logo

༄༅། །རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་ཀྱི་རྣམ་ཐར་བཀླགས་པའི་བརྗེད་བྱང་།

རྩོམ་པ་པོ།:གཡུ་སྨྱུག་ཐོགས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2022-09-05 ཀློག་གྲངས།:
༄༅། །རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་ཀྱི་རྣམ་པར་ཐར་པ་ཀུན་ཁྱབ་སྙན་པའི་རྔ་སྒྲ་ཞེས་བྱ་བ་བཀླགས་པའི་བརྗེད་ཐོ་དྲན་པ་གསལ་འདེབས།
གཡུ་སྨྱུག་ཐོགས།
 
        མཁས་དང་གྲུབ་པའི་དབང་ཕྱུག་རྗེ་བཙུན་རྭ་ལོ་ཆེན་པོ་ཞེས་སྙན་པའི་བ་དན་ཕྱོགས་བཅུར་གཡོ་བ་འདི་ཉིད་ཀྱི་རྣམ་པར་ཐར་པ་འདི་བཀླགས་པ་ལ་དད་རྟེན་དྲན་ཤེས་བརྟན་ཆེད་རགས་ཙམ་བརྗེད་ཐོར་བཀོད་པ་རྣམ་པར་ཐར་པ་ཀུན་ཁྱབ་སྙན་པའི་རྔ་སྒྲ་ཞེས་པ་འདི་ནི་རྭ་ལོ་ཆེན་པོ་ཁོང་གི་དངོས་སློབ་རྭ་ཆོས་རབ་ཀྱིས་གསུངས་བ་ཇི་བཞིན་དངོས་སློབ་རྭ་ཡེ་ཤེས་སེང་གེ་ཡིས་གང་གི་ཆེ་བའི་ཡོན་ཏན་ནམ་མཁའ་ལྟར་རྒྱ་ཆེ་བ་ལས་ཆུ་ཐིགས་ཙམ་ཞིག་གཡོ་སྒྱུ་སྒྲོ་སྐུར་ཚིག་གི་དྲི་མས་མ་གོས་པར་ཕྱོགས་ཙམ་བཀོད་པའི་སྙིང་བོ་འདི་ལྟ་སྟེ།
༡ ངོ་མཚར་ལྟས་བཟང་དུ་མ་དང་ལྡན་པའི་སྒོ་ནས་སྐུ་འཁྲུངས་ཚུལ་ནི།
        མེ་འབྲུག༡༠༡༦ལོའི་ཧོར་ཟླ༡༢ཉིན་རི་མཐོ་ས་གཙང་སྨན་སྣ་ཚོགས་སྐྱེ་བའི་ཡུལ་ལ་སྟོད་ལྷོའི་ཆ་སྙེ་ནམ་གླིང་ཡུལགཉའ་ནམ་ཡང་ཟེརས་ལ་དགེ་བཅུ་ཚང་བའི་ཕུ་ལ་འབྲོག་དང་མདའ་ན་ཞིང་འཛོམས་པའི་ཞིང་ཕྱུགས་གཉིས་ལྡན་གྱི་ཡུལ་སྡེ་དེ་རུ་ཡབ་ནི་མི་རབས་བདུན་དུ་སྔགས་པའི་རྒྱུད་པ་བར་མ་ཆད་པ་རྭ་དཀོན་མཆོག་རྡོ་རྗེ་ཞེས་རྙིང་མ་ལ་མཁས་པ་གཅིག་དང་ཡུམ་ནི་རྡོ་རྗེ་དཔལ་འཛོམས་ཞེས་བྱ་བ་དུང་ཅན་མའི་རྟགས་ཚང་བ་གཉིས་ཀྱི་སྲས་ལྔ་ཡི་བར་པ་ལ་སྐུ་འཁྲུངས་བའི་ཚུལ་མཛད་པའོ།།
        ལྷུམས་སུ་བཞུགས་པའི་ཚེ་རྟག་ཏུ་ཡུམ་གྱི་མནལ་ལམ་ལ་མཁའ་འགྲོ་ཆོས་སྐྱོང་སོགས་རྟགས་མཚན་ངོ་མཚར་འབའ་ཞིག་རྨིས་ཤིང་ཡུམ་ལས་ཡང་གསལ་ཞིང་བདེ་བ། གཟིམས་ཁང་ལའང་འཇའ་དང་མཚན་མ་བཟང་བོས་རྟག་ཏུ་རྒྱན་ཞིང་། འཁྲུངས་བའི་དུས་སུའང་སྙུང་ཟུག་གང་ཡང་མེད་པར་ནམ་མཁའ་དྭངས་བ་ལ་མེ་ཏོག་གི་ཆར། འཇའ་འོད་ཀྱི་དྲ་བ་དྲ་ཕྱེད། ས་གཞིར་བཅུད་ཆགས་པ་སོགས་ངོ་མཚར་ལྟས་བཟང་རྟག་ཏུ་ཤིས་པའི་དཔལ་ལ་ཤར། འཁྲུངས་ནས་ཟླ་ངོ་དྲུག་ཙམ་འགོར་བ་ན་དཔལ་ལྡན་ལྷ་མོས་ཡུམ་གྱི་པང་ནས་ཁྱེར་ཏེ་ཟླ་ངོ་གཉིས་ལ་ནམ་མཁའ་ནས་སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་གི་ས་ཆ་བསྟན་དེ་མ་འོངས་གདུལ་བྱ་ལུང་དུ་བསྟན་ཞིང་སླར་ལོག་དུས་ལོ་ལྔ་ལ་ལོན་པའི་བོངས་ཚོད་ཡོད་པས་ནང་མི་རྣམས་ངོ་མཚར་སྐྱེས་ཏེ་མཚན་ལའང་ངོ་མཚར་འབྱུང་གནས་བཏགས། ཡུལ་མི་རྣམས་ཀྱིས་སྟོར་བའི་ཡུན་རིང་ཡང་མ་ཤི་བས་འཆི་མེད་རྡོ་རྗེ་བཏགས། དེ་ཡང་དགུང་ལོ་དྲུག་ལོན་པའི་ཚེ་ཡབ་ཀྱིས་ཀློག་བསླབས་པ་ཚེགས་མེད་དུ་མཁྱེན། དགུང་ལོ་བདུན་པར་ཡབ་ཀྱི་མདུན་ནས་ཆོས་གསན་ཏེ་གསན་པ་ཐམས་ཅད་ཐུགས་སུ་ཆུད་པས་ངོ་མཚར་དད་མོས་ཀུན་ལ་སྐྱེས། དགུང་ལོ་བརྒྱད་པའི་སྟེང་ཡིག་རིགས་ལྔ་བཅུ་རྩ་བདུན་ཚེགས་མེད་དུ་མཁྱེན། དགུང་ལོ་བཅུ་གཅིག་པར་གསང་སྔགས་རྡོ་རྗེ་ཐེག་པའི་དགོས་མཁོ་དང་ཡབ་ཀྱི་བཀའ་མ་ཆོག་པས་སྙེ་ནམ་ན་མཚར་བའི་ཚད་དུ་འཛིན་པའི་བུ་མོ་ཞིག་རིག་མར་བཞེས། དགུང་ལོ་བཅུ་གཉིས་ནས་བཅུ་བཞིའི་བར་དུ་ཡང་དག་བསྙེན་པ་ལ་བསྐྱལ་བ་དང་། ལུས་བགེགས་སེམས་བགེགས་དྲག་པོ་ཡང་བྱུང་། སྡིག་སྒྲིབ་དག་པའི་རྟགས་ཀྱང་མང་དུ་བྱུང་བ་སོགས་ཆོས་ཀྱི་དགའ་སྟོན་ཅི་ཡང་མཛད།
༢ མ་དང་མཁའ་འགྲོའི་ལུང་བསྟན་བཞིན་བལ་ཡུལ་ལ་ཕེབས་ཚུལ་ནི།
        ཕྱོགས་དེའི་སྒྲུབ་གནས་དང་རྟེན་ཁྱད་པར་བ། བན་སྔགས་ཐམས་ཅད་ལ་བསྙེན་བཀུར་ལེགས་པོ་མཛད་དེ་བལ་ཡུལ་དུ་འགྲོ་བ་ལ་བར་ཆད་མི་འབྱུང་བའི་གསོལ་བ་བཏབ་ཏེ་གསེར་སྲང་ཉེར་དགུ་ལྷག་ཁྱེར་ཏེ་གྲོགས་མེད་གཅིག་པུ་ཆོམ་རྐུན་གཅན་གཟན་འཇིགས་པ་དང་བཅས་བལ་ཡུལ་རིག་པའི་འབྱུང་ནས་ཡེ་རང་དུ་ཕེབས་ཏེ་དགེ་བའི་ལས་ཅི་ཡང་བྱས་ཤིང་ཐ་ག་པ་མང་པོ་བརྡ་བྲིས་ནས་བླ་མ་བྷ་རོ་གར་བཞུགས་ལ་རྩད་ཞིབ་བྱས་ཏེ་ཉི་མ་ཡེ་རང་སྟེང་དགོན་པར་ཕེབས་པ་ན་བལ་བོའི་རྣལ་འབྱོར་བ་དང་བྷ་རི་མ་མང་པོ་བསུ་བར་བྱུང་ཏེ་བླ་མ་བྷ་རོ་ལ་དབང་ཡོན་དུ་གསེར་དང་ལུས་ངག་ཡིད་གསུམ་ཕུལ་ནས་རྡོ་རྗེ་ཕག་མོའི་དབང་ཞུས་ཏེ་རྒྱུད་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་ལེགས་པར་གསན། བལ་བོའི་པཎ་གྲུབ་དུ་མ་ལས་ཡང་ཆོས་མང་དུ་གསན། དེ་ནས་འཕགས་པ་ཤིང་ཀུན་བསྐོར་དུ་གཤེགས་པ་ན་མུ་སྟེགས་པུརྣ་ནག་པོ་བྱ་གཅིག་དང་ཕྲད་དེ་རྭ་ཆེན་མུ་སྟེགས་ཆོས་སྒོར་ཞུགས་པར་སྐུལ་བ་ལ་མ་ཉན་པས་ཁོ་ཁྲོས་ཏེ་ཞག་བདུན་ལ་ལྟོས་ཤིག་ཟེར་ནས་ལོག་ཏེ་ཕུར་བུ་མདའ་འཕེན་གྱི་མཐུའི་སྒྲུབ་པ་ལ་བླ་མས་ཕག་མོའི་སྒོ་ནས་ཕྱིར་བཟློག་མཛད་པས། རེ་ཞིག་བཟློག་ཅིང་སྔར་ལྟར་བྱས་པས་བླ་མར་ཞུས་པ་ན་བླ་མས་མཐུ་བཟློག་ལ་གཟབ་དགོས་པ་དང་དེ་བཟློག་པ་ལ་གཞན་མི་ཕན་པ་མཁྱེན་ཏེ་ཨུཥྣིའི་བཟློག་པ་ཟབ་མོ་ཡོད་པ་དེ་སྦྱིན་ནས་མུ་སྟེགས་པ་དེ་ལྕེབས་ནས་ཤི་བའོ། །དེ་ནས་ཕྱིར་ལོག་རྩིས་ཀྱི་སྐབས་ལ་མཁའ་འགྲོས་བརྡ་བསྟན་དེ་ཁྱོད་གདམས་པ་མ་རྫོགས་པར་གང་ལ་འགྲོ། རྩ་བ་དོར་ནས་ཡལ་གར་མི་འཇུ་བར་ད་རུང་གདམས་པ་ཟབ་མོ་ཡོད་ཀྱི་ཞུས་ཟེར་ནས་འཇའ་ལྟར་ཡལ། དེ་ནས་རྭ་ཆེན་བླ་མའི་དྲུང་དུ་བྱོན་ནས་ལོ་རྒྱུས་རྣམས་ཞུས་པ་ན། བླ་མ་བྷ་རོས་སྣོད་ལྡན་སློབ་མ་ཡིན་མིན་བརྟག་ཆེད་དབང་ཡོན་སོགས་རྒྱུ་རྐྱེན་དུ་མ་ལ་ཁ་གཡར་ནས་རེ་ཞིག་ཐུགས་རྗེས་མ་བཟུང་ལ། བལ་བོའི་ཡོན་བདག་གི་མཐུན་རྐྱེན་གྱི་བཀའ་དྲིན་འོག་དབང་ཡོན་ཡོད་ཀྱང་ཉམས་སད་ཀྱི་སྐུ་ཚེགས་གང་མང་གཏད་མཐར་སྣོད་ལྡན་ཡིན་པ་མཁྱེན་ནས་རྒྱུད་སྡེ་ཐམས་ཅད་ཀྱི་ཡང་སྙིང་། གསང་སྔགས་གཞན་ལས་གནད་བཅུ་གསུམ་གྱིས་ཟབ་པ། སྡིག་ཅན་བཙན་ཐབས་ཀྱིས་སངས་རྒྱ་བ། གང་ཟག་དབང་བོ་རབ་ཚེ་འདི། འབྲིང་འཆི་ཁ། ཐ་མའང་བར་དོ་གྲོལ་བའི་ཆོས་གྲུབ་ཐོབ་ཀྱི་ཟམ་མ་ཆད་པ། བྱིན་རླབས་ཀྱི་ངད་མ་ཡལ་བ། མཁའ་འགྲོའི་སྙིང་ཁྲག་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་གྱི་དབང་བཞི་མཐའ་རྟེན་དང་བཅས་པ་རྫོགས་པར་གནང་སྟེ། བལ་ཡུལ་གྱི་གནས་ཆེན་དག་ལ་མཇལ་དུས་ཁྲོ་བོ་ཁྲོ་མོ། ཡུལ་ལྷ་གཞི་བདག་སོགས་ཀྱིས་བསྙེན་བཀུར་དང་ཉམས་སྣང་སོགས་ཅི་ཡང་བསྟན་ལ། ཁྱད་པར་དཔལ་ལྡན་ལྷ་མོ་ལ་འཁོར་ནག་མོ་འབུམ་སྡེས་བསྐོར་བ་བྱུང་ནས། ངེད་རྣམས་མུ་ལེ་དིང་གི་རྒྱ་མཚོ་ནས་འོངས། མིང་ནི་དཔལ་ལྡན་གཉན་གྱི་རེ་མ་ཏི་ཞེས་བགྱི། སྔར་ཡང་ཁྱེད་ཀྱི་འཕྲིན་ལས་ངས་བསྒྲུབས་པ་ཡིན་ཞེས་ཞལ་གྱིས་བཞེས་ཏེ་འཕྲིན་ལས་སྤེལ་བ་ལ་དངོས་ཤུགས་ཅི་རིགས་ཀྱིས་རོགས་དན་མཛད་པའོ། །
༣ བོད་དུ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་གདམས་པ་གནང་ཚུལ་ནི།
