logo

༄༅། །བསྟན་བཅོས་གཉིས་གཅིག་ཡིན་མིན་སྐོར་གླེང་བ།

རྩོམ་པ་པོ།:མོག་ཀྱཱ་བསོད་ནམས་རྒྱལ། ཤ་འབྲུག ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2022-11-14 ཀློག་གྲངས།:
༄༅། །བསྟན་པ་རྒྱས་པ་རྒྱན་གྱི་ཉི་འོད་དང་བསྟན་པ་རྒྱན་གྱི་མེ་ཏོག་གཉིས་བསྟན་བཅོས་གཅིག་ཡིན་མིན་སྐོར་གླེང་བ།
མོག་ཀྱཱ་བསོད་ནམས་རྒྱལ། ཤ་འབྲུག་མཚོ།

ནང་དོན་གནད་བསྡུས། དེ་ཡང་བཅོམ་ལྡན་རིག་རལ་གྱིས་མཛད་པའི་བསྟན་པ་རྒྱས་པ་རྒྱན་གྱི་ཉི་འོད་དང་བསྟན་པ་རྒྱན་གྱི་མེ་ཏོག་གཉིས་ནི་བོད་ཀྱི་བཀའ་བསྟན་གྱི་ལོ་རྒྱུས་སྤྱི་དང་ལྷག་པར་བོད་ཀྱི་ཡིག་ཚང་དང་དཀར་ཆག་རིག་པར་ཞིབ་འཇུག་བྱེད་པའི་བསྟན་བཅོས་མེད་དུ་མི་རུང་བ་གཉིས་ཡིན་ཞིང་། དེ་ལ་མཁས་པ་ཁ་ཅིག་གིས་བསྟན་པ་རྒྱས་པ་རྒྱན་གྱི་ཉི་འོད་ནི་སྣར་ཐང་བཀའ་འགྱུར་བྲིས་མའི་དཀར་ཆག་ཡིན་པར་སྨྲ་བ་དང་། ཁ་ཅིག་གིས་དེ་གཉིས་ནི་ཡི་གེའི་དག་ཆ་དང་ཚིག་སྣ་རྒྱས་བསྡུས། དུས་སྔ་ཕྱི་ཙམ་ལ་བརྩམས་པ་ལས་དོན་ལ་བསྟན་བཅོས་གཅིག་ཏུ་འདོད་པ་སོགས་གླེང་ཕྱོགས་སྣ་ཚོགས་པ་ཞིག་བྱུང་བར་དམིགས་ཏེ། འདིར་སྨོན་བཟང་དཔེ་རྙིང་འཚོལ་བསྡུ་ཁང་གིས་བསྒྲིགས་ཤིང་། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་རྒྱ་བོད་ཡིག་ཚང་འབྲིང་པོ་སོགས་བཞུགས་ཞེས་པར་བཞུགས་པའི་བསྟན་བཅོས་གཉིས་གཞིར་བཟུང་སྟེ། གཞུང་གི་མཆོད་བརྗོད་དང་གཞུང་དངོས། མཛད་བྱང་སོགས་ཕན་ཚུན་བསྡུར་དཔྱད་ཀྱིས་བསྟན་བཅོས་དེ་གཉིས་ནི་བརྗོད་བྱ་མི་འདྲ་བའི་བསྟན་བཅོས་སོ་སོ་བ་ལས་བསྟན་བཅོས་གཅིག་མ་ཡིན་པར་བརྗོད་འདུག
བརྡ་ཆད་གཙོ་བོ། བསྟན་པ་རྒྱས་པ་རྒྱན་གྱི་ཉི་འོད། བསྟན་པ་རྒྱན་གྱི་མེ་ཏོག བསྡུར་དཔྱད། མཐའ་སྡོམ།

དང་པོ། བསྟན་བཅོས་གཉིས་ཀ་བཅོམ་ལྡན་རིག་རལ་གྱི་གསུང་ཡིན་མིན་བཤད་པ།
       དེ་ཡང་དཔལ་སྣར་ཐང་གི་མཁས་པ་ཆེན་པོ་བཅོམ་ལྡན་རིག་པའི་རལ་གྲི་མཆོག་གིས། དེའང་འབྲུག་གི་ལོ་ལ་ཕོ་བྲང་ལྷན་ཀར་དུ་བནྡེ་དཔལ་བརྩེགས་ལ་སོགས་པས་བྱས་པ་དང་། སླད་ཀྱིས་ཁྱིའི་ལོ་ལ་ཡར་ལུང་གི་ཕོ་བྲང་འཕང་ཐང་ཀ་མེད་དུ་སྟོན་ཀ་གཅིག་བན་དེ་དཔལ་བརྩེགས་དང་། བན་དེ་ཆོས་ཀྱི་སྙིང་པོ་དང་། ལོ་ཙཱ་བ་དེ་བེན་ཏྲ་དང་། བན་དེ་ལྷུན་པོ་ལ་སོགས་པའི་ཕྱག་ན་འགྱུར་བྱང་རྙིང་པ་ཡོད་པས་གཞི་བྱས་ཏེ་མ་དག་པ་དང་ཟློས་པ་དང་། མཚན་གྱི་རྣམས་གྲངས་དུ་མ་སྨོས་པ་ལ་སོགས་བྱུང་སྟེ། བཙན་པོ་ཁྲི་རལ་པ་ཅན་ཡན་ཆད་དུ་བོད་དུ་ཆོས་བསྒྱུར་བའི་མཚན་དང་བམ་པོ་དང་། ཤླཽཀའི་རྣམ་གྲངས་གཏན་ལ་ཕབ་སྟེ་དཀར་ཆག་ཏུ་བྲིས་པ་ཡོད་པ་ལ[1]ཞེས་ཁྲི་རལ་པ་ཅན་ཡན་ཆད་བཙན་པོའི་དུས་ཀྱི་དཀར་ཆག་ལྡན་དཀར་མ་དང་འཕང་ཐང་མར་བཀོད་པའི་ཆོས་ཀྱི་རྣམ་གྲངས་དང་། ལོ་ཙཱ་བ་རིན་ཆེན་བཟང་པོ་དང་། ནག་ཚོ་ལོ་ཙཱ་བ་དང་། རྔོག་བློ་ལྡན་ལ་སོགས་པ་རྣམས་ལའང་རང་རང་གི་དཀར་ཆག་ཡོད་དོ།[2]ཞེས་བསྟན་པ་ཕྱི་དར་སྐབས་སུའང་ལོ་ཙཱ་བ་ཁ་ཤས་ལ་རང་ཉིད་ཀྱིས་མཛད་པ་དང་བསྒྱུར་བ། ཞུ་ཆེན་བྱས་པ། བཅོས་ནས་གཏན་ལ་ཕབ་པའི་གསུང་རྩོམ་གྱི་དཀར་ཆག་རེ་གཉིས་བཞུགས་པ་སོགས་གཞིར་བཟུང་སྟེ་མཁས་པ་ཁོང་ཉིད་སྐུ་བཞུགས་པའི་དུས་བར་གསར་དུ་བསྒྱུར་བའི་ཆོས་ཀྱི་རྣམ་གྲངས་ཟློས་པ་དོར་ཆད་པ་ཁ་གསབ་ཀྱིས་ཐུབ་པའི་བསྟན་པ་བོད་ཡུལ་དུ་དར་ཚུལ་བཤད་པ་བསྟན་པ་རྒྱས་པ་རྒྱན་གྱི་ཉི་འོད་དང་། འཕགས་པའི་ཡུལ་དུ་སྟོན་པ་བྱོན་ཚུལ་དང་བསྟན་པ་དར་ཚུལ་སོགས་བརྗོད་པ་བསྟན་པ་རྒྱན་གྱི་མེ་ཏོག་ཅེས་དཀར་ཆག་རྣམ་གཉིས་མཛད་པ་ནི་མཁས་པ་རྣམས་ཀྱི་བཞེད་པ་གཅིག་མཐུན་དུ་སྣང་སྟེ། གཞན་ཡང་རང་གི་གཞུང་ལུགས་གཙོ་བོར་སྟོན་པའི་བསྟན་བཅོས་ཀྱང་། བསྟན་པ་རྒྱན་གྱི་མེ་ཏོག་དང་། བསྟན་པ་རྒྱས་པའི་ཉི་འོད་དང[3]ཞེས་ཁོང་གི་རྣམ་ཐར་དུ་བསྟན་བཅོས་གཉིས་ཀྱི་མཚན་གསལ་པོར་བཀོད་པ་དང་།བཅོམ་ལྡན་གྱིས་བདེ་བར་གཤེགས་པའི་བཀའ་རྣམས་ཀྱི་བམ་ཚད་དང་འགྱུར་བྱང་སོགས་ལའང་ངེས་ངེས་མཛད། བསྟན་བཅོས་རྣམས་སོ་སོར་ཕྱེ་ནས་ཚན་ཚན་དུ་བསྡུ་བའི་བསྟན་བཅོས་བསྟན་པ་རྒྱས་པ་བྱ་བའང་མཛད།[4]ཅེས་པའི་བསྟན་པ་རྒྱས་པ་བྱ་བའང་དོན་ལ་བསྟན་པ་རྒྱས་པ་རྒྱན་གྱི་ཉི་འོད་ལ་བརྗོད་པར་འདོད་ཅིང་། བཅོམ་ལྡན་པའི་ཕྱིས་སུ་བྱུང་པའི་མཁས་པ་ཆེན་པོ་བུ་སྟོན་རིན་ཆེན་གྲུབ་དང་། མང་ཐོས་ཀླུ་སྒྲུབ་རྒྱ་མཚོ། ཡར་ལུང་ཤཱཀྱ་རིན་ཆེན་སྡེ། སུམ་པ་མཁན་ཆེན་སོགས་ཀྱིས་བསྟན་པ་བར་དར་ཞེས་པའི་ཐ་སྙད་དང་ལྟ་ཚུལ་ལ་མི་འཐད་པའི་དགག་གཞག་ལན་དུ་འཕེན་པའང་དོན་ལ་གོང་དུ་གླེང་བའི་བསྟན་རྒྱན་གཉིས་ལས་འཕྲོས་པར་སེམས།
