རྒྱལ་མོ་དངུལ་ཆུ་ཞེས་པའི་མིང་གི་གོ་དོན་གླེང་བ།
རྩོམ་པ་པོ།:དགེ་བཤེས་གཙུག་གཤེན་རྒྱལ་མཚན།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2022-08-29
ཀློག་གྲངས།:
རྒྱལ་མོ་དངུལ་ཆུ་ཞེས་པའི་མིང་གི་གོ་དོན་གླེང་བ།
དགེ་བཤེས་གཙུག་གཤེན་རྒྱལ་མཚན།
སྔོན་གླེང་།
དང་པོ། རྒྱལ་མོ་དངུལ་ཆུའི་ངོ་སྤྲོད།
ཆུ་བོ་འདི་ནི་བོད་ཀྱི་གནའ་དེང་ཡིག་ཚང་ནང་གྲགས་ཆེ་བའི་ཆུ་བོ་ཆེན་པོ་བཞི(འབྲི་ཆུ། རྨ་ཆུ། རྒྱལ་མོ་དངུལ་ཆུ། རྫ་ཆུ།)ཡོད་པ་ལས་གཅིག་ཡིན་ལ། བཞུར་ཡུལ་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཆིག་འབུམ་ཁྲི་མེད་ཉིས་སྟོང་ལྔ་བརྒྱ་ཙམ་ཡོད་པས་ཆུ་བོ་འདི་ནི་བོད་ཀྱི་ཆུ་ཆེན་ཨང་གཉིས་པ་དེ་ཡིན་པར་གྲགས། མ་གཞི་རྒྱལ་མོ་དངུལ་ཆུ་ལ་དང་ཤར་རྒྱལ་རོང་ཁྲོ་སྐྱབས། ཆུ་ཆེན། བཙན་ལྷ། རོང་བྲག་སོགས་བརྒྱུད་དེ་ལུའོ་ཧྲན་བྱམས་ཆེན་མདུན་དུ་འབབ་པའི་ཆུ་ཆེན་ལ་ཤར་རྒྱལ་མོ་དངུལ་ཆུའམ་རྔུལ་ཆུ་ཆུང་བ་ཞེས་འབོད་མཁན་འདུག་ལ། ཁམས་སྟོད་འབྲི་རུ་ནས་དཔལ་འབར། སྟེང་ཆེན། ལྷོ་རོང་། ཚ་རོང་། ཡུན་ནན་སོགས་བརྒྱུད་ནས་འབབ་མཁན་ལ་ལྷོ་རྒྱལ་མོ་དངུལ་ཆུའམ་དངུལ་ཆུ་ཆེ་བ་ཞེས་བརྗོད་བཞིན་འདུག བོད་ཀྱི་ལོ་རྒྱུས་ནང་འཁོད་པའི་ཆུ་ཆེན་བཞི་ཡི་ཡ་གྱལ་ཆུ་བོ་རྒྱལ་མོ་དངུལ་ཆུ་ནི་ཕྱི་མ་འདི་ཉིད་ཡིན་ལ་སྐབས་འདིར་གླེང་བར་བྱ་བ་ཡང་འདི་ཉིད་ཡིན། ཆུ་བོ་འདི་ནི“རང་རྒྱལ་ལྷོ་ནུབ་ས་ཁུལ་གྱི་ཆུ་བོ་ཆེན་པོ་ཞིག་ཡིན། སྟོད་རྒྱུད་ཀྱི་ནག་ཆུ་དང་། ཤག་ཆུ། སོག་ཆུ་བཅས་གདང་ལ་རི་རྒྱུད་ཀྱི་ནུབ་ངོས་ནས་བྱུང་ཞིང་། བོད་རང་སྐྱོང་ལྗོངས་ཀྱི་འབྲི་རུ་རྫོང་ཁུལ་དུ་ནག་ཆུ་དང་སོག་ཆུ་འཛོམས་རྗེས་རྒྱལ་མོ་རྔུལ་ཆུ་ཞེས་འབོད། དེ་ནས་སོག་དང་། དཔལ་འབར། སྟེང་ཆེན། ལྷོ་རྫོང་། དཔའ་ཤོད། མཛོ་སྒང་། ཚ་བ་རོང་། ཡུན་ནན་ཞིང་ཆེན་གྱི་ནུབ་རྒྱུད་བཅས་བརྒྱུད་དེ་རྒྱལ་མཚམས་ཀྱི་ཕྱི་རོལ་ཏུ་འབབ་དུས་མིང་ལ་སར་ཝུན་གཙང་པོ་ཟེར་ཞིང་། འབར་མ་རྒྱལ་ཁབ་ནས་ཧིན་དུ་རྒྱ་མཚོ་ཆེན་མོར་འབབ་པ་རེད།” ཆུ་བོའི་འདིའི་རྒྱུག་ཁུལ་དུ་ཡུལ་སྡེ་མང་པོ་ཆགས་ཡོད་ཅིང་ཤིང་ཏོག་དང་འབྲུ་རིགས་འདྲ་མིན་གྱི་ལོ་འབྲས་ཧ་ཅང་ལེགས་པ་ཡིན། ཆུ་བོ་འདིའི་རྒྱུག་ཁུལ་དུ་འགག་འཕྲང་དོག་ཅིང་ས་བབ་དམའ་བས་སྦས་ཡུལ་དང་ཚ་རོང་སོགས་ཀྱི་ཡུལ་མིང་སོགས་བྱུང་ཡོད།
གཉིས་པ། རྒྱལ་མོ་དངུལ་ཆུ་ཞེས་པའི་མིང་གི་གོ་དོན་གླེང་བ།
དེང་སང་བོད་ཀྱི་ཚིག་མཛོད་ནང་རྒྱལ་མོ་རྔུལ་ཆུ་ཞེས་གཏན་འབེབས་བྱས་ཡོད་པ་དང་། ཡི་གེ་བ་ཕལ་མོ་ཆེས་རྒྱལ་མོ་རྔུལ་ཆུ་ཞེས་འབྲི་མོད།[༡] སྔོན་གྱི་ལོ་རྒྱུས་ཡིག་ཆ་ཁག་ཏུ་རྒྱལ་མོ་དངུལ་ཆུ་ཞེས་བྲིས་ཡོད་པ་ལས་རྔུལ་ཆུ་ཞེས་བྲིས་པ་མཐོང་དཀོན་པོར་གྱུར་ཡོད། དེ་ཡང་མཁས་དབང་དམུ་དགེ་བསམ་གཏན་ལགས་ཀྱིས«བོད་ཀྱི་ལོ་རྒྱུས་ཀུན་དགའི་མེ་ལོང»ལས་རྒྱལ་རོང་ཕྱོགས་ཀྱི་ལོ་རྒྱུས་འཆད་སྐབས“རྒྱལ་མོ་དམུ་རྡོའི་ལྷ་ཆེན་པོ་དེ་ཉིད། སེམས་ཅན་དོན་དུ་ཕེབས་བཞུད་གནང་བས་སྐུ་ངལ་ཏེ་རྔུལ་བའི་ཆུ་ཡིན་ཞེས། མཁས་པ་དག་གིས་བསྟོད་བསྔགས་ཀྱི་མིང་གསོལ་ཏེ། བསང་མཆོད་དང་མཆོད་ཆོག་ཀྱང་བརྩམས། དེས་ན་རྒྱལ་མོ་རྔུལ་བའི་ཆུ་རྒྱུད་རྒྱལ་མོ་ཚ་བ་རོང་ཞེས་གྲགས”ཞེས་ཤར་རྒྱལ་མོ་རྔུལ་ཆུའི་མིང་བརྡ་བྱུང་ཚུལ་དེ་རྒྱལ་རོང་གི་ཡུལ་ལྷ་དམུ་རྡོ་ལྷ་གཉན་དང་འབྲེལ་བ་ཡོད་པར་བསྙད་ཡོད། ཕལ་ཆེར་དུས་སྐབས་འདི་ཙམ་ནས་རྒྱལ་མོ“རྔུལ”ཆུ་ཞེས་པའི་ནོར་འཁྲུལ་ཅན་གྱི་ཡི་གེ་འབྲི་སྟངས་འདི་ཐོག་མར་ཐོན་པ་དང་། རིམ་བཞིན་འབྲི་སྟངས་འདི་ཉིད་དག་པར་རློམ་སྟེ་བཀོལ་སྤྱོད་བྱས་པས་མ་དག་རྒྱུན་འབྱམས་སུ་སོང་བ་ཡིན་ནམ་སྙམ། གཞན་ཡང་ཁོང་གི་འགྲེལ་ཚུལ་འདི་ཤར་རྒྱལ་མོ་རྔུལ་ཆུ་དང་སྦྱར་ན་འགྲིག་པ་ཡིན་ན་ཆོག་མོད། ཆུ་ཆེན་བཞི་ཡི་ཡ་གྱལ་རྒྱལ་མོ་དངུལ་ཆུ་ནི་བོད་ཡུལ་ལྷོ་རྒྱུད་ནས་འབར་མ་བརྒྱུད་དེ་ཧིན་རྡུ་རྒྱ་མཚོ་ཆེན་མོར་བཞུར་བ་ཡིན་པས་རྒྱལ་རོང་དམུ་རྡོ་ལྷ་གཉན་དང་སྦྱར་ནས་འགྲེལ་ཐབས་རྩ་བ་ནས་མེད། དེས་ན་རྒྱལ་མོ་དངུལ་ཆུ་ཞེས་པའི་ཐ་སྙད་འདི་རྒྱལ་རོང་དང་རྒྱལ་རོང་གི་ཡུལ་ལྷ་དམུ་རྡོ་ལྷ་གཉན་དང་འབྲེལ་བ་གང་ཡང་མེད། ཡང་ན་རྒྱལ་མོ་དངུལ་ཆུ་ལ་རྒྱལ་མོ་དང་དངུལ་ཆུ་ཞེས་འབོད་པའི་རྒྱུ་མཚན་རེ་རེ་ནས་འཇོག་རྒྱུ་ཡོད་དམ་ཞེ་ན། ཡོད་དེ་བོད་ཀྱི་ཡིག་རྙིང་གྲགས་ཅན«དབུ་ནག་མི་བུ་འདྲ་ཆགས»ལས“ད་ཆོས་མི་འགྱུར་རྒྱལ་མོ་རོང་དྲུག་དེ། རྒྱལ་མོ་རོང་གི་གླིང་ཁྲི་ནས། དར་འགུ་ལིང་གི་པད་མ་གད་དེ་འདུག འབྲི་ཆུ་རྒྱལ་མོའི་ཆུ་རོང་ན། ཆོས་གདུང་རབ་ཀྱི་གསེར་གདོང་ཁྲིགས་སེ་འདུག ཟླ་ཆུ་རྒྱལ་མོའི་ཁུག་སོ་ན། ལྕག་སྔོ་གཉན་གྱི་ཐོ་རྗེ་གད་དེ་འདུག ཏི་ཆུ་རྒྱལ་མོའི་ཁྲིམས་ར་ན། དངུལ་དཀར་གྱི་སེང་མདུང་གད་དེ་འདུག ཡ་སྟགས་རྒྱལ་མོའི་ཕོ་བྲང་ན། འཕྲུག་ལ་ཐག་གི་ཚར་བ་ཀེད་དེ་འདུག རྩང་པ་སྐྱ་རྒྱལ་མོའི་མདུང་རྩེ་ན། བཙུན་ཆུང་གི་ཕྱག་སྟང་ཁྲིགས་སེ་འདུག”ཞེས་འབྲི་ཆུ་དང་ཟླ་ཆུ་སོགས་ཆུ་ཆེན་ཁག་ལ་རྒྱལ་མོ་ཞེས་པའི་ཐ་སྙད་བཀོལ་ཡོད་པས་སྐབས་འདིའི་རྒྱལ་མོ་ཞེས་པའི་དོན་ནི་ཆུ་བོ་ཐམས་ཅད་ཀྱི་ཨ་མ་དང་རྒྱལ་མོ་ལྟ་བུ་ཡིན་པས་དེ་ལྟར