        སྙེ་ནམ་དུ་འཆི་མེད་རྡོ་རྗེ་ལ་བལ་ཡུལ་དུ་མུ་སྟེགས་ཀྱི་མཐུ་བྱུང་ནས་ཤིའོ་ཟེར་བའི་གཏམ་བྱུང་བས། སྐུ་གཅེན་བརྟན་སྤྲེའུ་ཚོང་ལ་བསྙད་བཏགས་ནས་གཅུང་ཤི་མ་ཤི་ལ་བལྟ་བར་འོངས་པ་དང་ལམ་དུ་འཕྲད། དེར་བླ་མ་བྷ་རོ་ལ་ཆོས་ཞུས་པའི་ལོ་རྒྱུས་ཞུས་ཏེ་ཕྱིར་ཡུལ་དུ་ལོག་པ་ན་ཁོང་གི་རིག་མ་དེ་སྐྱེ་འབྲས་མཚར་ལ་ཡག་དྲག་པས་སྙེ་ནམ་འབྲི་ཁྱིམ་པས་འཕྲོག་པ་དང་། ཡབ་ཡུམ་གཉིས་པོ་མ་ཤི་ཙམ་དུ་བརྡུངས། སྐུ་མཆེད་རྣམས་བཙོན་ལ་བཅུག་པས་རྭ་ཆེན་གྱིས་དཔལ་འཇིགས་བྱེད་ཀྱི་ཏིང་འཛིན་ལ་བཞུགས་ནས། མ་ཧེའི་རྭས་བརྡུང་བའི་སྟངས་ཀ་མཛད་པས་དགྲ་བོ་ཐམས་ཅད་མིང་གི་ལྷག་མར་བྱས། དེ་ནས་ཡུལ་ཕྱོགས་དེར་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་འཕྲིན་ལས་སྤེལ་ཏེ་དཀར་བོ་དགེ་ཕྱོགས་ལ་སྐུལ་ནས་རི་རྒྱ་ཀླུང་རྒྱ་བསྡམས། ཁྱད་པར་འཁོན་བལ་བོའི་སྲས་འཁོན་ཤཱཀྱ་བློ་གྲོས་བྱ་བ་ཕུར་བ་ལ་མཁས་ཤིང་ནུས་མཐུ་ཆེ་བ་ཞིག་ཡོད་པ་དེས་ཕྲག་དོག་བྱས་ཏེ། དབང་ཕྱུག་ཉེར་བརྒྱད་ཀྱི་ཆོ་འཕྲུལ་བསྟན་པ་དཔལ་རྡོ་རྗེ་འཇིགས་བྱེད་སྒོས་ཕམ་པར་མཛད་དེ་དམ་འོག་ཏུ་བཅུག་པ་འཁོན་གྱིས་གསན་པ་ན་ལྷག་པར་མ་དགྱེས་ཏེ། རྭ་ལོ་བྱ་བ་དང་པོ་སྔགས་པའི་བུ། བར་དུ་མུ་སྟེགས་གཅིག་ལ་མུ་སྟེགས་ལྷ་དུད་འགྲོའི་མགོ་ཅན་ཞིག་ཞུས་ནས་སྒྲུབ་པས་མི་ཐམས་ཅད་མགོ་འཁོར་ནས་འདུག ཁོ་དང་འཕྲད་ཚད་དམྱལ་བར་འགྲོ་གསུངས་ནས་སྐུར་བ་བཏབ། དམོད་པ་བོར་བ་ན། བླ་མས་ཐུགས་གཏད་ནས་འཇིགས་བྱེད་སྦྱིན་སྲེག་གྲོལ་ནས་ཡུད་ཙམ་སོང་བ་ན། འཁོན་ཤཱཀྱ་བློ་གྲོས་སྐུ་གཤེགས། དེ་ནས་མྱུ་གུ་བ་རྣམས་འཁོན་གྱི་ཡོན་བདག་ཡིན་པས་ཐམས་ཅད་གྲོས་ཁ་མཐུན་པར་དམག་མང་པོ་དྲངས་ནས་བྱུང་བ་བླ་མས་ན་བཟའ་བརྡབས་ཏེ་བདེན་ཚིག་བརྗོད་པས། གློ་བུར་རླུང་ཆེན་པོ་ལངས་ཏེ་དམག་ཐམས་ཅད་ཕྱོགས་བཅུར་འཐོར། དེ་ནས་འཁོན་དང་མྱུ་གུ་བ་རྣམས་ཀྱང་རྭ་ཆེན་གྱི་སློབ་མར་འདུས། མྱུ་གུའི་ཀླུ་བཙན་སྐུ་འཁོར་བྲོས་ནས་ཁ་ཕྱིར་འཁོར་བ་བླ་མས་རྡོ་རྗེ་འཕངས་ཏེ་མིག་གཅིག་ཞར་ནས་སྐབས་དེར་མྱུ་གུའི་བཙན་ཞར་དུ་གྲགས། སེ་ཐང་མཁན་གྱིས་སྐུལ་བ་ལ། ཆུ་བོ་གྱེན་དུ་ལྡོག ནམ་མཁའ་གར་བྱས་པ་སོགས་གྲུབ་པའི་རྟགས་གང་མང་མཛད། སེ་ཐར་དུ་བྱོན་ཙ་ན། ལང་ལབ་བྱང་ཆུབ་རྡོ་རྗེ་དང་འཕྲད་ནས་དེར་རཱ་ཆེན་གྱིས་འབུལ་བ་ཕུལ་བ་མ་བཞེས་པར་རྒྱབ་གཏད་པས། དེ་ཅི་ལགས་དྲིས་པས། ཁྱོད་ཆོས་ལོག་མཁན་པོ་ཡིན། བྷ་རོ་བྱ་བའི་མུ་སྟེགས་གཅིག་བླ་མར་བཟུང་། ཡི་དྭགས་དུད་འགྲོའི་མགོ་ཅན་གཅིག་ཡི་དམ་དུ་བཟུང་ནས་འགྲོ་བ་བསླུ་བ་ཡིན་སྐད། ཁྲོམ་པ་དེ་རྣམས་རཱ་ཆེན་ལ་ཕྱག་དང་བཀུར་བསྟི་བྱེད་པ་ལང་ལབ་མ་དགྱེས་ཏེ་མི་འདི་རྣམས་ངན་པ་ཁོ་ན་ལ་མོས་པ་འདུག་གསུངས་སྐད། དེར་རྭ་ཆེན་ཅུང་ཟད་མ་དགྱེས་ཏེ། ང་ངན་པ་ཡིན་ཀྱང་འདི་ལྟར་བྱེད་གསུངས་ནས། བྲག་ལ་ཕྱག་བརྒྱབ་པས་དཔུང་བ་མན་ཆད་ཐིམ་སོང་། ལང་ལབ་ཀྱིས་ཀྱང་སྐེད་ནས་ཕུར་བུ་བཏོན་ཏེ་ཕ་བོང་ཞིག་ལ་བཏབ་པས་ཤག་གིས་གས། རཱ་ཆེན་གྱིས་ཉི་མ་སྟོད་ལ་མནན་པས་ལང་ལབ་ཀྱིས་ནམ་མཁའ་ལ་སྐྱིལ་ཀྲུང་བཅས། དེ་ལྟར་རྒྱལ་ཕམ་ཆེ་མ་བྱུང་ཡང་རྭ་ཆེན་འཁོར་བཅས་སྐྱོ་སངས་མཛད་དུས་ལང་ལབ་ཀྱིས་ཕུར་བུའི་ཐོག་ཆར་ཕབ་ནས་ཕྱག་ཕྱི་བ་མང་དུ་བསད། ཁོང་ལའང་ཕུར་བའི་ཐོག་ཆར་ཕབ་ཀྱང་ཕྱིར་བཟློག་བྱས་པས་གནོད་མ་ཐུབ། དེ་ནས་རྭ་ཆེན་གྱིས་འཆི་བ་གསོ་བའི་ཏིང་འཛིན་མཛད་ནས་འཁོར་ཐམས་ཅད་སླར་སོས་རྗེས་ཕུར་བུ་ཐམས་ཅད་མི་སྣང་བར་གྱུར། དེར་ཡང་མཁའ་འགྲོ་ལུང་དུ་བསྟན་ནས་གནོད་མེད་གནོད་དུ་སྣང་བ་འདི། ཆོས་འདི་བསྒྱུར་དུ་འཇུག་པའི་ཆེད་ཅེས་གསུངས་བ་ལྟར་ཟབ་ལམ་གདམས་པའི་ཆེད་དུ་ཐེངས་གཉིས་པ་ལ་བལ་ཡུལ་དུ་བསྐྱོད།
༤ བལ་ཡུལ་དུ་ཐེངས་གཉིས་པ་ཕེབས་ཚུལ་ནི།
        སྐུ་མཆེད་གཉིས་དང་བལ་པོ་ལོ་ཙཱ་དང་འགྲོགས་ཏེ་བལ་ཡུལ་ཡེ་རང་དུ་ཕེབས། བལ་ཡུལ་གཞི་བདག་མང་པོས་བསུ་མ་བྱས། གྲོགས་རྣམས་ཀྱི་སྣང་ངོར་རླུང་དང་བུ་ཡུག་འཚུབ། ཉི་མ་སྟེང་དགོན་པར་བྱོན་ནས་བླ་མ་དང་མཇལ་ནས་ལང་ལབ་ཀྱི་ལོ་རྒྱུས་རྣམས་ཞུས་པ་ན། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ཡི་གེ་བཞི་པའི་གསད་བཟློག་ཅེས་བྱ་བ་བན་བོན་སྔགས་པ་མུ་སྟེགས་འབུམ་གྱི་མཐུ་གཏད་སེལ་གསུམ་འགོ་ཆོག་རླུང་འཁོར་གང་གིས་ཀྱང་མི་ཚུགས་པ་གཅིག་ཡོད། གཞན་ཡང་བསྲུང་བཟློག་གསད་མནན་གྱི་རིམ་པ་དང་། ཞི་རྒྱས་དབང་གསུམ་གྱི་ལས་ཚོགས་མང་པོ། དགོས་པའི་ཆོས་བརྒྱད་དང་གཅེས་པ་རྣམ་གསུམ་ལ་སོགས་པའི་གདམས་ངག་ཟབ་མོ་མང་པོ་ཡོད་པས་ཁྱོད་ལ་སྦྱིན་ནོ་གསུངས། དེ་ནས་བཀའ་སྲུང་ཆོས་སྐྱོང་མང་པོ་གྲོགས་སུ་བཀུག གནས་རི་འགངས་ཆེན་དག་ལ་ཕྱག་བསྐོར་མཛད། རི་བོ་འབིགས་བྱེད་སོགས་ནས་ཆོས་ཀྱི་འཁོར་ལོ་བསྐོར། བླ་མའི་ཞལ་ནས་ངས་དཔལ་རྡོ་རྗེ་འཇིགས་བྱེད་དང་ཕག་མོ་གཉིས་ལས་མི་ཤེས་པས་བོད་ལ་ཕན་ཐོགས་མི་འོང་། ཁྱེད་རང་རྒྱ་གར་དུ་སོང་ལ་པནྡི་ཏ་མཁས་པ་གཅིག་སྤྱན་དྲོངས། བསླབ་པའི་གཞི་ཡིན་པས་བསྙེན་པར་རྫོགས་པ་གཅིག་ཀྱང་ལོངས། ཁྱོད་ཀྱི་དོན་འགྲུབ་འོང་གསུངས།
༥ བླ་མའི་བཀའ་ལྟར་ཐེངས་དང་པོར་རྒྱ་གར་དུ་བྱོན་ཚུལ་ནི།