       དེ་གཞན་བསྟན་བཅོས་ལ་མཛད་བྱང་འགོད་པ་ནི་བོད་ཀྱི་ཡིག་ཚང་གི་ཁྱད་ཆོས་གལ་ཆེན་ཞིག་སྟེ། དེས་དུས་སྐབས་ནམ་ཞིག་ལ་གནས་གང་དུ་མཁས་པ་སུས་རྒྱུ་རྐྱེན་གང་འདྲར་བརྟེན་ནས་བསྟན་བཅོས་དེ་མཛད་པ་སོགས་གསལ་པོར་མཚོན་ཞིང་། བསྟན་བཅོས་དེའི་འབྲེལ་ཡོད་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པའི་ལྡེ་མིག་ལྟ་བུར་ལགས་པས། བསྟན་བཅོས་འདི་གཉིས་ཀྱི་མཛད་བྱང་དུའང་། འགྲོ་བ་ཀུན་གྱི་ཕན་བདེ་འབྱུང་བའི་གནས། །བསྟན་པ་དམ་ཆོས་བོད་དུ་བྱུང་བའི་ཚུལ། །ལེགས་པར་བཤད་ལ་བསོད་ནམས་གང་ཐོབ་པ། །དེས་ནི་རང་གཞན་བྱུང་ཆུབ་མྱུར་ཐོབ་ཤོག །བསྟན་པ་རྒྱས་པ་རྒྱན་གྱི་ཉི་འོད་འདི། །མཐོང་བས་སྐལ་ལྡན་དགའ་བ་སྐྱེད་པ་དང་། །དམ་པ་རྣམས་ཀྱི་སྐུ་དྲིན་དྲན་པའི་ཕྱིར། །བཅོམ་ལྡན་རལ་གྲིས་ལེགས་པར་བཀོད་པ་ཡིན། །བསྟན་པ་རྒྱས་པ་རྒྱན་གྱི་ཉི་འོད་ཅེས་བྱ་བ་མང་དུ་ཐོས་པའི་དགེ་སློང་བཅོམ་ལྡན་རལ་གྲིས་སྦྱར་བ་རྫོགས་སོ། །[5]ཞེས་འགྲོ་བ་རྣམས་ཀྱི་ཕན་བདེ་མ་ལུས་པ་འབྱུང་བའི་གནས་གཅིག་པུ་སྟོན་པའི་བསྟན་པ་རིན་པོ་ཆེ་འདི་ཉིད་བོད་གངས་ཅན་དུ་ཇི་ལྟར་བྱུང་བའི་ཚུལ་ལེགས་པར་བཤད་པ་དང་། སྐལ་བ་དང་ལྡན་པའི་གང་ཟག་གི་ཡིད་ལ་དགའ་བ་བསྐྱེད་ཅིང་སྔོན་བྱོན་མེས་པོ་གོང་མ་རྣམས་ཀྱི་སྐུ་དྲིན་དྲན་པའི་ཕྱིར་མཛད་པ་དང་། ཤཱཀྱའི་བསྟན་ལ་ཤིན་ཏུ་མཁས་རྣམས་དང་། །རྩོད་ལྡན་མཁས་པར་རློམ་པར་འདོད་པ་རྣམས། །བསྟན་པ་རྒྱན་གྱིས་དག་པར་བྱ་བའི་ཕྱིར། །དཔལ་ལྡན་རིགས་པའི་རལ་གྲིས་བཀོད་པ་ཡིན། །དེ་ལྟར་བདེ་བར་གཤེགས་ཀྱི་བསྟན་པ་ཡི། །རྒྱན་གྱི་མེ་ཏོག་རྣམ་པར་ཕྱེ་བ་ལས། །བྱུང་བའི་མེ་ཏོག་ཉི་མའི་ཟེར་འདྲ་ཡིས། །འགྲོ་བའི་མ་རིག་མུན་པ་སེལ་བར་ཤོག །བསྟན་པ་རྒྱན་གྱི་མེ་ཏོག་ཅེས་བྱ་བ། །མང་དུ་ཐོས་པའི་བཙུན་པ་རལ་གྲིས་བཀོད་པ་རྫོགས་སོ།། །།[6]ཞེས་བསྟན་པ་རྒྱན་གྱི་མེ་ཏོག་ནི་སྟོན་པའི་བསྟན་ལ་ཤིན་ཏུ་མཁས་པ་དང་རྩོད་ལྡན་མཁས་པར་རློམ་པ་རྣམས་ཀྱི་མ་ཤེས་པའི་འཁྲུལ་བ་ཡང་དག་པར་བྱ་བ་དང་། བདེ་བར་གཤེགས་པའི་བསྟན་པ་རྣམ་པར་ཕྱེ་བའི་ཕྱིར་བཅོམ་ལྡན་རལ་གྲིས་བཀོད་པ་ཡིན་ཞེས་གསལ་པོར་གསུངས་ལ། བཅོམ་ལྡན་པའི་བསྟན་བཅོས་ཀུན་ནི་རྒྱན་གྱི་མེ་ཏོག་མཚན་ཅན་ཤ་སྟག་ཏུ་འདུག་པ་སོགས་ཁོང་གི་རྣམ་ཐར་དང་བསྟན་བཅོས་གཉིས་ཀྱི་མཛད་བྱང་། མཚན་གྱི་འདོགས་ལུགས། ཕྱིས་བྱུང་མཁས་པའི་བཞེད་ཚུལ་སོགས་རྒྱུ་མཚན་གང་མང་ལ་གཞིགས་ཚེ་བཅོམ་ལྡན་པའི་གསུང་འཁྲུལ་མེད་ཡིན་མིན་ལ་དོགས་པ་མི་དགོས་པར་སེམས་སོ།།
གཉིས་པ། བཅོམ་ལྡན་རིག་རལ་གྱི་མཛད་རྣམ་ཉིང་བསྡུས།
       དེ་ཡང་བཅོམ་ལྡན་རིག་པའི་རལ་གྲི་མཆོག་ནི་ཆེན་པོའི་ངོ་སྲུང་དང་གཞན་གྱི་ཟེར་སྒྲོས་བཏུས་ནས་སྤྱི་བོར་འཛིན་མཁན་ཞིག་གཏན་ནས་མ་ཡིན་པར་མདོ་སྔགས་རིག་གནས་དང་བཅས་པའི་རིག་པའི་གནས་ཐམས་ཅད་ལ་གཞན་དྲིང་མི་འཇོག་པའི་མཁས་ཆེན་རང་ཚུགས་ཅན་ཞིག་ཡིན་ཞིང་། ཁོང་གི་རྣམ་ཐར་ནི་བཙུན་པ་བསམ་གཏན་བཟང་པོས་མཛད་པའི་རྣམ་ཐར་དད་པའི་ལྗོན་ཤིང་དང་། རོང་སྟོན་ཤཱཀྱ་རྒྱལ་མཚན་གྱི་བཅོམ་ལྡན་རིགས་པའི་རལ་གྲི་མཚན་དངོས་ཆོས་ཀྱི་རྒྱལ་མཚན་ལ་བསྟོད་པ་སྨྲ་བའི་རྒྱན་འགོས་ལོའི་དེབ་སྔོན་དུ་བཞུགས་པའི་རྣམ་ཐར་ཉིང་བསྡུས་དེ་གསུམ་གཙོ་ཆེ་སྟེ། སྤྱི་ལོ༡༢༢༧ལོར་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་གི་ཁོངས་གཏོགས་ཕུ་ཐང་བྱ་བར་ཡབ་ཡོན་བདག་འཁོར་ལོ་འབུམ་དང་ཡུམ་རྣལ་འབྱོར་རྒྱན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།