་འབོད་པ་འདྲ། གཞན་ཡང་བོད་མི་རྣམས་ཀྱིས་ནམ་རྒྱུན་འབྲི་ཆུ་གསེར་ལྡན་དང་ཟླ་ཆུ་སྔོན་མོ་སོགས་འབོད་སྲོལ་ཡོད་པ་ལྟར། གོང་གི་ལུང་ཚིག་ལས་ཆུ་བོའི་འགྲམ་རྒྱུད་ཀྱི་ས་གཤིས་ཁ་དོག་དང་ཁྱད་ཆོས་སོགས་ལ་གཞིགས་ཏེ་ཆུ་བོའི་མིང་བཏགས་པ་གསལ་བཤད་བྱས་ཡོད་ཅིང་། འདིར་གསལ་བའི་ཏི་ཆུ་ནི་རྒྱལ་མོ་དངུལ་ཆུ་ལ་གོ་དགོས་ཏེ། «དབུ་ནག་མི་བུ་འདྲ་ཆགས»ལས“ད་མདོ་གམ་གྱི་ཕྱུག་ལུགས་དྲུག་དེ། གླིང་ཀ་སྨར་མོ་རྟ་ཡིས་ཕྱུག དམག་རྒྱལ་དྲག་པོ་གཡག་གིས་ཕྱུག འབྲི་རྒྱལ་དམ་པའི་ཆོས་ཀྱིས་ཕྱུག ལྷོ་ཟླ་སྔོན་མོ་ནས་ཀྱིས་ཕྱུག རུ་རྒྱལ་གཡང་མོ་ལུག་གིས་ཕྱུག ཏི་ཆུ་ནག་མོ་ཤིང་གིས་ཕྱུག དེ་མདོ་གམ་གྱི་ཕྱུག་ལུགས་དྲུག་ཡིན།”ཞེས་ཏི་ཆུ་མདོ་གམ་དུ་ཡོད་པ་དང་ཆུ་བོ་དེའི་རྒྱུག་ཁུལ་གྱི་ཐོན་ཁུངས་གཙོ་བོ་ཤིང་ནགས་ཡིན་པ་བསྟན་ཡོད། རྒྱལ་མོ་དངུལ་ཆུའི་རྒྱུག་ཁུལ་གྱི་ཐོན་ཁུངས་གཙོ་བོ་ཤིང་ནགས་ཡིན་ཏེ། དཔལ་འབར་རྫོང་གི་བྱང་ཤར་དང་སྟེང་ཆེན་རྫོང་གི་ལྷོ་རྒྱུད་རྒྱལ་མོ་དངུལ་ཆུའི་གྲོག་རོང་ཁག་ཏུ་ནགས་ཚལ་གྱི་རྫོངས་མཐུག་པ་དང་། དེ་ནས་མར་རིམ་བཞིན་ལྷོ་རོང་རྫོང་ཁོངས་ཀྱི་ཤིང་རོང་ཤང་དང་ཟླ་རོང་ཤང་སོགས་དངུལ་ཆུ་འགྲམ་རྒྱུད་དུ་ནགས་ཚལ་རབ་ཏུ་རྒྱས་ཡོད། དེ་ནས་མར་ཚ་རོང་མཛོ་སྒང་རྫོང་ཁོངས་ཀྱི་དངུལ་ཆུ་རྒྱུག་ཁུལ་གྱི་ཡུལ་གྲོང་ཁག་ཏུ་ཤིང་འབྲས་སྣ་ཚོགས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད། དེ་བཞིན་རྫ་ཡུལ་རྫོང་བྲག་ནག་ཤང་གི་ཁོངས་གཏོགས་གནས་མཆོག་ཁ་བ་དཀར་པོའི་གཡས་ཟུར་གྱི་དངུལ་ཆུའི་གྲོག་རོང་ཆེན་མོར་རྩི་ཤིང་ནགས་ཚལ་སྣ་མང་སྐྱེས་ཡོད་ལ། ཡུན་ནན་ཞིང་ཆེན་ས་ཁོངས་ཀྱི་དངུལ་ཆུ་བཞུར་འགྲམ་ལི་སུའུ་རིགས(傈僳族)འཚོ་སྡོད་བྱ་ཡུལ་གྱི་རི་ལུང་ཀུན་ཏུ་ཤིང་ནགས་ཀྱི་རྫོངས་ཧ་ཅང་མཐུག་པས་རེད། ཡང་དེ་ཉིད་ལས“ད་ཆུ་དྲུག་བར་གྱི་སྒང་ལྔ་དེ། སྲིབ་ཆུ་ནག་མོ་ཚུར་བཅད་དང་། དངུལ་ཆུ་དལ་འབྱམ་ཕར་བཅད་དེ། ས་དེར་སྒང་གཅིག་ཡོད་པ་དེ། ཨ་སྐྱིད་ལྷོ་འུར་གྱི་སྒང་ཁྲལ་ཡིན། དངུལ་ཆུ་དལ་འབྱམ་ཕར་ཚུར་བཅད་དེ། རྫ་ཆུ་ཁམ་པ་ཕར་བཅད་དེ། སྨར་ཁམས་ཀེ་རུའི་སྒང་ཁྲལ་ཡིན། ཚ་བ་རྫ་སྒང་རིང་མོ་དང་། རྫ་ཆུ་བཅད་པ་ཕར་བཅད་དང་། འབྲི་ཆུ་སེར་མོ་ཕར་བཅད་དེ། ཤར་ཟླ་བཅད་པ་ཚུར་བཅད་དེ། བུ་འབོར་གྱི་སྟག་སྒང་རིང་མོ་ཡིན། ཤར་ཟླ་བཅད་པ་ཕར་བཅད་དེ། རྨ་ཆུ་ལི་མ་ཚུར་བཅད་དེ། རྨ་ཟླ་ཉི་མའི་སྒང་ཁྲལ་ཡིན།”ཞེས་མདོ་གམ་ཡུལ་གྱི་ཆུ་དྲུག་སྒང་ལྔ་བསྟན་སྐབས་རྒྱལ་མོ་དངུལ་ཆུ་ལ་དངུལ་ཆུ་ཞེས་སྨྲས་ཡོད།
འོ་ན། རྒྱལ་མོ་དངུལ་ཆུ་ལ་ཏི་ཆུ་ཞེས་འབོད་པའི་རྒྱུ་མཚན་གང་ཡིན་ཟེར་ན། ཏི་ནི་བོད་ཀྱི་གནའ་བོའི་བརྡ་ཆད་ཅིག་ཡིན་ལ་དོན་ནི་རྒྱལ་མོ་དང་ཆུ་གཉིས་ལ་འཇུག་པ་རེད། དེ་ཡང་བོན་གྱི་གནའ་དཔེ་ཁག་ནས་ཏིང་ནམ་རྒྱལ་མོ་ནི་ཆུ་ཡི་ལྷ་མོ་ཞེས་པའི་དོན་ཡིན་པ་དང་། བོད་ཀྱི་མངོན་བརྗོད་གཞུང་ལས་ཏི་མའི་མཛོད་ནི་རྒྱ་མཚོར་འཇུག་པར་བཤད་པ་སོགས་ཀྱིས་དཔོག་ཐུབ། གོང་དུ“ཏི་ཆུ་རྒྱལ་མོའི་ཁྲིམས་ར་ན། དངུལ་དཀར་གྱི་སེང་མདུང་གད་དེ་འདུག”ཅེས་པའི་དོན་ནི་རྒྱལ་མོ་དངུལ་ཆུ་འབབ་སའི་རི་ལུང་གི་ཁ་དོག་ལ་བཤད་པ་ཡིན་ཏེ། སོག་རུ་ཀརྨ་ཀུན་ཁྱབ་ལགས་ཀྱིས་བརྩམས་པའི«ས་ཆེན་གྱི་སྒལ་ཚིགས། གཙང་ཆུའི་འགོ་ཁུངས»ལས“ལོ་རྒྱུས་ཡིག་རིགས་ནང་རྒྱལ་མོ་རྔུལ་ཆུ་ཞེས་པའི་ཐ་སྙད་དེ་ཉིད་འཁོད་ཅུང་སྔ་བའི་ཡིག་ཆ་ནི་སྤྱི་ལོའི་དུས་རབས་