད་སྐད་ཀྱི་སྐད་ཆའི་གོམས་སྲོལ་ལྟར་བསྒྱུར་བ་ནི་རང་ཅག་ཕྱི་རབས་པ་རྣམས་ཀྱིས་ལད་ཟློས་ལན་བརྒྱར་བྱས་ཀྱང་ཚིམས་པ་མེད་པའི་ཡིག་སྒྱུར་གྱི་ཐབས་རྩལ་མཆོག་ཏུ་གྱུར་པ་ཞིག་གོ །
གཉིས་པ། “党员”དང“党费”གཉིས་ཀྱི་བོད་འགྱུར་ལ་དཔྱད་པ།
སྤྱིར党员ཞེས་པ་ནི་ཆ་རྐྱེན་ལྟར་ཀྲུང་གོའི་གུང་ཁྲན་ཏང་དུ་ཞུགས་པའི་མི་སྔོན་ཐོན་ཅན་རྣམས་ལ་བྱ་ཞིང་། འདི་ལ་ཏང་མི་དང་ཏང་ཡོན་ཞེས་པའི་བོད་འགྱུར་གྱི་མིང་རྒྱུགས་ཆེ་བ་གཉིས་ཡོད་པ་ལས། དབུས་གཙང་དང་ཁམས་ཕྱོགས་སུ་སྔ་མ་བཀོལ་བ་ཤས་ཆེ་ལ། མདོ་སྨད་དུ་ཕྱི་མ་སྤྱོད་པ་ཤས་ཆེ། འོ་ན་དོན་གྱིས་གང་སྤྱད་ན་འགྲིག་ཅེ་ན། ཕྲན་གྱི་རྨོངས་བློར་ཏང་མི་ཞེས་པ་བདེ་སྟེ། རྒྱུ་མཚན་ལ་གཉིས་ཡོད། གཅིག ང་ཚོས成员ལ་ཁོངས་མི་དང་། 队员ལ་རུ་མིར་འབོད་པ་ནང་བཞིན། 党员ལའང་ཏང་མི་ཞེས་ན་སྒྲ་དོན་གཉིས་ཐད་ནས་གོ་བ་ལེན་དུ་ཡོད་པ་དང་། གཉིས་ནི། 党费ཞེས་པ་ལ་ཏང་རིན་ནམ་ཏང་དངུལ་སོགས་སུ་བསྒྱུར་བ་ལས་ཏང་ཡོན་དུ་བསྒྱུར་ན་འགྲིག་སྙམ་སྟེ། དག་ཡིག་གསར་བསྒྲིགས་སུ་ཡོན་ནི་གླ་ཆ་དང་རིན་གྱི་ཞེ་ས་ཡིན་པར་བཤད་པ་དང་། རང་རེའི་བོད་སྐད་རྣལ་མ་ལ་སྨན་ཡོན་དང་སློབ་ཡོན། རྩོམ་ཡོན། དབང་ཡོན། བླུ་ཡོན་སོགས་འཆད་ཀྱིན་ཡོད་ལ། བོད་མི་ཐུན་མོང་གིས་ཚེགས་མེད་དུ་གོ་ཐུབ་པས་སོ། །
གསུམ་པ། “反响”ཞེས་པའི་བོད་འགྱུར་ལ་དཔྱད་པ།
反响ཞེས་པ་འདི་ནི་གསར་འགྱུར་རྩོམ་ཡིག་ཏུ་རྒྱུན་པར་མཐོང་བའི་ཐ་སྙད་ཅིག་ཡིན་ལ། བོད་སྐད་དུ་འདི་ལ་འགྱུར་རྒྱུགས་ཆེ་བ་གསུམ་སྣང་སྟེ། ཚུར་སྣང་ལན་ཆ་དང་། ཚུར་སྣང་། ལན་ཆ་གསུམ་མོ། །བོད་ལྗོངས་སུ་ཚུར་སྣང་ལན་ཆ་ཞེས«རྒྱ་བོད་ཤན་སྦྱར་ཚིག་མཛོད»ལྟར་བསྒྱུར་ཡོད་ལ། མདོ་སྨད་ཕྱོགས་སུ་ལན་ཆ་དོར་ཏེ་ཚུར་སྣང་དུ་བསྡུས་ཡོད་པ་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱིས་བྲིས་པའི་རྩོམ་རྣམས་ལས་གསལ་པོར་ཤེས་ཐུབ་པ་དང་། ཡང་ལན་ཆ་ཞེས་བསྒྱུར་བའང་ཁ་ཤས་སྣང་ངོ་། །
སྤྱིར་ཚུར་སྣང་ཞེས་པ་འདི་གསར་བྱུང་གི་ཐ་སྙད་ཅིག་མིན་ཏེ། «ཁྱབ་བདག་བླ་མ་འཁོར་ལོའི་མགོན་པོ་པདྨ་ཡེ་ཤེས་རྡོ་རྗེའི་གསང་བའི་རྣམ་ཐར་གྱི་ཆ་ཤས་དད་གསུམ་པད་དཀར་བཞད་པའི་ཉིན་བྱེད»ཅེས་པར། “དོན་གྱི་སླད་དུ་མཚན་ནས་སྨོས་ན༧འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིས་མེད་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་ཞེས་མཚན་སྙན་གྱི་གྲགས་དཀར་ས་གསུམ་དུ་ཁྱབ་པ་འདི་ཉིད་ནི། ཚུར་སྣང་གདུལ་བྱའི་ངོར། ༧འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའམ། མཚན་གཞན་པདྨ་འོད་གསལ་མདོ་སྔགས་གླིང་པ་དེ་ཉིད་ཀྱི་འཕྲིན་ལས་མཆོག་གི་ཟློས་གར་ཡིན་པ་ལ།”ཞེས་པ་ལྟ་བུའི་ཚིག་བྱུང་བ་དང་། ཡང་དུང་དཀར་རིན་པོ་ཆེའི«ཆོས་ལུགས་གྲུབ་མཐའ་ཁག་གི་གཞི་རྩའི་ཤེས་ཡོན་མཛུབ་མོ་རི་སྟོན»ཞེས་པའི་ནང་དུ། “ཕྱི་རོལ་ཡུལ་གྱི་ཐོག་ནས་ཚུར་གྲུབ་པ་མེད་ཟེར། དེས་ན་དེ་གཉིས་བར་ཧ་ཅང་དབྱེ་བ་ཆེན་པོ་ཡོད། དབུ་མ་རང་རྒྱུད་པས་ཕྱི་རོལ་གྱི་ཡུལ་དེ་རང་གི་བསམ་པར་ཚུར་སྣང་བྱུང༌། འཆར་སྣང་བྱུང་བའི་སྟེང་དུ་ཕར་བཞག་པ་ཞིག་རེད”ཅེས་པ་ལྟ་བུ་རེ་འགའ་མཐོང་དུ་ཡོད་ཀྱང་། རྒྱ་སྐད་ཀྱི反响ཞེས་པ་ཚུར་སྣང་ཞེས་པར་བསྒྱུར་ན་མ་ཡིག་གི་དོན་ཇི་བཞིན་མི་ཐོན་པས་བོད་མི་ཕལ་མོ་ཆེའི་བློ་ངོར་གོ་རྒྱུ་ཆེར་མེད་པ་དང་། ཚུར་སྣང་ལན་ཆ་ཞེས་བསྒྱུར་ན་ཡང་བརྗོད་མི་བདེ་བས། ཕྲན་གྱི་རྨོངས་བློར་ལན་ཆ་ཞེས་བསྒྱུར་ན་དག་པར་འདོད་དེ། ལན་ཞེས་པར་གོང་རིམ་མགོ་ཁྲིད་དམ་མཁས་པའི་གསུང་ཚུར་ཐོས་ཏེ་ཕར་ལན་ལྡོན་པའི་དོན་ལྡན་ལ། ཆ་ཞེས་པ་བྲག་ཆའམ་བྲག་ཅར་གོ་བས། “སྒྲ་བྲག་ལ་བརྡབས་པ་ཚུར་འཁོར་བའི་སྒྲ་སྙན”[1]གྱི་དོན་ཡོད་པ་བཅས་རྒྱ་སྐད་ཀྱི反响ཞེས་པའི་དོན་ཡོངས་སུ་མཚོན་ཐུབ་སྙམ་པ་དང་། རྨེ་རུ་ཡུལ་ལྷ་ཐར་ལགས་ཀྱིས«ཏུན་ཧོང་བོད་ཀྱི་ཤེས་རིག་གི་རིག་གཞུང་ལོ་རྒྱུས»ཀྱི་ཤོག་ངོས་བཅུ་གཅིག་ཏུ། “འོན་ཀྱང་ཡིད་ཕངས་པ་ཞིག་ལ། ཀཿཐོག་པའི་ཞིབ་འཇུག་ཟབ་མོ་འདི་དག་དུས་སྐབས་དེར་བོད་རང་སར་འཕྲོ་མཐུད་མུ་སྐྱོང་དང་རིག་གཞུང་ལན་ཆ་ཆེན་པོ་བྱུང་མི་འདུག”ཅེས་པ་ནི་ཚད་ལྡན་གྱི་དཔེར་བརྗོད་ཅིག་ཡིན་པས་རྗེས་སུ་འབྲང་རིགས་པར་སེམས་སོ། །
ཚིག་གི་གྲུབ་ཆ་མིང་ཡིན་པས། མིང་གསར་པ་བཟོ་བའམ་གཞན་སྐད་ལས་ཚུར་སྒྱུར་དུས་སུ་རང་རེའི་བརྡ་སྤྲོད་ཀྱི་གཞུང་དང་མི་མང་གི་སྐད་ཆ་རྣལ་མ་ལ་མ་བསྟུན་པར་གང་འདོད་དུ་བསྒྱུར་བའམ། བསྒྱུར་ཟིན་པའི་མིང་བརྡ་ཚིག་དོན་གཉིས་ཐད་དུ་ནོར་འཁྲུལ་མཆིས་པ་དག་ཀྱང་ཡོ་བསྲང་མ་བྱས་ན། སྲིད་ཇུས་དང་སྲིད་གཞུང་དབུས་མའི་གཞུང་ཡིག་དག་བལྟར་མི་སྤྲོ་ཞིང་། བལྟས་ཀྱང་གོ་རྒྱུ་མེད་པར་འགྱུར་སྟབས། སྲིད་གཞུང་གི་ཇུས་བཀོད་ཁྱབ་གདལ་དུ་སྒྲོག་པ་ལ་བཀག་ཆ་ངང་གིས་ཐོན་པར་མ་ཟད། “བོད་ཀྱི་སྐད་ཆ་འདི་ཡུལ་སྐད་ཀྱི་ཁྱད་པར་དང་། ཆབ་སྲིད་ཀྱི་སྒྲིག་གཞིའི་མིང་འདོགས་ཐ་དད་པའི་ཕྱོགས་ལ་འཕེལ་ཏེ། བོད་ཡིག་གི་གསར་འགྱུར་ནི་བོད་སྐད་རྣལ་མ་མ་ཡིན་པའི་གནས་ཚུལ་བྱུང་དང་འབྱུང་བཞིན་པ་ཡོ་བསྲང་བྱ་བའི་ཐབས་ལ་མ་འབད་ན། གནའ་དེང་གི་བོད་སྐད་ཀྱང་མི་འགྱངས་པའི་དུས་ན། སྐད་རིགས་ཐ་དད་པ་གཉིས་སུ་འཛིན་པའི་སྐྱོ་གར་འབྱུང་བའང”[2]གདོན་མི་ཟ་བར་སྣང་ངོ་། །
ལུང་ཁུངས།
[1] «བོད་རྒྱ་ཚིག་མཛོད་ཆེན་མོའི»ཤོག་ངོས1898ན་གསལ།
[2] ལྕགས་ཐར་རྒྱལ་ལགས་ཀྱི«སྐད་ཆ་དང་ལོ་རྒྱུས་ཞིབ་འཇུག་དཔྱོད་ལྡན་རིག་པའི་སྒོ་འབྱེད»ཀྱི་ཤོག་ངོས109ན་གསལ།

འབྲེལ་ཡོད་འོས་སྦྱོར།