       དགུང་ལོ་བཅུ་གཉིས་ཐོག་གྲ་ཕྱི་གནས་གསར་དུ་སྒྲོ་རྒྱལ་མཚན་ཐར་ལས་ཕར་ཕྱིན་ལ་སོགས་པའི་ཆོས་མང་དུ་གསན། སློབ་དཔོན་གཙང་པ་ཞེས་པས་སློབ་དཔོན་མཛད་དེ་རབ་ཏུ་བྱུང་བའི་མཚན་དར་མ་རྒྱལ་མཚན་དུ་གསོལ། དེ་ནས་སྐྱོགས་དར་མ་གྲགས་ཀྱི་སློབ་མ་གཅིག་ལས་ཡི་གེ་བསླབ། གཉའ་ཞིག་གི་ཚད་མ་བསྡུས་པའང་གསན། གྲ་ཕྱི་ལྕགས་རིར་བཞུགས་ནས་འདུལ་འཛིན་དཔལ་བཟང་ལས་ན་མིའི་ལུགས་ཀྱི་འདུལ་བ་མདོ་རྩ་དང་སུམ་བརྒྱ་པ། བཀའ་གདམས་ནག་ཚོའི་བསྟན་རིམ། བྱང་ཆུབ་ལམ་སྒྲོན། ཇོ་བོའི་བདེན་གཉིས། དབུ་མའི་མན་ངག སྤྱོད་བསྡུས་སྒྲོན་མ། ཡན་ལག་བདུན་པ་སོགས་གསན། བླ་མ་ད་ན་ཤཱི་ལ། སློབ་དཔོན་ཕུ་ཐང་སྟོན་ཤཱཀ པཎྜི་ཏ་བྷ་ཀ་ར་སེ། ས་སྐྱ་པཎྜིཏ་སོགས་ལས་ཟབ་ཆོས་མང་དུ་གསན། དབྱར་ཉི་མ་ལ་མཁན་པོ་དང་མཁན་ཆེན་མཆིམས་ལ་ལས་ཆོག ཀྱི་སྟོན་གྱིས་གསང་སྟོན་མཛད་དེ་གཙང་པ་སྣམ་རྫོང་ཁོངས་སུ་བཞུགས་པའི་དགའ་བ་གདོང་དུ་བསྙེན་པར་རྫོགས། དབྱར་ཉི་མ་བརྩོན་འགྲུས་ལས་ཕ་རོལ་ཏུ་ཕྱིན་པ་མངོན་རྟོགས་རྒྱན་རྩ་འགྲེལ་དང་། ཉི་ཁྲི་སྣང་བ། བརྒྱད་སྟོང་པ་རྩ་འགྲེལ། སྡུད་པ་རྩ་འགྲེལ། ཤེར་སྙིང་རྩ་འགྲེལ། བརྒྱད་སྟོང་དོན་བསྡུས་རྩ་འགྲེལ་སོགས་གསན། སྣར་ཐང་གི་སངས་རྒྱས་སྒོམ་པ་ལ་ཕར་ཕྱིན་གཏོང་བཙན་མ། གཙང་ནག་པའི་ཆོས་ཆུང་བརྒྱ་རྩ། བྱང་ཆུབ་ལམ་སྒྲོན་སོགས་གསན། མཁན་ཆེན་མཆིམས་ལ་འདུལ་བ་མདོ་རྩ། རྒྱ་ཆེར་འགྲེལ་པ། འདུལ་བ་འོད་ལྡན སྤྱོད་འཇུག མདོ་ཀུན་བཏུས་སོགས་གསན། སློབ་དཔོན་ཆུ་མིག་པ། སློབ་དཔོན་སྐྱེལ་གྲགས་པ་སེང་གེ གྱི་སྟོན་གྲགས་འབུམ། སློབ་དཔོན་ཐུགས་རྗེ་རྒྱལ་མཚན། བྱ་ཡུལ་བའི་དགེ་བའི་བཤེས་གཉེན་ཚེ་རིང་པོ་བ་སོགས་ཟབ་མོ་ཆོས་ཀྱི་བདུད་རྩི་མང་དུ་འཐུང་། དེ་ནས་ནད་ཀྱི་རྣམ་པར་རྟོག་པ་ཞིག་བྱུང་སྟེ་སྣར་ཐང་སྐྱོ་སྟོན་པ་ལ་ཁམས་འཆོས་སུ་འོངས། སྐྱོ་སྟོན་པའི་གསུང་བཞིན་སྣར་ཐང་ཕྱིའི་གྲོག་ཕུག་ཤིག་ཏུ་རྣམ་ངེས་ཚར་སྟོང་བཤད་པས་མཛེ་བུད། སྣར་ཐང་གི་ཆོས་གྲྭར་བཞུགས།
       དགུང་ལོ་སོ་དྲུག་ཐོག་མཆིམས་ཐམས་ཅད་མཁྱེན་པ་དང་། ཉེ་གནས་ཆེན་པོ་ཆོས་ཀྱི་བྱང་ཆུབ་ཀྱི་གསུང་དང་། བུ་སློབ་རྣམས་ཀྱི་ཞུ་བ་བསྐུར་བ་ལ། དགེ་བའི་བཤེས་གཉེན་འཇམ་སྒེག་དང་། དགེ་བཤེས་འབུམ་མེ། འབྲེ་སྒང་པ་གཞོན་རྡོར་རྣམས་ཀྱིས་སྤྱན་དྲངས་ཏེ། ཆུ་ཕོ་ཁྱིའི་ལོ་ནས་ཤིང་མོ་སྦྲུལ་གྱི་བར་ལོ་བཞི་བཅུ་ཞེ་བཞིར་དཔལ་སྣར་ཐང་གིས་གཙོས་ཆོས་གཞི་ཆུ་མིག་རིང་མོ། ཞ་ལུ་གསེར་ཁང་། ཤབ་སྣ་རིངས། ཐང་སྐྱ། གླ་རིང་ལ་སོགས་སུ་བྱོན་ནས་ཕར་ཕྱིན་དང་མངོན་པ་ཀུན་བཏུས། ཚད་མ་རྣམ་ངེས་སོགས་གསུངས་ལ། སྡེ་སྣོད་འཛིན་པ་སྟོང་ཕྲག་ལྷག་དང་དགེ་བའི་བཤེས་གཉེན་ལྔ་བརྒྱ་ལྷག་བྱུང་། མཐར་ཤིང་མོ་སྦྲུལ་གྱི་ལོ༡༣༠༥ལོར་སྐུ་གཤེགས།
       ཁོང་གིས་སྐུ་ཚེ་གང་བོར་གཞུང་ལུགས་ཆེན་པོ་ཕལ་མོ་ཆེའི་རྣམ་བཤད་དང་། རང་གི་བཞེད་གཞུང་འཆད་པའི་བསྟན་བཅོས་མང་པོ་དང་། སྒྲུབ་ཐབས་དང་མན་ངག་གི་ཡི་གེ་ཡང་མཐའ་ཡས་པ་མཛད་པ་དང་།ལྷག་པར་དུ་བོད་ཀྱི་བཀའ་བསྟན་ཡིག་ཚང་ཐད་གཞན་གྱིས་འགྲན་མི་བཟོད་པའི་ཕྱག་རྗེས་རྨད་དུ་བྱུང་བ་བཞག འགོས་ལོས་“བཅོམ་ལྡན་པས་བསྟན་བཅོས་ཀྱང་པུ་སྟི་བཅུ་དྲུག་ཙམ་བརྩམས”[7]པར་གསུངས་ཤིང་། ད་ལྟ་དངོས་སུ་མཐོང་ཆོས་སུ་གྱུར་པ་ནི་བསླབ་གསུམ་རྒྱན་གྱི་མེ་ཏོག བསྟན་པ་རྒྱས་པ་རྒྱན་གྱི་ཉི་འོད། བསྟན་པ་རྒྱན་གྱི་མེ་ཏོག བསྙེན་གནས་ཡན་ལག་བརྒྱད་པའི་ཆོ་ག་རྒྱན་གྱི་མེ་ཏོག སེམས་བསྐྱེད་རྒྱན་གྱི་མེ་ཏོག སྐྱེས་པའི་རབས་རྒྱན་གྱི་མེ་ཏོག མདོ་སྡེ་རྒྱན་གྱི་མེ་ཏོག བདེ་བ་ཅན་གྱི་བསྟོད་པ་འཛམ་བུའི་སིལ་སྙན། སངས་རྒྱས་མི་འཁྲུགས་པའི་ཞིང་གི་བསྟོད་པ་ཐར་བའི་སིལ་སྙན། ཡེ་ཤེས་སྙིང་པོ་ཀུན་ལས་བསྡུས་པ་རྒྱན་གྱི་མེ་ཏོག་དང་། འཇིག་རྟེན་གྱི་ཁམས་རྒྱ་མཚོ་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པ་རྣམ་པར་བཤད་པ་རྒྱན་གྱི་མེ་ཏོག ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་རྒྱན་གྱི་མེ་ཏོག བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་རྒྱན་གྱི་མེ་ཏོག ཆོས་དང་ཆོས་ཉིད་རྒྱན་གྱི་མེ་ཏོག དབུ་མ་རྒྱན་གྱི་བསྡུས་དོན། ཚད་མའི་བསྟན་བཅོས་སྡེ་བདུན་རྒྱན་གྱི་མེ་ཏོགཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་བཤད་མངོན་པར་རྟོགས་པ་རྒྱན་གྱི་མེ་ཏོག  མངོན་པ་ཀུན་བཏུས་རྒྱན་གྱི་མེ་ཏོགཚད་མ་རྣམ་པར་ངེས་པའི་འགྲེལ་བཤད་ཆེན་པོ་རྒྱན་གྱི་མེ་ཏོག་སོགས་བརྩམས་ཆོས་པོད་ལྔ་པར་སྐྲུན་གནང་ཡོད་ལ། རྣམ་ཐར་ཉིས་བསྡུས་འདི་ནི་གཙོ་བོ་བཙུན་པ་བསམ་གཏན་བཟང་པོས་མཛད་པའི་རྣམ་ཐར་དད་པའི་ལྗོན་ཤིང་གཙོར་བཟུང་ནས་བཀོད་པ་ཡིན་ནོ།།
གསུམ་པ། བསྟན་བཅོས་གཉིས་ཀྱི་བརྗོད་བྱ་གཅིག་ཏུ་འདོད་མཁན།
       དེ་ལ་བཅོམ་ལྡན་རིག་རལ་མཆོག་གིས་བསྟན་པ་རྒྱས་པ་རྒྱན་གྱི་ཉི་འོད་དང་བསྟན་པ་རྒྱན་གྱི་མེ་ཏོག་གཉིས་མཛད་པ་ནས་བོད་ཀྱི་བཀའ་བསྟན་ལོ་རྒྱུས་དང་ཡིག་ཚང་ཞིབ་འཇུག་གི་བགྱི་བ་དོན་དུ་གཉེར་མཁན་ཚོས་བསྟན་བཅོས་དེ་གཉིས་ལ་ཞིབ་འཇུག་དང་ཕྱིས་བྱུང་ཆོས་འབྱུང་ལོ་རྒྱུས་རྩོམ་པ་སོགས་ཀྱི་ལུང་ཚད་ཐུབ་ཏུ་དྲངས་ཏེ་གཟུར་བོར་གནས་པའི་གདེང་འཇོག་མི་དམན་པ་གནང་ལ། གཅིག་མཐུན་མིན་པའི་བཞེད་ཚུལ་ཀྱང་མང་དུ་བྱུང་བ་སྟེ། ཁ་ཅིག་གིས་བཅོམ་ལྡན་པའི་བསྟན་བཅོས་དེ་གཉིས་ནི་མཚན་བྱང་མི་གཅིག་པ་ཙམ་ལས་བརྗོད་བྱ་གཅིག་པ་དང་།བསྟན་པ་རྒྱན་གྱི་མེ་ཏོག་སྔོན་དུ་བརྩམས་ཤིང་ཕྱིས་སུ་དེ་ཉིད་ཀྱི་བརྗོད་བྱ་རྗོད་བྱེད་སོགས་ལ་ཞུ་དག་གིས་བསྟན་པ་རྒྱས་པ་རྒྱན་གྱི་ཉི་འོད་མཛད་པར་སྨྲ་ལ། ཐ་ན་བསྟན་བཅོས་གཉིས་ཀྱི་མཆོད་བརྗོད་དང་རྩོམ་པར་དམ་བཅའ་བའང་ཡི་གེའི་དག་ཆ་དང་ཚིག་གི་སྦྱོར་བ་རེ་གཉིས་ཙམ་ལས་ཡོངས་སུ་མཚུངས་པར་བརྗོད་ཅིང་། ཕྱིས་བྱུང་ཞིབ་འཇུག་པའི་ཁྲོད་བཞེད་ཚུལ་དེའི་རྗེས་སུ་འབྲངས་མཁན་མང་དུ་མཆིས།
       གཞན་བཅོམ་ལྡན་རིག་པའི་རལ་གྲིས་དབུས་གཙང་དང་མངའ་རིས་བཅས་སུ་བཞུགས་པའི་བཀའ་འགྱུར་དང་བསྟན་འགྱུར་གྱི་དཔེ་ཆ་རྣམས་བསྡུ་རུབ་དང་། ཞུ་དག ལེགས་སྒྲིག་བཅས་མཛད་ནས་བཀའ་བསྟན་གྱི་དཀར་ཆག་བསྟན་པ་རྒྱས་པ་རྒྱན་གྱི་མེ་ཏོག་ཅེས་པ་ཞིག་དང་བཀའ་འགྱུར་གྱི་དཀར་ཆག་ཉི་མའི་འོད་ཟེར་ཞེས་པ་གཉིས་བརྩམས[8]ཞེས་བཀའ་བསྟན་གཉི་གའི་སྤྱིའི་དཀར་ཆག་བསྟན་པ་རྒྱན་གྱི་མེ་ཏོག་དང་བཀའ་འགྱུར་གཅིག་པུའི་དཀར་ཆག་བསྟན་པ་རྒྱས་པ་རྒྱན་གྱི་ཉི་འོད་ཡིན་པར་བརྗོད་པ་སོགས་ལྟ་ཚུལ་སྣ་ཚོགས་པ་ཞིག་འདུ་མོད། དེ་ལ་བཅོམ་ལྡན་རིག་རལ་གྱིས་མཛད་པའི་ཤཱཀྱའི་བསྟན་ལ་རང་གིས་བསྟན་བཅོས་ཇི་ཙམ་བརྩམས་པའི་ཚུལ་ལམ་སློབ་དཔོན་བཅོམ་ལྡན་རལ་གྲིས་བསྟན་བཅོས་བརྩམས་པའི་དཀར་ཆག་ལས།ཁོ་བོས་བསྟན་བཅོས་བརྩམས་པའི་གྲངས་ལ་སྤྱི་དང་བྱེ་བྲག་གཉིས་ལས་དང་པོ་ནི་འཛམ་བུའི་གླིང་འདིར་ཤཱཀྱའི་བསྟན་པ་ཇི་ལྟར་བྱུང་ཚུལ་བཤད་པ་བསྟན་པ་རྒྱན་གྱི་མེ་ཏོག་ཆེ་ཆུང་གཉིས་དང[9]ཞེས་བསྟན་པ་རྒྱན་གྱི་མེ་ཏོག་རྒྱས་བསྡུས་གཉིས་ནི་སྤྱི་འཛམ་བུའི་གླིང་དུ་ཐུབ་པའི་བསྟན་པ་བྱུང་ཚུལ་སྟོན་པ་དང་། དེ་བོད་དུ་ཇི་ལྟར་བྱུང་ཚུལ་བཤད་པ་བོད་ཀྱི་བསྟན་རྒྱན་ཤིན་ཏུ་རྒྱས་པ་དང[10]ཞེས་བསྟན་པ་རྒྱས་པ་རྒྱན་གྱི་ཉི་འོད་ནི་ཐུབ་པའི་བསྟན་པ་དེ་ཉིད་བོད་གངས་ཅན་གྱི་ལྗོངས་སུ་བྱུང་ཚུལ་སྟོན་པ་ཡིན་པར་གསུངས་པ་ནི་གཅིག་ན་བསྟན་བཅོས་རྩོམ་པ་པོའི་གསུང་དངོས་དང་གཉིས་ན་བསྟན་བཅོས་གཉིས་ཕན་ཚུན་བསྡུར་བ་ལས་ཀྱང་གསལ་པོར་ངེས་པས་ཧ་ཅང་ཐུགས་བདེན་པ་དང་ཡང་དག་པའི་གཏམ་དུ་ཟད་ལ། གཞན་བདག་གི་མཛུབ་སྟོན་སློབ་དཔོན་སྐ་བ་ཤེས་རབ་བཟང་པོ་མཆོག་གིས་ཀྱང“༢༠༠༣ལོར་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུའི་ཐོག་ཏུ་དེ་སྐོར་ཕྱི་གླིང་གི་བཀའ་བསྟན་དཀར་ཆག་མཁས་པ་འགའག་དང་གླེང་མོལ་བྱུང་བར་དེ་དག་གིས་འདི་གཉིས་དཔེ་གཅིག་ལ་མཚན་མི་འདྲ་བ་ཡིན་པར་གསུང་ཀྱང་། བཅོམ་ལྡན་པའི་རྣམ་ཐར་ནང་འདི་གཉིས་ཀའི་མཚན་སོ་སོར་བྱུང་བས་མ་ཕྱི་གཉི་ཀ་འཛོམ་མཚམས་ཕན་ཚུན་དཔྱད་བསྡུར་བྱ་འོས་པ་ཡིན”[11]ཞེས་དོན་ལ་བསྟན་བཅོས་གཉིས་ཀྱི་བརྗོད་བྱ་གཅིག་ཏུ་འདོད་པའི་ལྟ་ཚུལ་ལ་ཁས་ལེན་དཀའ་བའི་དོགས་པ་བསླངས་ཡོད་པ་ལྟར་དེ་བཞིན་ཡིད་ལ་བྱེད་པར་རིགས་སོ།།
བཞི་པ། བསྟན་བཅོས་གཉིས་ཀྱི་གཞུང་དངོས་བསྡུར་བ།
       གཅིག བསྟན་པ་རྒྱས་པ་རྒྱན་གྱི་ཉི་འོད་ཀྱི་གཞུང་དངོས།
       སྤྱིར་བོད་ཀྱི་སྔ་མའི་བསྟན་བཅོས་རྣམས་ནི་གཞུང་དོན་ཧྲིལ་པོ་རྫོགས་པར་བྱེད་པ་ལ་ཐོད་མར་དགེ་བ་ཀླད་ཀྱི་དོན་དང་། བར་དུ་དགེ་བ་གཞུང་གི་དོན། ཐ་མར་དགེ་བ་མཇུག་གི་དོན་ཞེས་དོན་ཚན་གསུམ་གྱི་སྒོ་ནས་གཞུང་དེ་ཉིད་ཆ་ཚང་བར་བརྗོད་པ་ལྟར། བསྟན་བཅོས་འདི་ལའང་དོན་ཚན་དེ་གསུམ་ཡོངས་སུ་ཚང་སྟེ། དགེ་བ་ཀླད་ཀྱི་དོན་དུ“བསྐལ་བཟང་སངས་རྒྱས་བཞི་པར་བྱོན་གྱུར་པ། །ཀུན་མཁྱེན་ཤཱཀྱའི་གཙོ་ལ་ཕྱག་འཚལ་ཏེ། །དེའི་བསྟན་པ་གངས་ཅན་བོད་ཡུལ་འདིར། །ཇི་ལྟར་བྱོན་ཚུལ་བདག་གིས་བཤད་པར་བྱ། །”[12]ཞེས་བསྐལ་བཟང་གི་སངས་རྒྱས་སྟོང་ལས་རྣམ་འདྲེན་བཞི་པ་བདག་ཅག་གི་སྟོན་པ་ཐུབ་པའི་དབང་པོར་ཕྱག་བྱ་བ་དང་། གཙོ་བོ་སྟོན་པའི་བསྟན་པ་དྲི་མ་མེད་པ་དེ་ཉིད་བོད་གངས་ཅན་གྱི་ལྗོངས་སུ་ཇི་ལྟར་བྱོན་པའི་ཚུལ་བཤད་པར་བྱ་ཞེས་རྩོམ་པར་དམ་བཅས་ཡོད་ལ།གཞུང་གི་དོན་ནི་བསྟན་བཅོས་གང་དེས་བཤད་པར་བྱ་བའི་བརྗོད་བྱ་དངོས་ཏེ། འདིར་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་བྱོན་ཚུལ་ནས་འོད་སྲུང་གི་ཚ་བོ་ཁྲི་བཀྲ་ཤིས་བརྩེགས་པ་དཔལ་གྱིས་དབུས་གཙང་དང་སྐྱིད་ལྡེ་ཉི་མ་མགོན་གྱིས་མངའ་རིས་བཟུང་བ། ཡུམ་བརྟན་གྱི་རྒྱུད་ནི་ལྕང་རྒྱབ་དང་བསམ་ཡས་ཀྱི་བཙད་པོ་རྣམས་ཡིན་པར་བརྗོད་དེ་བོད་ཇི་ལྟར་བྱུང་པའི་ལེའུ་དང་། ལྷ་ཐོ་ཐོ་རིའི་སྐབས་བསྟན་པའི་དབུ་བརྙེས་པ་ནས་དར་མ་འུ་དུམ་བཙན་གྱིས་བསྟན་པ་བསྣུབས་པའི་བར་བོད་དུ་ཆོས་ཇི་ལྟར་བྱུང་བའི་ལེའུ།ཐེག་པ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕྱོགས་སུ་གཏོགས་པའི་མདོ་སྡེ་སྟེ་ཤེར་ཕྱིན་གྱི་ལེའུ། ཕལ་ཆེན་གྱི་ལེའུ། དཀོན་བརྩེགས་ཀྱི་ལེའུ། མདོ་སྡེ་སྣ་ཚོགས་སྡེ་གཅིག་ཏུ་བྱས་པའི་ཐེག་ཆེན་མདོ་སྡེའི་ལེའུ། ཐེག་པ་ཆུང་ངུའི་མདོ་སྡེ་སྣ་ཚོགས་སྡེ་གཅིག་ཏུ་བྱས་པའི་ཐེག་ཆུང་མདོ་སྡེའི་ལེའུ།གཟུངས་ཀྱི་ལེའུ། མཚན་དང་སྨོན་ལམ་དང་བཀྲ་ཤིས་ཀྱི་ལེའུ། མདོ་སྡེ་སྣ་ཚོགས་ཀྱི་འགྲེལ་པའི་ལེའུ། རྒྱ་གར་ལས་དཔེ་མ་རྙེད་པ་རྣམས་ནི་རྒྱ་ནག་དང་ལི་ལས་བསྒྱུར་བའི་རྒྱ་དང་ལི་ལས་བསྒྱུར་བའི་ལེའུ། འདུལ་བའི་ལེའུ། མངོན་པའི་ལེའུ། སེམས་ཙམ་གྱི་བསྟན་བཅོས་ཀྱི་ལེའུ། དབུ་མའི་བསྟན་བཅོས་ཀྱི་ལེའུ། བྱང་ཆུབ་སེམས་དཔའི་སྤྱོད་པ་དང་སྒོམ་པའི་རིམ་པའི་ལེའུ། འཕགས་པ་ལ་བསྟོད་པ་སྣ་ཚོགས་བྱས་པའི་བསྟོད་པ་སྣ་ཚོགས་ཀྱི་ལེའུ། གསང་སྔགས་ཀྱི་ལེའུ། རྟོག་གེའི་ལེའུ། བསྒྱུར་འཕྲོ་ལ་ལུས་པ་དང་། ཞུ་ཆེན་མ་བྱས་པའི་ལེའུ། མངའ་རིས་སྟོད་ཀྱི་ལོ་པཎ་དང་རྒྱལ་པོ་རྣམས་ཇི་ལྟར་བྱོན་པའི་ལེའུ།ལོ་ཙཱ་ཆེན་པོ་རིན་ཆེན་བཟང་པོས་བསྒྱུར་བའི་ལེའུ། རིན་ཆེན་བཟང་པོས་སློབ་མའི་བསྒྱུར་བའི་ལེའུ། ནག་ཚོ་ལོ་ཙཱ་བས་བསྒྱུར་བའི་ལེའུ། ཇོ་བོ་འདས་མ་ཐག་ཏུ་བསྒྱུར་བའི་ལེའུ། འབྲོག་མི་ལ་སོགས་པས་བསྒྱུར་བའི་ལེའུ། ལོ་ཙཱ་བ་ཆེན་པོ་རྔོག་བློ་ལྡན་ལ་སོགས་པས་བསྒྱུར་བའི་ལེའུ། པ་ཚབ་ཉི་མ་གྲགས་ལ་སོགས་པས་བསྒྱུར་བའི་ལེའུ། མདོ་རྒྱུད་བསྟན་བཅོས་ཡང་དག་དང་ལྟར་སྣང་གི་དབྱེ་བའི་ལེའུ། རྒྱལ་པོ་ཁྲི་རལ་པ་ཅན་ཡན་ཆད་དུ་བརྩམས་པའི་ལེའུ། རྔོག་བློ་ལྡན་གྱིས་བརྩམས་པའི་ལེའུ། འཇུག་གདམས་པའི་ལེའུ་སྟེ་ལེའུ་སུམ་ཅུ་སོ་གཉིས་ཀྱིས་གཞུང་དངོས་མཇུག་རྫོགས་པར་བྱས་པ་དང་། དེ་ཡང་བོད་ཀྱི་བསྟན་པའི་འཕེལ་རིམ་ལ་བསྟན་པ་སྔ་དར་དང་བར་དར། ཕྱི་དར་གསུམ་དུ་ཕྱེ་བ་དང་། སྔགས་གསར་རྙིང་གི་རྒྱུད་ཤིན་ཏུ་མང་པོ་ནི་བོད་ཀྱིས་བྱས་ཏེ་དེ་དག་གི་དབྱེ་བ་རྒྱས་པ་ནི་ལོ་ཙཱ་བ་རིན་ཆེན་བཟང་པོ་དང་། དེའི་སློབ་མ་ལོ་ཙཱ་བ་བྱང་ཆུབ་འོད་དང་། འགོས་པ་ལྷས་བཙས་ཀྱིས་བྱས་པའི་དང་། ཁོ་བོས་བྱས་པའི་ཡི་གེ་ལ་བལྟའོ[13]ཞེས་དང་། ཆོས་བཟང་པོ་རྣམས་ལ་ནི་མཛད་པ་པོའི་མིང་དང་། འགྱུར་བྱང་མ་བྲིས་པ་ཤིན་ཏུ་མང་པོ་ཡོད་ལ། བསླུ་བའི་བསམ་པས་ཁ་འཕངས་བྱས་པ་རྣམས་ལ་ནི་དེ་གཉིས་དང་། བསླུ་བའི་བརྫུན་གྱི་གཏམ་རྒྱུད་མང་པོ་འོང་བ་ཡིན་ནོ། །དེས་ནས་རྒྱ་གར་བསྟན་བཅོས་རྩོམ། རྒྱ་ནག་མདོ་རྩོམ། བོད་རྒྱུད་རྩོམ་ཟེར་བ་བདེན་པར་སྣང་བས་མཁས་པ་བསྟེན་ལ་བླང་དོར་ཕྱི་ཅི་མ་ལོག་པར་བྱའོ།། བོད་ཀྱིས་བྱས་པའི་རྒྱུད་ཀྱི་དབྱེ་བ་ནི་ཁོ་བོས་བྱས་པར་བལྟའོ”[14]ཞེས་བོད་དུ་བྱོན་པའི་མདོ་རྒྱུད་ཡང་དག་དང་ལྟར་སྣང་གི་དབྱེ་བ་གསལ་པོར་ཕྱེ་བ་དང་བསྟན་པ་ལ་རྨ་འབྱིན་པ་སུན་ཕྱུངས་བའི་སྔགས་ལོག་སུན་འབྱིན་གྱི་བསྟན་བཅོས་མཛད་པ་དང་། རྒྱལ་པོ་ཁྲི་རལ་པ་ཅན་ཡན་ཆད་དུ་མདོ་སྔགས་རིག་གནས་ཀྱི་བསྟན་བཅོས་མང་པོ་བཞུགས་པ་རྣམས་རྒྱ་བོད་ལི་གསུམ་སོགས་ཀྱི་སྐད་ལས་བསྒྱུར་བ་དང་མི་རིགས་གང་གིས་མཛད་པ་སོགས་རྒྱ་བོད་སུས་བྱས་ཤེས་པའི་ཆེད་དུ་བོད་ཀྱི་མཁས་པས་མཛད་པའི་བསྟན་བཅོས་ཀྱི་མཚན་རྣམས་བཀོད་པ། བོད་ཀྱི་ལོ་ཙཱ་བ་ཕལ་མོ་ཆེས་མཛད་པ་རྣམས་ནི་བསྟན་བཅོས་རང་རང་གི་མཛད་བྱང་དུ་སུས་བྱས་གསལ་པོར་འདུག་མོད། རྔོག་ལོ་ཆེན་པོས་མཛད་པ་ཕལ་ཆེ་བ་ནི་ལོ་ཙཱ་བའི་མཚན་མ་བྲིས་པ་ཐམས་ཅད་ཀྱིས་མི་ཤེས་པ་ཤེས་པའི་དོན་དུ་རྔོག་བློ་ལྡན་ཤེས་རབ་ཀྱིས་བརྩམས་པའི་ལེའུ་ཆེད་དུ་བཀོད་པ་སོགས་བོད་ཀྱི་རིག་གནས་ལོ་རྒྱུས་ཁྲོད་ཀྱི་གནད་དོན་གལ་ཆེན་ཁག་རྩལ་དུ་བཏོན་ནས་དཔྱད་བརྗོད་གནང་བ་དང་། དུས་དེང་སང་ནི་བསྟན་པ་འཇིག་པར་བྱེད་པ་རྣམས་ཀྱིས་སྐུ་གསུང་ཐུགས་ཀྱི་རྟེན་ཐམས་ཅད་བཤིག་ནས་གསུང་རབ་རྣམས་ནུབ་འགྲོ་བར་འདུག་པས་བསྟན་པ་ལ་དད་པ་རྣམས་ཀྱིས་གསུང་རབ་གང་དཀོན་པ་རྣམས་བྲིས་ལ་བསྟན་པ་ལ་ཕན་པར་བཞུགས་སོ་ཞེས་སྐབས་དེའི་སྤྱི་ཚོགས་ཀྱི་གནས་ཚུལ་དང་བོད་པ་རྣམས་ཀྱིས་བསྟན་པ་ཡུན་དུ་གནས་ཕྱིར་གསུང་རབ་འབྲི་བཞེངས་ཀྱི་ལས་ལ་འབད་དགོས་པར་འབོད་སྐུལ་བཏང་ཡོད།
       དགེ་བ་མཇུག་གི་དོན་ལ། འགྲོ་བ་ཀུན་གྱི་ཕན་བདེ་འབྱུང་བའི་གནས། །བསྟན་པ་དམ་ཆོས་བོད་དུ་བྱུང་བའི་ཚུལ། །ལེགས་པར་བཤད་ལ་བསོད་ནམས་གང་ཐོབ་པ། །དེས་ནི་རང་གཞན་བྱུང་ཆུབ་མྱུར་ཐོབ་ཤོག །བསྟན་པ་རྒྱས་པ་རྒྱན་གྱི་ཉི་འོད་འདི། །མཐོང་བས་སྐལ་ལྡན་དགའ་བ་སྐྱེད་པ་དང་། །དམ་པ་རྣམས་ཀྱི་སྐུ་དྲིན་དྲན་པའི་ཕྱིར། །བཅོམ་ལྡན་རལ་གྲིས་ལེགས་པར་བཀོད་པ་ཡིན། །[15]ཞེས་སངས་རྒྱས་ཀྱི་བསྟན་པ་བོད་ཡུལ་དུ་བྱུང་ཚུལ་གཙོར་བརྗོད་པ་དང་། མཐར་ཡིག་ཆུང་གིས་་རྒྱ་གར་ལ་སོགས་ལ་ལས་བསྒྱུར་བ་ལ་གྲངས་ཉིས་སྟོང་བདུན་ཅུ་ལྷག་པ་ཅིག །བོད་ཀྱི་བསྟན་བཅོས་བརྒྱ་དྲུག་ཅུ་རྩ་བརྒྱད་མཆིས་ཞེས་ཕྱག་དཔེའི་མཇུག་ན་བྲིས་སྣང་ངོ་། །འདི་འདྲའི་བསྟན་པའི་ཉི་འོད་གསལ་བྱེད་བོད་དུ་སྔར་སུས་ཀྱང་བཤད་པ་མི་སྣང་ཞེས་མང་དུ་མཁྱེན་པ་གསུང་ངོ་། །བསླབ་གསུམ་རྒྱན། ཤེར་སྙིང་རྒྱན། ཡི་གེ་གཅིག་མ་རྒྱན། བསྟན་པ་རྒྱན། ཆེ་ཆུང་གཉིས་ཏེ་ལྔ་བདོག །[16]ཅེས་རྒྱ་གར་དང་ལི་ཡུལ་སོགས་ཡུལ་གཞན་ལས་བསྒྱུར་བའི་གྲངས་ཀ་དང་། བོད་ཀྱི་ལོ་ཙཱ་བ་དང་མཁས་པས་མཛད་པའི་བསྟན་བཅོས་ཀྱི་གྲངས་ཀྱང་གསལ་པོར་བརྗོད་ལ་བསྟན་པ་རྒྱན་ཆེ་ཆུང་གཉིས་ཡོད་པའང་ཞོར་དུ་ཡིག་ཆུང་གིས་གསལ་བཤད་བྱས་ཡོད་དོ།།
       གཉིས། «བསྟན་པ་རྒྱན་གྱི་མེ་ཏོག»གི་གཞུང་དངོས།
       འདི་ཡང་གོང་དང་འདྲ་བར་དགེ་བ་ཀླད་ཀྱི་དོན་དུ། ཀུན་མཁྱེན་འགྲོ་བ་ཀུན་གྱི་སྟོན་པ་དང་། །བླ་མའི་ཞབས་ཀྱི་པདྨ་ལ་བཏུད་དེ། །སྟོན་དང་བསྟན་པ་དེ་གཉིས་ཇི་སྲིད་དུ། །གནས་པ་དེ་གསུམ་འདིར་ནི་བཤད་པར་བྱ། །[17]ཞེས་འགྲོ་བ་ཀུན་གྱི་སྟོན་པ་དང་བླ་མའི་ཞབས་ལ་ཕྱག་བྱེད་པ་དང་། གཙོ་བོ་སྟོན་པ་བྱོན་ཚུལ་དང་བསྟན་པ་བྱུང་ཚུལ། དེ་གཉིས་ཀྱི་གནས་ཚད་བཤད་པར་བྱ་ཞེས་རྩོམ་པར་དམ་བཅས་ཡོད་ལ། དགེ་བ་གཞུང་གི་དོན་དུ“འདིར་བསྟན་པ་རྒྱན་གྱི་མེ་ཏོག་ལ། སྟོན་པ། བསྟན་པ། དེ་གཉིས་གནས་པའི་ཚད་བཤད་པའོ”[18]ཞེས་དོན་ཚན་ཆེན་པོ་གསུམ་གྱིས་བསྟན་པ་སྟེ། བདག་ཅག་གི་སྟོན་པ་དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ཚུལ་དང་། བར་དུ་གྲངས་མེད་གསུམ་དུ་ཚོགས་བསགས་པའི་ཚུལ། མཐར་མངོན་པར་རྫོགས་པའི་སངས་རྒྱས་ཚུལ་བཅས་ནང་དོན་གསུམ་གྱིས་བསྟན་པ་དང་།  གཉིས་པ་བསྟན་པ་བཤད་པ་ལ། འདིར་བསྟན་པ་ནི་དམ་པའི་ཆོས་ཏེ་དེ་ལ་བཀའ་བཤད་པ་དང་། དེ་ཇི་ལྟར་བསྡུས་ཚུལ། དེ་ལ་འགྲེལ་པ་བྱུང་ཚུལ་དང་གསུམ་གྱིས་བསྟན་པ་དང་། དང་པོ་ལའང་གནས་གང་དུ། ཆོས་གང་གི །ཚད་ཇི་ཙམ་གནས་པ། སྐད་གང་གིས། འཁོར་གང་ལ། དུས་ཇི་སྲིད་དུ་གསུངས་པ་དང་དྲུག་གོ་ཞེས་དོན་ཆུང་དྲུག་གིས་ཞིབ་ཏུ་བརྗོད་པ་དང་། ཇི་ལྟར་བསྡུ་བའི་ཚུལ་ལའང་བཀའ་བསྡུ་ལན་གསུམ་གནང་ཚུལ། འགྲེལ་པ་བྱུང་ཚུལ་ལའང་དང་པོ་ནང་རིག་པའི་བསྟན་བཅོས་ཀྱི་མཚན་ཉིད་རྩོམ་པ་པོ་རྣམ་གཡེང་མེད་པའི་ཡིད་ཅན་གྱིས་ཐུབ་པས་གསུངས་པའི་ཚིག་དོན་བཤད་པས་གདུལ་བྱའི་བློ་ཐར་པ་དང་མཐུན་པར་འཆོས་པ་དང་། བརྗོད་བྱ་བཀའི་སྒོ་ནས་དབྱེ་བ་དང་བྱེད་ལས་ཀྱི་སྒོ་ནས་དབྱེ་བ། བསྟན་བཅོས་ཇི་ལྟར་བྱུང་པའི་ཚུལ་ལ་ནང་རིག་པའི་སྡེ་སྣོད་གསུམ་ལ་འགྲེལ་པ་བྱུང་ཚུལ། རྒྱུད་སྡེ་བཞི་ལ་བྱུང་ཚུལ། ཕྱི་རིག་པའི་བསྟན་བཅོས་ཇི་ལྟར་བྱུང་ཚུལ་བཤད་པ་དང་། གནས་པའི་ཚད་བཤད་པའང་ཡུལ་འཛིན་པ་སྲུང་བའི་གང་ཟག འདིར་བྱུང་ཚུལ། ཇི་སྲིད་གནས་པའི་ཚད་དངོས་བཅས་གསུམ་གྱིས་བསྟན་པ་སོགས་དང་། དེ་ལ་དར་མ་དང་འོད་སྲུང་གི་དུས་བསྟན་པ་མེད་དོ། །དཔལ་འཁོར་བཙན་ནས་བཀྲ་ཤིས་མགོན་གྱི་བར་ཉན་བཤད་མེད་པས་བསྟན་པའི་གཟུགས་བརྙན་ཙམ་ཡིན་ནོ། །གཉིས་པ་བར་དར་ནི། བཀྲ་ཤིས་མགོན་གྱི་སྲས། ལྷ་བླ་མ་ཡེ་ཤེས་འོད་ཀྱིས་མཐོ་ལྡིང་བཞེངས་ཏེ། པཎྜི་ཏ་དྷརྨ་པཱ་ལ་སྤྱན་དྲངས་ནས། རཏྣ་བ་ལ་སོགས་ཉི་ཤུ་རྩ་གཅིག་ཁ་ཆེར་ཆོས་སློབ་ཏུ་བཅུག་གོ །དེའི་ཚ་བོ་ལྷ་ལྡེས། པཎྜི་ཏ་སུ་བྷ་ཤྲཱི་སྤྱན་དྲངས་སོ། །དེའི་སྲས་ཞི་བ་འོད་དང་། བྱང་ཆུབ་འོད། དེས་ཇོ་བོ་རྗེ་སྤྱན་དྲངས་སོ། །དེའི་ཚེ་པཎྜི་ཏ་པྲ་ཏ་ཀ་ར་བརྨ་དང་། པདྨ་ཀ་ར་བརྨ་དང་། ལོ་ཙཱ་བ་རིན་ཆེན་བཟང་པོ། ཤཱཀྱ་བློ་གྲོས། དགེ་བ་བློ་གྲོས་སོགས་ཀྱིས་རྒྱུད་སྡེ་བཞི་བསྒྱུར་རོ། །དེ་གཉིས་ཀྱི་གཅུང་པོ་མདོ་སྡེས་ཀྱང་ཁ་ཆེ་ཛྙཱ་ན་ཤྲཱི་སྤྱན་དྲངས་སོ། །དེའི་སྲས་རྩེ་ལྡེས་ཀྱང་སུ་ན་མ་ཤྲཱི་སྤྱན་དྲངས་སོ། །དེའི་ཕ་སྤུན་དབང་ལྡེས་ཀྱང་། རྔོག་ལོའི་འགྱུར་གྱི་ཡོན་བདག་མཛད་དོ། །[19]ཞེས་བསྟན་པའི་གཟུགས་བརྙན་དང་བསྟན་པ་བར་དར་དུ་འབོད་པའི་དུས་སྐབས་སོགས་གཞན་དང་མི་མཐུན་པའི་རིག་གནས་ལོ་རྒྱུས་ཀྱི་ལྟ་ཚུལ་གསར་པ་བཏོན་ཡོད། དགེ་བ་མཇུག་གི་དོན་ནི“ཤཱཀྱའི་བསྟན་ལ་ཤིན་ཏུ་མཁས་རྣམས་དང་། །རྩོད་ལྡན་མཁས་པར་རློམ་པར་འདོད་པ་རྣམས། །བསྟན་པ་རྒྱན་གྱིས་དག་པར་བྱ་བའི་ཕྱིར། །དཔལ་ལྡན་རིགས་པའི་རལ་གྲིས་བཀོད་པ་ཡིན། །དེ་ལྟར་བདེ་བར་གཤེགས་ཀྱི་བསྟན་པ་ཡི། །རྒྱན་གྱི་མེ་ཏོག་རྣམ་པར་ཕྱེ་བ་ལས། །བྱུང་བའི་མེ་ཏོག་ཉི་མའི་ཟེར་འདྲ་ཡིས། །འགྲོ་བའི་མ་རིག་མུན་པ་སེལ་བར་ཤོག །[20]ཅེས་བཅོམ་ལྡན་པས་བདེ་བར་གཤེགས་པའི་བཀའ་རྣམ་པར་ཕྱེ་བའི་འཕྲིན་ལས་ཀྱིས་འགྲོ་བའི་མ་རིག་པའི་མུན་པ་ཐམས་ཅད་སེལ་བར་ཤོག་ཅེས་མཇུག་བསྡུས་པའོ། །
མཇུག་སྡོམ།