        དེ་ནས་རྒྱ་གར་དུ་བྱོན་ནས་གནས་འགངས་ཆེན་དག་ཕྱག་བསྐོར་བླ་ལྷག་མཛད་པ་དང་། ཡངས་བ་ཅན་དུ་གངྒྰ་ལ་ཁྲུས་བྱེད་སྒོ་དང་མུ་སྟེགས་པའི་གནས་ཀྱང་མང་པོ་འདུག་པས། གཟིགས་མོ་ལ་བྱོན། མུ་སྟེགས་པ་རྣམས་ཀྱིས་འདི་ཆོས་པར་འདུག་པས་གསད་པར་རིགས་ཟེར་ནས། གཡུལ་ཆས་སུ་བཞུགས་ནས་བསྐོར་བྱུང་ལ། བླ་མ་དཔལ་རྡོ་རྗེ་འཇིགས་བྱེད་སྐུར་བཞེངས་ནས་བཞད་པ་བརྒྱད་ཀྱི་གད་རྒྱངས་འབྲུག་ལྟར་བསྒྲགས་པས་ལྷ་ཁང་ལྷ་དང་བཅས་པ་དུམ་བུ་མང་པོར་བྱས་ནས་མུ་སྟེགས་པ་རྣམས་ནང་བའི་བསྟན་པ་ལ་བཅུག་གོ །
        པཎྜི་ཏ་ཆེན་པོ་མེན་ཛ་གླིང་བ་ཐུགས་རྗེ་ཆེན་པོ་དང་མཇལ་ནས་བསྙེན་པར་རྫོགས། དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་དུ་པཎ་ཆེན་མེན་ཛ་གླིང་པས་མཁན་པོ་དང་མངའ་བདག་མཻ་ཏྲི་པས་སློབ་དཔོན་མཛད་དེ། པཎྜི་ཏ་བརྒྱད་ཅུ་རྩ་བཞིའི་དབུས་སུ་དགེ་ཚུལ་དང་། དགེ་སློང་གི་སྡོམ་པ་བཞེས་ཏེ་མཚན་ལ་ཤྲི་བཛྲ་ཀིརྟི་སྟེ་དཔལ་རྡོ་རྗེ་གྲགས་པ་བྱ་བར་བཏགས། རིག་པའི་ཁུ་བྱུག་ཆེ་ཆུང་གཉིས་ལས་དབུ་མ་གསན་པ་དང་། གཞན་ཡང་རྒྱ་གར་གྱི་ཡུལ་ཕལ་མོ་ཆེ་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་ཏེ་ཕྱིར་བླ་མའི་དྲུང་དུ་བྱོན་ནས་རྒྱ་གར་ནས་སློབ་གཉེར་བྱས་ཚུལ་རྣམས་ཞུས་པ་ན་བླ་མའང་ཐུགས་དགྱེས་དགྱེས་མཛད།
༦ གཏུམ་མོ་མེས་ཁ་བ་ཆུར་བཞུས་ཚུལ་ནི།
        དེ་ནས་ཕྱིར་བོད་དུ་ཕེབས་ནས་ལང་ལབ་མཐུས་གནོད་དེ་སྐུ་སྙུང་ཚུལ་གྱིས་གྲོངས་བ་དང་། ཟླ་བ་གཅིག་གི་རིང་ལ་ལང་ལབ་སློབ་མ་བརྒྱ་ཡས་མས་བསྒྲལ་ཏེ་འཇམ་དཔལ་དང་པོའི་སར་བསྐྱལ། ལ་སྟོད་དུ་བྱོན་ནས་དཔོན་པོ་གྲགས་རྒྱལ་བྱ་བ་རྟས་བསྒྱུར་ནས་ཤི་བའི་རོ་ལ་ཉེ་འབྲེལ་མང་པོས་བསྐོར་ནས་ངུ་བ་ལ། བླ་མ་རྭ་ཆེན་གྱིས་འཆི་བ་གསོ་བའི་ཏིང་འཛིན་དུ་ཞུགས་ནས་ཤི་བ་སླར་སོས་པས་དེར་འདུས་ཐམས་ཅད་ཀུན་བཅོས་མིན་དད་པ་གཏིང་ནས་སྐྱེས་ཏེ་སྔར་ལས་སྙན་གྱི་གྲགས་པ་འབར་ཞིང་སློབ་མ་བརྒྱད་བརྒྱ་ཙམ་ཡོད་པ་ཐམས་ཅད་སྤྲོས་བྲལ་ནམ་མཁའ་ལྟ་བུའི་དོན་ལ་མངོན་གྱུར་ཏེ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ཞལ་དངོས་སུ་བསྟན། རྭ་ཆེན་དགུང་ལོ་སོ་བདུན་གྱི་སྟེང་ཇོ་མོ་སྐུ་གཤེགས་པ་དང་རྭ་ཆེན་ལ་སློབ་མ་མང་དུ་ཕྱིན་ནས་སོ་སོར་ཉམས་རྟོགས་མི་གཅིག་པ་རེ་བྱུང་ན། དེར་སེ་སྟོན་གྱི་སློབ་མ་རྣམས་རང་གནས་སུ་ལོག་ནས་སེ་སྟོན་ལ། བླ་མ་ཉིད་ཀྱང་ངོ་མཚར་ཆེ་སྟེ། དེ་བས་ཀྱང་བླ་མ་རྭ་ཆེན་ངོ་མཚར་ཆེ་བར་འདུག ངེད་རྣམས་ཉམས་རྟོགས་འཕྲལ་དུ་སྐྱེས་ཞུས་པས། སེ་སྟོན་ཁྲོས་ཏེ། ཁོས་ངའི་སློབ་མ་ལ་དབང་སྐུར་ཆོས་བཤད་བྱེད་པ་འོས་མིན་ཟེར་ནས་མཐུ་བྱས། དེར་རཱ་ཆེན་གྱིས་གསན་ནས་གྲྭ་བ་ཞིག་ལ་གསེར་སྲང་དོ་བསྐུར་ནས་སེ་སྟོན་རིན་པོ་ཆེ་ཐུགས་རྒྱལ་མ་བཞེངས་བླ་མ་བྱ་བ་ཐར་བའི་ལམ་སྟོན་ཡིན། དམ་ཆོས་ཐར་བ་ཕན་པའི་ཐབས་ཡིན། རྒྱུད་ལ་སུས་ཕན་ན་ཁྱད་མེད་དེ་ལ་ཕྲག་དོག་ཐུགས་རེ་འཁྲུལ། བླ་མ་ཁྱེད་ཀྱང་ནུས་པ་ཆེ་ལ་ང་ཡང་རྡོ་རྗེ་འཇིགས་བྱེད་ཡིན། ང་ལ་མཐུ་རྒྱས་བཙུགས་ན་རྒྱལ་བར་དཀའ། དེ་བས་གསེར་འདི་བཞེས་ལ་འདུམ་པར་མཛོད།ཞེས་པའི་ཡི་གེ་སྐུར་བ་ན། སེ་སྟོན་དེ་བས་ཀྱང་ཐུགས་མ་མཉེས་ཏེ། ཁོས་ང་ལ་ཁྱད་གསོད་བྱས་པས་ད་ནི་ཞག་གསུམ་ལ་སྒྲོལ་བ་ཡིན། ལྟོས་ཨང་གསུངས། དེ་ནས་གྲྭ་བ་ཕྱིར་ལོག་པ་ན། རཱ་ཆེན་ཞལ་ནས་ཞུ་བས་མི་ཉན་ན་རྗེས་སུ་ཕུང་སྲིད་གསུངས། དེ་ནས་མཐུ་བྱས་པས་སེ་སྟོན་རྒྱུ་གཟེར་གྱིས་གྲོངས། གཉེན་ཆེན་ཐང་ལྷར་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ཆོས་སྐོར་གནང་ཞིང་ས་སྐྱར་བྱོན་ནས་འཁོན་དཀོན་མཆོག་རྒྱལ་པོ་སོགས་ལ་འབུལ་བ་དང་། རྟེན་རྣམས་མཇལ་ཚེ་ཁོང་རྣམས་མ་གུས་པའི་རྣམ་འགྱུར་བྱེད་ཀྱིན་འདུག་པར། བླ་མ་རྭ་ཆེན་གྱིས་དགུག་པའི་ཏིང་འཛིན་མཛད་པས་ལྷ་ཐམས་ཅད་ཕྱིར་འབྲངས་ཏེ་བྱུང་བ་ན་དེར་ས་སྐྱ་རྣམས་ཅི་བྱ་དང་བྲལ་བ་ལ་རྭ་ཆེན་གྱིས་ད་བཞུགས་ཤིག་གསུངས་པ་དང་སྔར་ལྟར་བཞུགས་པ་ན་ཀུན་ངོ་མཚར་ཏེ་སྔར་མ་གུས་པ་ལ་བཟོད་པར་གསོལ། དེ་ནས་སྙིང་རིར་ཕེབས་ནས་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར་ཏེ་སྙིང་རི་བ་དཀོན་མཆོག་འོད་ཀྱིས་ཐོག་དྲངས་བའི་སློབ་མ་མང་པོ་ལ་ལྟད་མོ་གཅིག་བསྟན་གྱིས་ལྟོས་ཤིག་གསུངས་ནས། རི་དྭགས་ཤི་བའི་རོ་ཏིང་འཛིན་གྱིས་བཀུག ཆུ་རྫ་མར་བླུགས་པ་ཆང་དུ་བསྒྱུར། ཆོ་འཕྲུལ་སྣ་ཚོགས་བསྟན་པ་དང་། སྒོས་སྟོད་ཧོར་དམག་གི་འཇིགས་པ་གང་གིས་བཟློག་ཏུ་མེད་པའི་དུས་བླ་མ་རྭ་ཆེན་གྱིས་དྲུག་ཅུ་རྩ་བཞིའི་གཏོར་བཟློག་མཛད་པས་གཏོར་མ་ནམ་མཁའ་ལ་རྒྱུ་བ་སོགས་བྱས་ནས་དམག་དཔུང་ཐམས་ཅད་རངས་ཤིང་བརྒྱལ་བས་འཐབ་རྩོད་རང་སར་ཞི་སོང་། དེ་ནས་ཚངས་བ་འཁོར་བཅས་བྲན་དུ་བཀུག་ཅིང་ཡུལ་དེ་རུ་མཚན་ཉིད་པའི་སྡེ་ཆེན་པོ་ཞིག་ཡོད་པ་ཕྲག་དོག་སྐྱེས་ཏེ་དགེ་བཤེས་ཆེ་བགྲེས་རྣམས་ཀྱིས་གྲོས་བྱས་ནས་རོག་སྔོན་པོ་བྱ་བའི་དགེ་བཤེས་པོད་ཆེན་བརྒྱད་ཅུ་ཙམ་བློ་ན་ཡོད་པ། རྩོད་པ་ལ་བཟང་བ་ཞིག་ཡོད་པ་རྩོད་པར་བཏང་བ་བུང་བུར་བསྒྱུར་བ་སོགས་བྱས་ནས་དབང་དུ་བསྡུས། འགོས་ལོ་ཙཱ་བའང་ཞི་བའི་ཐབས་ལ་མ་འཐད་པས་སྐུ་བཀྲོངས། དཔྱལ་ལོ་ཙཱ་བ་ཀུན་དགའ་རྡོ་རྗེ་དང་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་སོགས་ཀྱང་བླ་མའི་ཞབས་ལ་གཏུགས་ཏེ་གྲུབ་པའི་གོ་འཕང་མཉེས། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ། གཉན་ལོ་ཙཱ་བ་དར་མ་གྲགས། བཙན་ཁ་བོ་ཆེ། ཁྱུང་བོ་ཆོས་བརྩོན། མར་ཐུང་དད་པ་ཤེས་རབ། མང་འོར་བྱང་ཆུབ་ཤེས་རབ། དྭགས་པོ་དབང་རྒྱལ་སོགས་ཀྱིས་སྟབས་གཅིག་ཏུ་ཆོས་ཀྱི་འཁོར་ལོ་ལེགས་པར་གསན། ཟངས་མཁར་ལོ་ཙཱ་བས་ཚད་མ་རྒྱན་ཡང་དུས་དེར་བསྒྱུར། ཁྱད་པར་དུ་རྗེ་མར་པ་ལོ་ཙཱའི་སྲས་དར་མ་མདོ་སྡེ་དང་ཟངས་མཁར་ལོ་ཙཱ་བ། རྒྱུས་ལོ་ཙཱ་བ། དགེ་བཤེས་སྐྱོ་འདུལ་བ་འཛིན། གཉན་ལོ་སོགས་བྱང་ཆུབ་སེམས་དཔའ་མང་པོ་འཇམ་དཔལ་དང་པོའི་སར་བསྐྱལ་ཞིང་ཕྲ་མེན་བུ་ཁྱི་ལུས་མི་ལུས་ལ་བསྒྱུར་ནས་རྗེས་སུ་བཟུང་བ། བསམ་ཡས་ལ་ཞིག་གསོ་དང་རབ་གནས་ལེགས་པར་བྱས་ཏེ་རྩ་གསུམ་བླ་མ་མཉེས་པར་བྱས། དེ་ལྟར་ལྷ་ཀླུ་གཉན་གསུམ། ཡུལ་ལྷ་གཞི་བདག གནས་བདག་གཏེར་བདག ཅེ་སྤྱང་འཕར་གསུམ། སྐྱ་སེར་ཕོ་མོ་སོགས་འགྲོ་བ་གྲངས་མེད་སྨིན་གྲོལ་དུ་མཛད་དེ་ནམ་མཁའ་ལྟ་བུའི་རྣལ་འབྱོར་བ་ལ་འཆི་བའི་དབང་ཡོད་ཀྱང་སེམས་ཅན་ལེ་ལོ་ཅན་ལ་མི་རྟག་པའི་བརྡ་སྟོན་ཕྱིར་དགུང་ལོ་བརྒྱ་དང་བརྒྱད་ཅུ་བཞེས་པ་རྟ་ལོའི་ཟླ་བཞིའི་ཚེས་བཅུའི་ཉི་ཤར་ལ་གཟུགས་སྐུའི་བཀོད་པ་བསྡུས་ཏེ་མཁའ་སྤྱོད་ཞིང་དུ་གཤེགས་སོ། །སྐུ་གདུང་ཞལ་ཆེམས་ལྟར་མདའ་ཐང་དཀྱིལ་དེ་མཆོད་རྟེན་བྱས་ནས་བཞུགས་ཡོད། བོད་དུ་ལོ་ཙཱ་བ་མང་ན་ཡང་ཆོས་དང་བསོད་ནམས། ཕྱག་རྗེས། བྱིན་རླབས་འདི་ལྟ་བུའི་ཁྱད་འཕགས་བཞི་སུ་ལའང་མེད་ཅེས་རྣམ་ཐར་དུ་གསལ་བའོ།།
གྲུབ་བརྒྱའི་གཙུག་རྒྱན་སྡེ་བཞི་དཔལ་དུ་ཤར།།
མི་དང་མི་མིན་ཅེ་སྤྱང་ཐམས་ཅད་དང་།།
བྱང་སེམས་དཔའ་བོ་ཡུལ་ལྷ་གཞི་བདག་སོགས།།
འཇིགས་བྱེད་སྒོམ་པ་ཙམ་གྱིས་དབང་བསྡུ་མཚར།།
འབྲེལ་ཡོད་འོས་སྦྱོར།