logo

ཞང་སྐད་ཀྱི་ཐ་སྙད་འགའ་དང་འབྲེལ་ཏེ་བོད་བཙན་པོའི་མཚན་ཟུར་ལ་བལྟ་བ།

རྩོམ་པ་པོ།:སྟོབས་ལྡན་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2022-09-26 ཀློག་གྲངས།:
        རང་རེའི་མི་རིགས་འདི་ལ་དུས་ཀྱི་འཕེལ་འགྱུར་ཁྲོད་རང་མཚན་ཅན་གྱི་མིང་གི་འདོགས་ལུགས་ཤིག་ཆགས་ཡོད་པ་ལ་འགྲེལ་བཤད་དུ་མ་མཆིས་པ་བདེན་མོད། གནམ་གྱི་ཁྲི་བདུན་ལ་སོགས་པ་མཚན་གཞིར་བགྲངས་ནས་དཔྱད་པའི་གཏམ་ནི་དཀོན། ལྷག་པར་བཙན་པོ་འགའི་མཚན་ནི་ལོ་རྒྱུས་ཀྱི་གནད་ཀར་གྱུར་པའི་ཞིབ་འཇུག་བྱ་ཡུལ་མིན་ནམ་སྙམ་པའི་བློ་བཅོས་མིན་དུ་སྐྱེས་པས་འདིར་རིག་གནས་སྐད་བརྡ་རིག་པའི་ཐད་ནས་སྐད་བརྡ་ལ་གསེད་འགྲེལ་བྱེད་པའི་ཐབས་ལམ་བརྒྱུད་ནས་བཙན་པོ་འགའི་མཚན་ནི་ཞང་ཞུང་གི་སྐད་ཀྱིས་བཏགས་པ་ལ། «སྲིད་པ་མཛོད་ཕུགས»གཙོ་བྱས་པའི་ཡིག་ཚང་འགའ་ལུང་གི་རྒྱབ་རྟེན་དུ་བཅོལ་ཞིང་བདེན་པར་གྲུབ་ཚུལ་རིམ་པར་ཕྱེ་སྟེ། བཙན་པོའི་མཚན་ལས་འཕྲོས་ཏེ་ལྟ་ཚུལ་དུ་མ་གླེང་བར་བྱ་བ་ལ།
དང་པོ། མིང་གི་ཚིག་ཟུར་ལས་ཁྲི་ཡིག་ལ་བལྟ་བ།
        བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོ་ཞེས་ཐོགས་དོན་ལ«ལྡེའུ་རྒྱ་བོད་ཀྱི་ཆོས་འབྱུང»ལས། མིའི་གཉའ་བ་ནས་བྱོན་པས་མཚན་ལ་གཉའ་ཁྲི་བཙན་པོར་བཏགས་པ་ཡོངས་གྲགས་སུ་བགྲངས་མོད། ཏུན་ཧོང་གཏེར་ཡིག་ཏུ་བཙན་པོ་འདིའི་མཚན་དུ་ལྡེ་ཉག་ཁྲི་བཙན་པོ་ཞེས་འཁོད་པར་ཡང་ཡིད་འཇོག་བྱ་རིགས་ཏེ། ནམ་མཁའི་ནོར་བུས། སྙ་ཁྲི་ལ་སོགས་པའི་འབྲི་ཚུལ་དུ་མ་བསྡུར་ནས་ཉག་ཁྲི་བཙན་པོ་ཞེས་པ་ལ“དོན་དུ‘ཉག’ཅེས་པའི་ཚིག་དོན་འདི་ནི་བོད་ཀྱི་བརྡ་ཆེས་རྙིང་པ་ཞིག་ཡིན་ལ། དེའི་གོ་དོན་རྣལ་མ‘ཉག་ཅིག’ཅེས་པ་སྟེ་གཅིག་པུའམ་དེ་ཁོ་ནའི་དོན་ཡིན་ལ། ཞང་ཞུང་གི་སྐད་ལུགས་སུ་བྱས་ན‘ལྷ་མཐུ་བོ་ཆེ’སྟེ་གཤིན་རྗེ་དང་འདྲ་བའི་ལྷ་དྲག་པོ་ཞིག་ལ་ཟེར་བ་ཡིན། ‘ཁྲི’ཞེས་པ་ནི་ལྷའམ་ལྷའི་ཐུགས་ཉིད་ཀྱི་དོན་ཡིན་པར་བརྟེན། བོད་ཀྱི་བརྡ་རྙིང་དང་འབྲེལ་བའི་ལུགས་སུ་བྱས་ན‘ལྷ་གཅིག’ཅེས་པའི་གོ་དོན་ཡོད་སྲིད་ཅིང་། ཞང་སྐད་ཁོ་ནའི་དབང་དུ་བྱས་ན་ལྷའི་ཐུགས་ཉིད་དམ་ལྷའི་དགོངས་པ་ཞེས་བྱ་བའི་གོ་དོན་ཡིན་སྟབས། གཞི་རྩའི་མཚན་རྣལ་མ་དེ་ནི་ཉག་ཁྲི་བཙན་པོ་ཞེས་པ་འདི་ཡིན་དགོས་པ་འདྲ་ཞིག་ཏུ་སྣང་།”[1]ཞེས་ཞིབ་ཏུ་བསྟན་ཡོད། འོན་ཏེ‘ཉག’ཅེས་པ་བོད་ཀྱི་བརྡ་རྙིང་དུ་བགྲངས་ཆོག་མིན་དང་། ཡང་ཁ་ཅིག་གིས། གཉའ་དང་སའི་ལེགས་དྲུག་བགྲངས་དུས་ཀྱི་གུ་རུབ་ལིག་ཅེས་པའི་གུ་རུབ་སོགས་ནི་རུས་སུ་འདོད་པས་ན་བཙན་པོའི་མཚན་འདོགས་སྟངས་ལ་རུས་སྦྱོར་བའི་སྤྱི་མཚན་གྱི་ལུགས་ཤིག་མཆིས་པར་འདོད་ཅིང་ཡང་དག་ཡིན་མིན་དཔྱད་པར་འཚལ། གཤམ་དུ་གཉའ་ཁྲི་འམ་སྙ་ཁྲི། ཉག་ཁྲི་གསུམ་ལ་སྤྱི་མཐུན་དུ་ཡོད་པའི‘ཁྲི’ཞེས་པ་དེའི་གོ་དོན་དང་མཆེད་ཁུངས་ལ་རགས་ཙམ་གཞིགས་ན། ནམ་མཁའ་ནོར་བུས་རྒྱ་གར་ལྡི་ལི་ནས་དཔར་སྐྲུན་མཛད་པའི«སྲིད་པ་མཛོད་ཕུགས»ལས་བཙན་པོའི་མཚན་གྱི་སྒྲ་ཟུར‘ཁྲི’ཞེས་པའི་དོན་གྱི་འཇུག་ཚུལ་བསྟན་པ་ཕྱོགས་གཅིག་ཏུ་དྲིལ་ན་སེམས་སམ་ཐུགས་ཉིད་ལ་གོ་ཆོག དེ་ལྟར‘ཁྲི’ཞེས་པ་དོན་དངོས་སུ་ཞང་ཞུང་གི་སྐད་ལས་བྱུང་ཡོད་ཅིང་གནའ་བོའི་དུས་ཀྱི་ཞང་ཞུང་གི་བཙན་པོ་ཁྲི་ཝེར་གསེར་གྱི་བྱ་རུ་ཅན་དང་། ཁྲི་ལྡེམ་ལྕགས་ཀྱི་བྱ་རུ་ཅན་དང་། ཞང་ཞུང་གི་བོན་པོ་ཁྲི་འོད་གསས་བཅས་ལས‘ཁྲི’ནི་ཞང་ཞུང་གི་སྐད་ཡིན་པར་མ་ཟད། གཉའ་ཁྲིའི་སྔོན་གྱི་ཞང་ཞུང་གི་བཙན་པོ་དག་གི་མཚན་ཟུར་དུའང་ཞུགས་ཡོད་པ་མཐོང་སླ། དེས་ན་མཚན་ལ‘ཁྲི’གཙོ་བོར་གྱུར་པའི་བཙན་པོ་བཅོ་ལྔ་ལྷག་གི་མཚན་ནི་ཞང་ཞུང་གི་སྐད་ཀྱིས་བཏགས་པའི་བརྡ་ཆད་རྙེད། ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད‘ཁྲི’ཞེས་པ་བོད་ཀྱི་བཙན་པོའི་མཚན་ལ་འདྲེས་ཤིང་ཕན་ཚུན་གཞི་གཅིག་ཏུ་སིམ་པས། སྲིད་ཁྲི་དང་བཞུགས་ཁྲི་ལྟ་བུའི་བརྡ་དོན་འཕར་མ་ལ་གོམས་སྣང་ཆེས་ཆེར་གྱུར་ཞིང་། ‘ཁྲི’ཡི་ཐོག་མའི་བརྡ་དོན་ལ་ཡིད་འཇོག་མེད་པར་བརྡ་དོན་འཕར་མ་དེར་ཡིད་ཆེས་པ་བྱུང་།
གཉིས་པ། བྱེ་བྲག་གི་མཚན་ཟུར་འགའ་ལ་བལྟ་བ།
        ‘ཁྲི’ཡི་དཔྱད་གླེང་དེ་ལྟར་ཞུས་རྗེས«སྲིད་པ་མཛོད་ཕུགས»ལས་ད་དུང་བྱེ་བྲག་གི་བཙན་པོ་འགའི་མཚན་གྱི་སྒྲ་ཟུར་ཡང་ཞང་ཞུང་གི་སྐད་ཀྱིས་མངོན་ཡོང་སྟེ། “མུ་ལ་ཏིང་ཞུང་དང་ར་རྩ། ལིག་མི་ནེ་སུམ་མུ་གུང་ནི། དང་ར་ཏིང་ནམ་མུ་ཙོ་གྱིལ། ཨག་ཤོ་མུ་ཁམ་ཉི་མུ་ཙུག ཨ་འདྲན་རྦང་མར་དེ་ཁྲི་བིང་།”[2]བཅས་གོང་དུ་བཀོད་པའི་མུ་དང་ལིག ཏིང་། དེ་ཁྲི། ཨག་ཤོ་བཅས་ནི་བྱེ་བྲག་གི་བཙན་པོའི་མཚན་གྱི་སྒྲ་ཟུར་དུ་གནས་ཏེ། བཙན་པོ་འདི་དག་གི་མཚན་ལ་ཧོབ་ཀྱིས་བལྟས་ན་གོ་རྒྱུ་ཅི་ཡང་མེད་པ་ལྟར་སྣང་མོད་། ཞང་སྐད་ཡིན་པ་གཞི་བྱས་ཏེ་བསྐྱར་དུ་དཔྱད་ན་མཚན་གྱི་གོ་དོན་བག་ཙམ་འདི་མིན་ནམ་སྙམ་པའི་བློ་ཞིག་འགོག་མེད་དུ་སྐྱེས་པ་ལ། མུ་ནི་ནམ་མཁའ་དང་ཁྲི་ནི་ཐུགས་ཡིན་པར་བྱས་ན་མུ་ཁྲི་བཙན་པོ་ནི་ནམ་མཁའི་ཐུགས་ཉིད་བཙན་པོ། ལིག་མི་ནི་སྲིད་པའི་དོན་དུ་ངེས་ཚེ་ལིག་མི་རྒྱ་ཞེས་པ་ནི་སྲིད་པའི་རྒྱལ་བོའམ་སྲིད་པའི་སྒོ་མོ། ཡང་ན་རྒྱ་དཀར་ནག་གི་རྒྱ་ནི་དབུས་དང་རིང་དུ་བཀྱེད་པའི་མཐའ་ལ་གོ་ན་ལིག་མི་རྒྱ་ནི་སྲིད་པ་སྐྱོང་བའི་མཐའི་བཙན་པོ་ལ་གོ་ཆོག་སྙམ། ཏིང་ཞེས་པ་ནི་མཚོ་དང་ཏིང་ཁྲི་བཙན་པོ་ཞེས་པ་ནི་རྒྱ་མཚོའི་ཐུགས་ཉིད་བཙན