གླང་ཆེན་དང་གླང་ཁང་ཕུན་ཚོགས་རབ་བརྟན་གྱི་སྐོར།
རྩོམ་པ་པོ།:བན་ཤུལ་དཔལ་མཁར་རྒྱལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2022-08-19
ཀློག་གྲངས།:
གླང་ཆེན་དང་གླང་ཁང་ཕུན་ཚོགས་རབ་བརྟན་སྐོར་གྱི་བརྗེད་ཐོ།
བན་ཤུལ་དཔལ་མཁར་རྒྱལ།
བན་ཤུལ་དཔལ་མཁར་རྒྱལ།
སྤྱིར་ན། བོད་ནི་རི་མཐོ་ལ་གྲང་ངར་ཆེ་བའི་ཡུལ་གྲུ་ཞིག་ཡིན་གཤིས། ཚ་བ་ཆེ་བའི་ས་ཁུལ་གྱི་སྲོག་ཆགས་རྣམས་འཚོ་ཐུབ་མེད་མོད། ཞིབ་ཏུ་བསམ་ན། བསྐལ་བ་ཡ་ཐོག་གི་ས་གཤིས་དང་གནམ་གཤིས་འགྱུར་རིམ་གྱི་འགྲོས་ལྟར་དུ། ནུབ་ཀྱི་མངའ་རིས་ས་ཆ་ནས་གླང་ཆེན་གྱི་འགྱུར་རྡོ་རྙེད་པ་དེས། ཤིན་ཏུ་སྔ་མོའི་དུས་ཤིག་གི་ཚེ་ན། གཉུག་མར་གནས་པའི་བོད་རྒན་རྣམས་ནི་གླང་ཆེན་དང་འབྲེལ་འདྲིས་བྱུང་ཡོད་དམ་སྙམ་ཡང་དཔྱད་གཞི།
ཕྱི་ལོའི་དུས་རབས་བདུན་པའི་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ལ། རྒྱ་གར་གྱི་གླང་ཆེན་ཐལ་དཀར་མཆེ་བ་དྲུག་ལྡན་དང་གླང་ཆེན་ས་ལ་རབ་བརྟན་གཉིས་ལ་རྒྱུས་ལོན་བྱུང་ཡོད་པ་མ་ཟད། དེ་གཉིས་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་དཔྱད་ནས་ཧ་རི་ཙནྡན་ལྗོན་པའི་སྐོར་ཡང་ཤེས་རྟོགས་བྱུང་ཡོད། དེ་ནི་སྤུ་རྒྱལ་བཙན་པོའི་སྐུ་དུས་སུ། བོད་རྣམས་ཀྱིས་རྒྱ་གར་གྱི་གླང་ཆེན་སྐོར་ལ་ཤེས་རྟོགས་བྱུང་བ་སྔ་ཤོས་དེ་ཡིན་ནམ་སྙམ། རང་རེའི་རྒྱལ་རབས་ལོ་རྒྱུས་རྣམས་སུ། བསྐོས་པའི་རྒྱལ་པོ་སྡེ་བཞིའི་ཁྱད་ཆོས་འཆད་པའི་ཚེ། རྒྱ་གར་ཆོས་ཀྱི་རྒྱལ་པོས་གླང་ཆེན་གྱི་སྣ་ལ་བུམ་པ་བཏགས་ནས་དབང་སྐུར་ཞེས་བྲིས་ཡོད། དེ་ལ་བརྟག་ནའང་། བོད་ཀྱི་སྣང་ངོར་གླང་ཆེན་ནི་ཚ་བ་ཆེ་བའི་རྒྱ་གར་གྱི་སྲོག་ཆགས་ཤིག་ཡིན་པ་ཤེས་ཐུབ། དེ་ཡང་བདེན་ཏེ། གནའ་བོའི་རྒྱ་གར་བས་དམག་གཡོ་བའི་ཚེ་ན། གླང་ཆེན་སྨྱོན་པའི་སྣ་ལ་རལ་གྲིའི་འཕྲུལ་འཁོར་བཏགས་ནས་རྒྱུགས་པ་དང་། མཐོ་རིམ་རྒྱལ་བློན་ཁུགས་པ་དང་བཅས་པར་གླང་འདུལ་མཁན་པོ་དང་གླང་ཁང་སོགས་ཡོད་པ་མ་ཟད། ཆེ་བའི་ཉམས་འདོན་པའི་ཕྱིར། གླང་ཆེན་གྱི་རྒྱབ་ལ་ཁྲི་བརྒྱབ་ནས་རྒྱལ་པོ་དང་བཙུན་མོ་སོགས་ནགས་ཀྱི་ནང་དུ་འཁོར་ལ་རོལ་སྲོལ་ཡོད།
དུས་རབས་བདུན་པ་ཙམ་ནས། རྒྱ་གར་འཕགས་པའི་ཡུལ་གྱི་ནང་བའི་ལྟ་གྲུབ་རྣམས་བོད་དུ་དར་འགོ་ཚུགས་ཤིང་། དུས་རབས་བརྒྱད་པ་ནས་དགུ་བའི་བར་རྩེར་སོན་གྱི་དུས་ལ་བབ་ཡོད། ཕྲ་ལ་རིང་པའི་ཤིང་ཏ་ལའི་ལོ་མའི་གླེགས་བམ་ཤིང་རྟ་མང་པོ་བོད་དུ་ཁྱེར་ནས་བསྒྱུར་བ་དང་འཆད་པ་སོགས་ཀྱི་ཉེར་ལེན་ལས། བསྟན་བཅོས་ལ་གྲགས་པའི་སྲོག་ཆགས་གླང་ཆེན་ཡང་བོད་རྣམས་ཀྱི་སེམས་པའི་འཁྱེར་སོ་དང་མཛེས་པར་དཔྱོད་པའི་ལྟ་ཚུལ་གྱི་ནང་དུ་རས་ལ་སྣུམ་ཞུགས་པ་ལྟར་སིམ་ཡོད། ཁྱད་པར་དུ། སྐྱེས་རབས་ལས་བྱུང་བའི་མཐུན་པ་སྤུན་བཞི་དང་། ཨ་ཙཱ་ར་གླང་ཁྲིད་སོགས་རི་མོར་བྲིས་ནས་འབངས་ཕལ་བའི་འཚོ་བའི་ནང་དུའང་དར་ཁྱབ་བྱུང་ཡོད། མ་ཟད་སའི་ཁམས་རྣམས་སུ་འཚོ་བའི་བཙན་དམག་གིས་ཆིངས་འགྲིག་ཞི་མཐུན་ཡོང་པ་ལའང་མཐུན་པ་སྤུན་བཞིའི་རི་མོ་སྟོན་གྱི་ཡོད།
དེའི་འཕྲོར། གླང་ཆེན་བྱ་བའི་ཐ་སྙད་འདི་ནི། མར་པ་ཆོས་ཀྱི་བློ་གྲོས(༡༠༡༢-༡༠༩༧)ཀྱིས་མཛད་པའི«ཡུལ་མ་གྷ་དྷའི་སྐད་དུ་བྲིས་པའི་བསྟན་བཅོས»ན། ཧཱ་ཐི་ཞེས་པ་གླང་པོ་ཆེར་འགྱུར་ཡོད། དེ་ནི་ཕལ་ཆེར་རྒྱ་གར་ཡུལ་དབུས་ཀྱི་ཐ་སྙད་ཅིག་ཡིན་ནམ་སྙམ། «ཕལ་བོ་ཆེའི་མདོ»དང«མཛོད་འགྲེལ»ཁག་ལས་རང་རེའི་ཆུ་བོ་ཁ་འབབ་བཞིའི་ཡ་གྱལ་གླང་ཆེན་ཁ་འབབ་ནི་གངྒཱ་ཡིན་ཞེས་གསུངས་ཡོད། དེ་ལྟར་ན། ང་ཚོ་ལ་ཡོད་པའི་གཉུག་མའི་ཐ་སྙད་དེ་ཕར་བཏགས་པ་ཞིག་ཡིན་ནམ་ཅི། གང་ལྟར་མངོན་བརྗོད་སོགས་སུ། གླང་ཆེན་ལ་གཉིས་འཐུང་སོགས་མངོན་པར་བརྗོད་པའི་མིང་གི་རྣམ་གྲངས་དུ་མ་ཞིག་ཡོད་ནའང་། མངོན་བརྗོད་དེ་དག་ནི། རི་མཐོ་ལ་གྲང་ངར་ཆེ་བའི་སར་སློག་པས་བཏུམ་པའི་གང་ཟག་ཅིག་གི་ཡིད་ལ་ཤར་བའི་བློས་བསླངས་ཞིག་མ་ཡིན་ཏེ། ས་དམའ་ལ་མཚོ་མོ་ལྟེམ་པའི་སར་ལུས་ལ་དར་ཤམ་གྱོན་པའི་རྒྱ་གར་བ་རྣམས་ཀྱི་ཡིད་འགྱུར་དང་བརྩེ་དུང་ལས་བྱུང་བ་ཞིག་ཡིན། མི་བདེན་ན། ད་ལྟའི་བར་རང་རེ་ལ་དྲིན་ཆེ་བའི་གཡག་ལ་མངོན་བརྗོད་སྣ་གཅིག་ཀྱང་བྱུང་མ་ཐུབ་པ་དེ་ཅི་ཡིན་ནམ།
པོ་ཏ་ལའི་མདུན་དུ་ཡོད་པའི་གླང་ཆེན།
དེ་ལྟར་གླང་ཆེན་སྐོར་ནས་འཕྲོས་དོན་ཙམ་སྔོན་དུ་སོང་རྗེས། ཡ་མཚར་པ་ཞིག་ལ་སྐུ་འཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ(༡༧༥༨-༡༨༠༤)མཆོག་གི་སྐུ་དུས་སུ། ཕོ་བྲང་པོ་ཏ་ལའི་རྫོང་རྒྱབ་ཀླུ་ཁང་གི་ལྷོ་ནུབ་མཚམས་སུ(གླང་ཁང་ཕུན་ཚོགས་རབ་བརྟན)བྱ་བ་གསར་སྐྲུན་གནང་ཡོད། གླང་ཆེན་འཇུག་སའི་ཁང་མིག་བཞི་དང་གླང་རྫིའི་སྡོད་ཤག་རྭ་སྐོར་སོགས་ཀྱང་ཡོད། འདི་ནི་སྐབས་དེ་དུས་སུ་རྒྱ་གར་འཕགས་པའི་ཡུལ་གྱི་ལུགས་སྲོལ་དེས་ཤུགས་རྐྱེན་ཐེབས་པ་ཞིག་ཡིན་ནམ་སྙམ། ཕྱིས་སུ་སྐུ་འཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ(༡༨༧༦-༡༩༣)མཆོག་བཅས་ལ་བལ་ཡུལ་ནས་ལེགས་སྐྱེས་སུ་ཕུལ་བའི་གླང་ཆེན་རྩེ་ཕུད་གཉིས(གླང་ཁང་ཕུན་ཚོགས་རབ་བརྟན)གྱི་ནང་དུ་ཉར་ཡོད་ལ། གླང་འདུལ་མཁན་པོ་ཉིན་གུང་ཟིན་མཚམས་སུ་གླང་ཆེན་གྱི་རྒྱབ་ལ་ཞོན་ནས་གླང་ཁང་ཕུན་ཚོགས་རབ་བརྟན་ནས་ཕྱིར་ཐོན་ཡོང་པ་དང་། ཕོ་བྲང་པོ་ཏ་ལར་བསྐོར་བ་དང་སྦྲགས་ཞོལ་རྡོ་རིང་ཕྱི་མའི་འགྲམ་གྱི་ཁྲོམ་པ་ནས་ཆུ་བླངས་ཏེ་རྡོ་གཞོང་ནང་བླུགས་ནས། གླང་ཆེན་ལ་ཆུ་འཐུང་དུ་འཇུག་སྐབས་སུ། གླང་འདུལ་མཁན་པོས་སྐད་ཀྱིས་བརྡ་སྦྲན་པ་བཞིན་སྣ་ཞགས་ཡར་བརྐྱངས་ཏེ་སྲིད་ཞིའི་གཙུག་རྒྱན་ཕོ་བྲང་པོ་ཏ་ལའི་ཕྱོགས་སུ་ཆུ་ཕུད་གསུམ་གཏོར་ནས་ཆུ་འཐུང་ལ། འཐུང་ཚར་རྗེས་ཕྱིར་གླང་ཁང་ལ་ལོག་པ་ཡིན། དེ་བཞིན་ཟླ་བ་རེ་རེ་ཡི་ཚེས་བརྒྱད་དང་བཅོ་ལྔ། གནམ་གང་བཅས་ལ་གླང་འདུལ་མཁན་པོས་གླང་ཆེན་ལ་རིན་ཆེན་རྒྱན་ཆ་གཡོགས་ནས་བར་སྐོར་དུ་ཁྲིད་པ་དང་། ཚོགས་ཆེན་སེར་སྦྲེང་གི་ཉིན་རིན་ཆེན་རྒྱན་ཆ་དང་བཅས་རྩེ་པོ་ཏ་ལའི་ཞོལ་ལ་ཡང་བསྐྱར་ཁྲིད་ཡོང་ཞིང་། གླང་ཆེན་གྱིས་ཕོ་བྲང་པོ་ཏ་ལའི་ངོས་སུ་བཀྲམ་པའི་གོས་སྐུར་སྣ་ཞགས་བརྐྱངས་ཏེ་གུས་འདུད་ལན་གསུམ་ཞུ་སྲོལ་ཡོད། འདིའི་ཚུལ་ནི་དུས་རབས་ཉི་ཤུ་བའི་འཇར་མན་གྱི་གསར་ཤོག་རྙིང་གྲས་གྲགས་ཆེ་བ་ཞིག་གི་ནང་དུའང(འཛམ་གླིང་ཡང་རྩེ་ཡི་གླང་ཆེན)ཞེས་ཡ་མཚར་བའི་གསར་འགྱུར་གྱི་ཚུལ་དུ་བཀོད་ཡོད།
མདོར་ན། གླང་ཆེན་ནི་སྤུ་རྒྱལ་བཙན་པོའི་དུས་ནས་བཟུང་དུས་རབས་ཉི་ཤུ་པ་ལ་ཐུག་པའི་བར། རང་རེའི་ཆོས་སྲིད་ཀྱི་མཛད་སྒོ་ཁག་གི་ནང་བེད་སྤྱོད་དང་གཅེེས་ཉར་གནང་བའི་ལོ་རྒྱུས་ཡོད་པ་འདི་ནི། རང་དང་རིགས་མཐུན་པ་དག་གི་དྲན་ཡུལ་ནས་བོར་ན། ཤིན་ཏུ་ཕངས་བའི་བློས་མི་བརྗེད་པའི་ཐོར་བཀོད་པ་ཙམ་དུ་ལགས་སོ། །
༢༠༢༢ལོའི་ཟླ༨ཚེས༡༩ཉིན་ཡུལ་དབུས་ལྷ་སར།
འབྲེལ་ཡོད་འོས་སྦྱོར།