        གོང་དུ་བརྗོད་པ་ལྟར་བསྟན་བཅོས་གཉིས་པོ་བཅོམ་ལྡན་པའི་གསུང་དངོས་ཡིན་པ་ལ་ཡི་གེའི་དག་ཆ་ཚིག་སྣ་རྒྱས་བསྡུས་ཙམ་ལས་བསྟན་བཅོས་གཅིག་ཏུ་འདོད་མཁན་ཚོའི་ལྟ་ཚུལ་དང་། བསྟན་བཅོས་གཉིས་ཀྱི་གཞུང་དོན་དངོས་ཕན་ཚུན་བསྡུར་དཔྱད་བྱས་པ་ལས། བཅོམ་ལྡན་པས་ཤཱཀྱའི་བསྟན་ལ་རང་གིས་བསྟན་བཅོས་ཇི་ཙམ་བརྩམས་པའི་ཚུལ་ལས་གསུངས་པ་ལྟར་བསྟན་པ་རྒྱས་པ་རྒྱན་གྱི་ཉི་འོད་ནི་སངས་རྒྱས་ཀྱི་བསྟན་པ་བོད་གངས་ཅན་གྱི་ལྗོངས་སུ་ཇི་ལྟར་བྱུང་ཚུལ་ལེའུ་སོ་གཉིས་ཀྱིས་བསྟན་པ་དང་། བསྟན་པ་རྒྱན་གྱི་མེ་ཏོག་ནི་སྤྱིར་འཕགས་པའི་ཡུལ་དུ་སྟོན་པ་བྱོན་ཚུལ་དང་བསྟན་པ་དར་ཚུལ། དེ་གཉིས་གནས་པའི་ཚད་གཙོར་བཟུང་སྟེ་བརྗོད་ཡོད་པས་ན། བསྟན་བཅོས་དེ་གཉིས་ནི་དཔལ་སྣར་ཐང་གི་མཁས་པ་ཆེན་པོ་བཅོམ་ལྡན་རིག་རལ་མཆོག་གི་རྣམ་དཔྱོད་ལས་འཁྲུངས་པའི་བོད་ཀྱི་ཡིག་ཚང་རིག་པའི་དཀར་ཆག་གི་བསྟན་བཅོས་སོ་སོ་བ་ཞིག་ལས་གཅིག་མ་ཡིན་པ་གསལ་པོར་རྟོགས་ཐུབ་པ་དང་། གཞན་རྩོམ་གྱི་མགོ་མཇུག་བར་གསུམ་དུ་མ་ཤེས་ནོར་འཁྲུལ་དུ་སོང་བའི་ཆ་ནི་ཡོད་ངེས་པས་བློ་གཟུར་བོར་གནས་པ་རྣམས་ཀྱིས་ནོར་བ་ཡོ་བསྲང་དང་དགོངས་འཆར་ལྷུག་སྩོལ་གནང་རོགས། །

དཔྱད་ཡིག་དང་མཆན་འགྲེལ།
[1][2] རྫོང་པ་དཔལ་འབྱོར་བཟང་པོ་སོགས། རྒྱ་བོད་ཡིག་ཚང་འབྲིང་པོ་སོགས་བཞུགས།། ལས་བཅོམ་ལྡན་རལ་གྲིས་མཛད་པའི་བསྟན་པ་རྒྱས་པ་རྒྱན་གྱི་ཉི་འོད་བཞུགས་སོ།། [G] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༩ལོའི་ཟླ༨པའི་པར་ཐེངས་དང་པོ། ཤོག་ངོས༣༢༠དང༢༢༠ནང་གསལ།
[3] བཅོམ་ལྡན་རིགས་པའི་རལ་གྲི། བཅོམ་ལྡན་རིགས་པའི་རལ་གྲིའི་གསུང་འབུམ་པོད་དང་པོ་བཞུགས་སོ།། ལས་བཙུན་པ་བསམ་གཏན་བཟང་པོས་མཛད་པའི་བཅོམ་ལྡན་རིགས་པའི་རལ་གྲིའི་རྣམ་ཐར་དད་པའི་ལྗོན་ཤིང་། [M] སི་ཁྲོན་ཞིང་ཆེན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་། ༢༠༢༢ལོའི་པར་ཐེངས་དང་པོ། ཤོག་ངོས༡༣ནང་གསལ།
[4] འགོས་ལོ་ཙཱ་བ་གཞོན་ནུ་དཔལ། དེབ་ཐེར་སྔོན་པོ། སྟོད་ཆ། [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༥ལོའི་ཟླ༡པོའི་པར་ཐེངས་དང་པོ། ཤོག་ངོས༤༡༠ནས༤༡༡ནང་གསལ།
[5][6] རྫོང་པ་དཔལ་འབྱོར་བཟང་པོ་སོགས། རྒྱ་བོད་ཡིག་ཚང་འབྲིང་པོ་སོགས་བཞུགས།། ལས་བཅོམ་ལྡན་རལ་གྲིས་མཛད་པའི་བསྟན་པ་རྒྱས་པ་རྒྱན་གྱི་ཉི་འོད་བཞུགས་སོ།། [G] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༩ལོའི་ཟླ༨པོའི་པར་ཐེངས་དང་པོ། ཤོག་ངོས༣༩༡ནས༣༩༢དང༤༢༨ནང་གསལ།
[7] འགོས་ལོ་ཙཱ་བ་གཞོན་ནུ་དཔལ། དེབ་ཐེར་སྔོན་པོ། སྟོད་ཆ། [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༥ལོའི་ཟླ༡པོའི་པར་ཐེངས་དང་པོ། ཤོག་ངོས༤༡༠ནང་གསལ། 
[8] བུ་ཕྱུག་དང་གཅན་རང་སད། དྭངས་གསལ་ཤེལ་གྱི་མེ་ལོང་། [G] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༧ལོའི་ཟླ༦པའི་པར་ཐེངས་དང་པོ། ཤོག་ངོས༡༡༢ནས༡༡༣ནང་གསལ། 
[9][10] བཅོམ་ལྡན་རལ་གྲི། སློབ་དཔོན་བཅོམ་ལྡན་རལ་གྲིས་བསྟན་བཅོས་བརྩམས་པའི་དཀར་ཆག ཁམས་སྤྲུལ་བསོད་ནམས་དོན་གྲུབ་ཀྱིས་དཔལ་ལྡན་འབྲས་སྤུངས་གནས་བཅུ་ལྷ་ཁང་དུ་བཞུགས་པ་ཕན་ཚུན་བསྡུར་ཞིབ་ཁ་གསབ་ཀྱིས་གློག་པར་དུ་བཅུག་པ་ལས་དྲངས། ལྡེབ༡
[11] ཤེས་རབ་བཟང་པོ། བོད་སྔ་རབས་ཀྱི་བཀའ་བསྟན་ལོ་རྒྱུས། [D] ཤེས་རམས་ཞིབ་འཇུག་སློབ་མའི་སློབ་གནས་དཔྱད་རྩོམ། ༢༠༠༤ལོའི་པར་ཐེངས་དང་པོ། ཤོག་ངོས༩༣ནང་གསལ།
[12][13][14] རྫོང་པ་དཔལ་འབྱོར་བཟང་པོ་སོགས། རྒྱ་བོད་ཡིག་ཚང་འབྲིང་པོ་སོགས་བཞུགས།། ལས་བཅོམ་ལྡན་རལ་གྲིས་མཛད་པའི་བསྟན་པ་རྒྱས་པ་རྒྱན་གྱི་ཉི་འོད་བཞུགས་སོ།། [G] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༩ལོའི་ཟླ༨པའི་པར་ཐེངས་དང་པོ། ཤོག་ངོས༣༡༥དང༣༨༣ ༣༨༥ནང་གསལ།
[15][16][17][18][19][20] རྫོང་པ་དཔལ་འབྱོར་བཟང་པོ་སོགས། རྒྱ་བོད་ཡིག་ཚང་འབྲིང་པོ་སོགས་བཞུགས།། ལས་བཅོམ་ལྡན་རལ་གྲིས་མཛད་པའི་བསྟན་པ་རྒྱས་པ་རྒྱན་གྱི་ཉི་འོད་བཞུགས་སོ།། [G] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༩ལོའི་ཟླ༨པའིཔར་ཐེངས་དང་པོ། ཤོག་ངོས༣༩༡ནས༣༩༢དང༢༩༣ ༤༢༣དང༤༢༨ནང་གསལ།

༢༠༢༢ལོའི«བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག»དུས་དེབ་གཉིས་པ་ནས་དྲངས།
འབྲེལ་ཡོད་འོས་སྦྱོར།