་པོ་སྟེ་མཚོ་དང་སྦྱར་ནས་བཙན་པོའི་ཆེ་བ་བརྗོད། ཨག་ཤོ་དང་ཨི་ཤོ་བཅས་འབྲི་ཚུལ་དུ་མ་མཆིས་མོད་རྩ་བ་ཞལ་དང་ངག་ལས་མཆེད་པར་བསམས་ཏེ། ཨག་ཚོམ་ཞེས་མ་ནེ་འོག་གི་སྨར་ཚོམ་བུ་ལའང་གོ་བ་ལས་ཅུང་གསལ། དེ་བས་ཨི་ཤོ་ལེགས་ཞེས་པ་ངག་ལེགས་པའམ་ཞལ་ལེགས་པའི་བཙན་པོ། དེ་ཁྲི་ཞེས་པའི་དེ་ནི་རི་རབ་ཀྱི་བང་རིམ་མཐོན་པོ་སྟོན་པའི་གྲོགས་སུ་གྱུར་པས་ན་རི་རབ་དང་འབྲེལ་ནས་དེ་ཁྲི་བཙན་པོ་ཞེས་པ་ནི་རི་རབ་ཀྱི་ཐུགས་དགོངས་སྒོམ་པའི་བཙན་པོ་ཞེས་བཙན་པོ་འདི་རྣམས་ཀྱི་མཚན་ཞང་སྐད་ཀྱི་གོ་དོན་དང་འབྲེལ་ནས་དཔྱད་ན་མཁས་པ་དགའ་བ་རྒྱས་ཤིང་བྱིས་པ་གད་མོ་སློང་བའི་ཚུལ་འདི་ཙམ་མོ། །
གསུམ་པ། བཙན་པོའི་མཚན་ཟུར་གྱི་ཁྱད་ཆོས་ལ་བལྟ་བ།
        བཙན་པོའི་མཚན་གྱི་སྒྲ་ཟུར་དུ་གནས་པའི་ཞང་ཞུང་གི་སྐད་རེ་འགའ་ནི་ཞང་སྐད་ཀྱི་རྩ་བའི་མིང་བརྡར་མཐོང་སྟེ། རྩ་བའི་མིང་བརྡ་ཞེས་པ་ནི་མི་རིགས་ཤིག་གི་མིང་བརྡའི་ཚོགས་པའི་ཁྲོད་དུ་ཆེས་གལ་ཆེ་ཞིང་སྙིང་པོར་གྱུར་པ་དང་། ནམ་རྒྱུན་མི་རྣམས་ཀྱི་འཚོ་གནས་སྤྱོད་སྟངས་ལ་ཐད་ཀར་འབྲེལ་བ་དམ་པོར་ཡོད་པའི་མིང་བརྡ་རྙིང་པ་རྣམས་ལ་བྱ་སྟེ། དཔེར་ན་རྩ་བའི་མིང་བརྡ་མར་ལ་བརྟེན་ནས་མཆེད་འགྱུར་གྱི་མིང་། མར་དཀར་དང་། མར་གཏུབ། མར་ཟན། མར་ལྟང་ཞེས་སོགས་དང་། ནས་ལྟ་བུ་ལ་བརྟེན་ནས་མཆེད་འགྱུར་གྱི་མིང་། ནས་ཆག ནས་ཆང་། ནས་ཆུ། ནས་ཟན་ལྟ་བུ་ལ་གོ བཙན་པོའི་མཚན་ལས་མང་དུ་བྱུང་བའི་ཁྲི་ལྟ་བུ་ཡང་རྩ་བའི་མིང་བརྡ་སྟེ། དེའི་མཆེད་འགྱུར་གྱི་མིང་ལ་ཁྲི་ཅུ།(ཞང་ཞུང་གི་སྐད་དེ། སྐྱེ་སྤྲུལ་ལམ་སྐྱེ་བ།) ཁྲི་ཏོན།(ཞང་ཞུང་གི་སྐད་དེ། འཇིག་པ།) ཁྲི་མིན།(ཞང་ཞུང་གི་སྐད་དེ། རྣམ་ཤེས།) ཁྲི་སྨེ།(ཞང་ཞུང་གི་སྐད་དེ། མེད་པ་མ་ཡིན་པ།) ཁྲི་ཙན།(ཞང་ཞུང་གི་སྐད་དེ། སེམས་ཅན།) ཁྲི་ཙུ།(ཞང་ཞུང་གི་སྐད་དེ། ཚེ་ལོ།)སོགས་དང་། མུ་ཁྲི་བཙན་པོ་ཞེས་པའི་མུའི་མཆེད་འགྱུར་གྱི་མིང་ལ(派生词)མུ་ཁ་ཕྱེ།(ཞང་སྐད་དེ། ནམ་ཕྱེད་ཀྱི་དོན།) མུ་ཁིར།(ཞང་སྐད་དེ། ནམ་མཁའི་འོད།) མུ་གུང་།(ཞང་སྐད་དེ། མཛོད་ཀྱི་དོན།) མུ་ཙུ།(ཞང་སྐད་དེ། ནམ་མཁའ།) མུ་ཙུག(ཞང་སྐད་དེ། འགྱུར་བ་མེད་པ།) མུ་རན།(ཞང་སྐད་དེ། དཀྱིལ་འཁོར།)བཅས་དང་། ཞང་ཞུང་སྐད་ཀྱི་ལིག་ཅེས་པའི་མཆེད་འགྱུར་གྱི་མིང་ལ། ལིག་རྒྱལ།(ཞང་སྐད་དེ། སྲིད་པ།) ལིག་ཏུར།(ཞང་སྐད་དེ། སྣང་སྲིད།) ལིག་སྐྱ་ཤིམ།(ཞང་སྐད་དེ། མི་མ་ཡིན་སྲིད་རྗེ་འབྲང་དཀར།) ལིག་མུ།(ཞང་སྐད་དེ། ཡོད་པའམ་སྲིད་པ།) ལིག་ཞུར།(ཞང་སྐད་དེ། ཆགས་པའམ་གྲུབ་པ།)བཅས་དང་། ཏིང་ཁྲི་བཙན་པོ་ཞེས་པའི་ཏིང་གི་མཆེད་འགྱུར་གྱི་མིང་བརྡ་ལ། ཏིང་ཀྱོ།(ཞང་སྐད་དེ། ཆུ་བོའམ་གཙང་མ།) ཏིང་ཀླུང་།(ཞང་སྐད་དེ། ཆུ་ངོགས།) ཏིང་ངན།(ཞང་སྐད་དེ། སྤོས་ངད་ཅན་གྱི་ཆུ།) ཏིང་ནམ།(ཞང་སྐད་དེ། ཆུ་དང་དོན་གཅིག) ཏིང་ནི་སྨར།(ཞང་སྐད་དེ། ཆུ་ཡི་རྦ་རླབས།) ཏིང་པི་ལི།(ཞང་སྐད་དེ། ཆུ་རླུང་འདྲེས་པ།)
        གོང་དུ་དྲངས་པའི་རྩ་བའི་མིང་བརྡ་དེ་དག་ནི་བཙན་པོའི་མཚན་ཟུར་དུ་ཞུགས་ཤིང«སྲིད་པ་མཛོད་ཕུགས»སུ་ད་ལྟ་འཚོལ་བསྡུ་བགྱིས་པའི་མིང་བརྡ་སྟེ། རྩ་བའི་ཐ་སྙད་ཀྱི་རྣམ་པ་དང་དེའི་ཁྱད་ཆོས་ལས་མི་རིགས་ཤིག་གི་འཚོ་གནས་སྤྱོད་སྟངས་དང་། ཡུལ་སྲོལ་གོམས་གཤིས། མཛེས་དཔྱོད་ཀྱི་འདུ་ཤེས་དང་སེམས་ཁམས་ཀྱི་ཁྱད་ཆོས་སོགས་རགས་རིམ་རྒྱུས་ལོན་བྱེད་ཐུབ་པས་ན། ད་ལྟ་རྙེད་པའི་བཙན་པོའི་མཚན་ཟུར་གྱི་ཞང་ཞུང་གི་སྐད་བརྡ་དང་དེའི་གོ་དོན་རགས་ཙམ་ལ་བརྟེན་ན་སྐབས་དེའི་སྤྱི་ཚོགས་ཀྱི་སེམས་ཁམས་སམ་མཛེས་དཔྱོད་ལ་རྒྱུས་ཅུང་ཙམ་མངའ་བར་བྱ་ཐུབ། བཙན་པོ་འདི་རྣམས་ལ་ཞང་ཞུང་སྐད་ཀྱི་རྩ་བའི་མིང་བརྡ་སྤྱད་དེ་མཚན་བཏགས་ཡོད་པར་མ་ཟད། རྩ་བའི་མིང་བརྡ་དེ་དག་ཀྱང་འབྱུང་བ་དང་འབྱུང་ཁམས་ཀྱི་མིང་ལ་ཆེས་ཆེར་འབྲེལ་བ་ཞིག་ཡིན། དཔེར་ན། ཐུགས་དང་ནམ་མཁའ། རི་རབ་དང་རྒྱ་མཚོ་སོགས་སྟོན་པས་ན། མཚན་ཁོ་ན་བས་ཀྱང་གཟབ་ནན་དང་སྒམ་བརླིང་། བླ་མེད་དང་དབང་འདུལ་གྱི་ཆ་ཞིག་རང་བཞིན་གྱིས་སྟོན་པར་བྱས་འདུག མུ་ཁྲི་བཙན་པོའི་མཚན་དུ་མུ་ཞེས་ནམ་མཁའ་དང་ཏིང་ཁྲི་བཙན་པོའི་མཚན་དུ་ཏིང་ཞེས་རྒྱ་མཚོ། དེ་ཁྲི་བཙན་པོའི་མཚན་དུ་དེ་ཁྲི་ཞེས་རི་རབ་བྱུང་བ་ལས་བཙན་པོའི་ཆེ་བ་རི་རབ་དང་གཙང་བོ། ནམ་མཁའ་བཅས་ལ་བཅོལ་ཏེ་བརྗོད་པའམ། ཡང་ཁྲི་ཞེས་པ་སེམས་སམ་ཐུགས། དགོངས་པ་ལ་འཇུག་པར་གཞིགས་ན་མུ་ཁྲི་བཙན་པོ་ནི་དགོངས་པ་ནམ་མཁའ་ལྟར་འཛིན་པའི་རྒྱལ་བོ་དང་ཏིང་ཁྲི་ནི་དགོངས་པ་རྒྱ་མཚོ་ལྟར་འཛིན་པའི་བཙན་པོ། དེ་ཁྲི་བཙན་པོ་ནི་དགོངས་པ་རི་རབ་ལྟར་འཛིན་པའི་བཙན་པོ་ཞེས་འགྲེལ་ན་གསང་གནད་དང་ལྐོག་གྱུར་གྱི་བཙན་པོའི་མཚན་རྣམས་ལོག་འགྲེལ་དུ་འགྱུར་སྲིད་མོད། དེའི་དུས་མཐོང་དངོས་སུ་གྱུར་པའི་རི་རབ་དང་གཙང་པོ་སོགས་ལ་བླ་གནས་པའི་སེམས་ཁམས་ཡོད་པས་ན་ལུགས་མཐུན་དུའང་སྣང་སྲིད་དོ། །

དཔྱད་གཞིའི་ཡིག་ཆ།
[1] ནམ་མཁའི་ནོར་བུ། «ཆོས་རྒྱལ་ནམ་མཁའ་ནོར་བུའི་གསུང་འབུམ»(པོད་བཞི་པ།) པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2015ལོའི་ཟླ12པའི་པར་གཞི། ཤོག་ངོས282ནས283བར་དུ་གསལ།
[2] འབྲུག་མོ་སྐྱིད་ཀྱིས་དག་སྒྲིག་བྱས། «སྲིད་པ་མཛོད་ཕུགས» ཀན་སུའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2008ལོའི་ཟླ11པ།
འབྲེལ་ཡོད་འོས་སྦྱོར།