བཅོ་ལྔའི་ནང་བརྩམས་པའི་མཁར་ནག་ཆོས་འབྱུང་ཞེས་པར། རྒྱལ་མོ་དངུལ་ཆུ་ཞེས་གསལ་ཡོད་ལ། དེ་ལས་རྒྱལ་མོ་དངུལ་ཆུ་ཞེས་ཐོགས་དོན་ནི། ཆུ་བོའི་འབབ་རྒྱུད་ནི་མདོ་ཁམས་སྒང་དྲུག་གི་ཡ་གྱལ། དངུལ་རྫ་ཟལ་མོ་སྒང་ཞེས་རི་བོ་ཐམས་ཅད་བྲག་དཀར་དངུལ་དཀར་ཞུན་མའི་ཁ་དོག་ལྟ་བུའི་རི་རྒྱུད་དང་ཉེ་བར་བཅར་ཞིང་། ཆུ་འགོ་མང་པོ་ཞིག་རི་རྒྱུད་དེའི་ཁོང་གསེང་ནས་འབབ་ཀྱི་ཡོད་པས་ན་རྒྱལ་མོ་དངུལ་ཆུ་ཞེས་སུ་ཐོགས་པར་བཤད།”ཞེས་རྒྱལ་མོ་རྔུལ་ཆུའི་མིང་ཐོགས་ཚུལ་མདོ་གམ་སྒང་དྲུག་གི་ཡ་གྱལ་དངུལ་རྫ་ཟལ་མོ་སྒང་དང་འབྲེལ་བ་ཡོད་པར་བཤད་ཅིང་། རི་ཡི་ཁ་དོག་ལ་གཞིགས་ཏེ་དངུལ་རྫ་ཟལ་མོ་སྒང་དང་དེའི་རི་རྒྱུད་ནས་བབ་པའི་ཆུ་ལ་དངུལ་ཆུ་ཞེས་འབོད་པར་གླེང་ཡོད། དེ་ལྟར་གནའ་དཔེ་རྙིང་པ«དབུ་ནག་མི་བུ་འདྲ་ཆགས»དང་དུས་རབས་བཅོ་ལྔའི་ནང་བརྩམས་པའི་མཁར་ནག་ཆོས་འབྱུང་། བྲག་སྒོམ་པ་དཀོན་མཆོག་བསྟན་པ་རབ་རྒྱས(1801-1866)ཀྱིས་བརྩམས་པའི«མདོ་སྨད་ཆོས་འབྱུང»སོགས་གྲུབ་མཐའ་ཁག་གི་མཁས་པས་བརྩམས་པའི་ལོ་རྒྱུས་ཡིག་ཆ་མང་པོར་རྒྱལ་མོ“དངུལ་ཆུ”ཞེས་བྲིས་ཡོད་པ་སོགས་ལ་བརྟགས་ན་རྒྱལ་མོ་དངུལ་ཆུ་ཞེས་བྲིས་ན་འཐད་པ་ལས་རྒྱལ་མོ་རྔུལ་ཆུ་ཞེས་བྲི་མི་རུང་བ་ཤེས་ཐུབ་བོ། །
ཞེས་ཁྱུང་པོ་རྩེ་དྲུག་དགོན་གྱི་དགེ་བཤེས་གཙུག་གཤེན་རྒྱལ་མཚན་གྱིས་ཤེལ་བྲག་དགའ་བའི་ཚལ་དུ(༢༠༢༢-༥-༢༥)སྦྱར་བའོ།།
མཆན།
[༡] དེང་སང་རྩོམ་ཡིག་དང་བརྡ་ཁྱབ་ཁ་ཤས་ནང་རྒྱ་མོ་ངུ་ཆུ་ཞེས་ཆོབ་ཚ་པོ་བྲིས་པ་འགའ་ཡང་མཐོང་། དེ་དག་ནི་རང་བཟོ་ཁོ་ན་ལས་ལོ་རྒྱུས་ཀྱི་རྒྱབ་ལྗོངས་གང་ཡང་མེད།
གསལ་བཤད། པར་གཉིས་པའེ་ཏུའུ་ལས་བླངས།
འབྲེལ་ཡོད་འོས་སྦྱོར།