logo

༄༅། །ཨ་ཁུ་ཁྲོ་ཐུང་གི་ས་བཙན་པོ་རྫ་མ་ཡར་འགག་ཅེས་པ་མདོ་སྨད་དར་མཚོ་རུ་ཡོད་ཚུལ་གླེང་བ།

རྩོམ་པ་པོ།:ཧྲོང་བོ་ཚེ་བརྟན་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2022-11-25 ཀློག་གྲངས།:
༄༅། །གླིང་གེ་སར་སྒྲུང་ལས་ཨ་ཁུ་ཁྲོ་ཐུང་གི་ས་བཙན་པོ་རྫ་མ་ཡར་འགག་ཅེས་པ་མདོ་སྨད་དར་མཚོ་རུ་ཡོད་ཚུལ་ལ་ཐོག་མར་དཔྱད་པ།
ཧྲོང་བོ་ཚེ་བརྟན་རྒྱལ།

       དེ་ཡང་སྙན་པའི་གྲགས་པ་འཛམ་གླིང་ཡོངས་ལ་ཁྱབ་པའི་རང་རེ་ཁ་བ་ཅན་གྱི་དཔའ་བོའི་ལོ་རྒྱུས་མཚོན་པའི་དོན་བརྗོད་སྙན་ངག་རིང་མོ་འཛམ་གླིང་གེ་སར་རྒྱལ་བོའི་སྒྲུང་ནི་རྫོགས་ལྡན་ཡོ་ལང་གི་རྣམ་པ་གང་སར་རྒྱས་བའི་དེང་གི་དུས་འདིར་བོད་རིགས་ས་ཁུལ་ཙམ་དུ་མ་ཟད་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་ཡོངས་ལ་ཁྱབ་སྟེ། སྒྲུང་ཡིག་འཚོལ་སྡུད་དང་ཀློག་འདོན། ཞིབ་འཇུག་བཅས་བྱེད་མཁན་ནི་དྲི་ལྡན་མེ་ཏོག་རྒྱང་རིང་ཡང་། །བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར། །ཞེས་པ་བཞིན་ཇེ་མང་དུ་ཕྱིན་ནས་གླིང་སྒྲུང་ལ་ཞིབ་འཇུག་བྱེད་རྒྱུ་དེ་བོད་རིག་པའི་ཁྱབ་ཁོངས་ནང་གྲུབ་འབྲས་གཟེངས་སུ་ཐོན་པའི་སྡེ་ཚན་ཞིག་དང་འཛམ་གླིང་གི་རང་བཞིན་ལྡན་པའི་ཚན་རིག་གི་སྡེ་ཁག་ཅིག་ཏུ་གྱུར་ཟིན་པས། ཉེ་བའི་ལོ་ཤས་རིང་རྣམ་དཔྱོད་ཀྱི་མཁྱེན་རྒྱ་མཁའ་ལྟར་ཡངས་བའི་གླིང་སྒྲུང་གི་ཞིབ་འཇུག་པ་ཚོས་དཀའ་སྤྱད་འབད་བརྩོན་གྱི་སྙིང་སྟོབས་ལ་བརྟེན་ནས་གཡུར་དུ་ཟ་བའི་གྲུབ་འབྲས་བཅུད་དུ་བསྣམས་པ་ནི་དགའ་འོས་བའི་བྱ་གཞག་ཅིག་ཡིན་མོད། འོན་ཀྱང་དཔྱད་གཞིའི་ཡིག་ཆ་དཀོན་པ་དང་། ཆེད་ལས་ཞིབ་འཇུག་པ་ཉུང་བ། ཞིབ་འཇུག་གི་དུས་ཚོད་ཐུང་བ་སོགས་རྒྱུ་རྐྱེན་ཅི་རིགས་ཀྱི་དབང་གིས་གླིང་སྒྲུང་ལ་ཞིབ་འཇུག་ཆ་ཚང་ཞིག་ད་དུང་ཡང་བྱེད་ཐུབ་ཀྱིན་མི་འདུག་པ་དང་། གེ་སར་སྒྲུང་ལ་དགའ་མོས་མཆིས་པའི་སྙུགས་ཐོགས་པ་ཞིག་ཡིན་ཕྱིན་མུ་མཐུད་དུ་བརྒལ་བརྟག་གི་བགྱི་བ་དོན་དུ་གཉེར་རྒྱུ་ནི་སྨོས་མེད་ཡིན་ལ། རང་ཉིད་ལ་མཚོན་ན་ཡང་། སྐྱེས་སྟོབས་ཀྱི་ཤེས་རབ་ཞན་ཞིང་སྦྱངས་ཐོབ་ཀྱི་ཡོན་ཏན་དམན་མོད། ཡིན་ན་ཡང་། ཆུང་དུས་ནས་སྒྲུང་བཤད་པའི་ཁོར་ཡུག་ཏུ་འཚར་ལོངས་བྱུང་བའི་སྟབས་ཀྱིས་གླིང་སྒྲུང་ཤ་འཐིམ་རུས་ཞེན་ཏུ་གྱུར་བའི་ཚོར་བ་འདུག་པས། གཤམ་ནས་གླིང་ཨ་ཁུ་ཁྲོ་ཐུང་གི་ས་བཙན་པོ་རྫ་མ་ཡར་འགག་ཅེས་པ་གང་དུ་ཡོད་པར་རང་བློས་དཔོག་ཚོད་ཀྱིས་དཔྱད་པ་ཅུང་ཟད་སྤྲོ་བར་མོས་སོ། །
དང་པོ། སྔར་མིང་མ་འགྱུར་བའི་གནའ་ཤུལ།
       དེ་ཡངས་སྐབས་སུ་བབས་པའི་གླེང་གཞི་ནི་གླིང་ཕུ་ནུ་སུམ་ཅུའི་ཆེ་མགོ་གེ་སར་རྒྱལ་བོའི་ཁུ་བོ། ལྷ་རྟ་མགྲིན་དམར་པོའི་སྤྲུལ་བ། རོང་མི་ཚོ་དམར་བོའི་མགོ་འཛིན་ཏེ། གླིང་མ་བཞི་དཔོན་པོ་ཁྲོ་ཐུང་གི་མཁར་རྫོང་དང་མངའ་ཁོངས་ཀྱི་ངོས་འཛིན་ཐད་ལ། དེང་དུས་བློ་གྲོས་དང་ལྡན་པའི་ཞིབ་དཔྱོད་པ་དག་གིས་རང་རང་གི་མིག་མཐོང་རྣ་ཐོས་སུ་གྱུར་བའི་སྒྲུང་དེབ་དང་ངག་སྒྲོས་མི་འདྲ་བ་དུ་མར་བརྟེན་ཏེ་བཞེད་པའང་འདྲ་མིན་ཅི་རིགས་ཤིག་མཆིས་མོད། ཡིན་ན་ཡང་། ང་ཚོར་དགོས་གལ་ཆེ་བ་ནི་ཁུངས་ཐུབ་སྒྲུང་ཡིག་དང་ལོ་རྒྱུས་དེབ་ཐེར། ད་ལྟ་མངོན་སུམ་དུ་མཐོང་རྒྱུ་ཡོད་པའི་གནའ་རྫས་དང་ས་མིང་སོགས་ཚད་མར་བཞག་ནས་བརྟག་དཔྱད་བྱ་རྒྱུ་བསྙོན་དུ་མེད་པས་ན། ཁོ་བོས་ཀྱང་ཕུགས་མེད་བབ་བཅོལ་གྱི་ཟེར་སྒྲོས་ལ་ཁུངས་གཏུགས་པ་མིན་པར་རྡོ་ལྟར་སྲ་བ་ལྕགས་བཞིན་མཁྲེགས་པའི་ལུང་དང་རིགས་པ་གཡུར་དུ་སྨིན་པའི་སྔར་མིང་ད་ཡོད་ཀྱི་གནའ་ཤུལ་དང་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་ཡུལ་འདིའི་རོང་འབྲོག་མང་ཚོགས་ཀྱི་ངག་རྒྱུན། སྒྲུང་ཚིག་སོགས་གཞིར་བཟུང་ནས་བརྗོད་ན། དེ་ཡང་མཚོ་ལྷོ་བོད་རང་སྐྱོང་ཁུལ་དར་མཚོ་རྫོང་ནས་ནུབ་བྱང་མཚམས་སུ་སྤྱི་ལེ་བདུན་ཅུ་ལྷག་བསྐྱོད་པའི་དེང་གི་དུས་ན་སྔ་གྱ་ཆུ་འགག་དང་ཧང་ཆུང་སྡེ་བ་གཉིས་ཀྱི་ས་ཆ། དབྱར་གྱི་དུས་ན་རྩི་ཤིང་མེ་ཏོག་གིས་མཛེས་བར་བཀླུབས་པའི་སྤང་ལྗོངས་ཕུད། དེ་མིན་གཡའ་དང་རྫ་བྲག་གི་རི་བོ་དུ་མ་དཔུང་དུ་འབྲེལ་བས་རྔམ་ཟིལ་གཞན་ལས་ལྷག་ས། དྲེད་མོང་དང་འཕར་སྤྱང་སོགས་ཀྱི་ཕ་ས་ལྟ་བུར་གྱུར་བའི་ཡུལ་གྲུ་འདི་ནི་ས་བབ་མཐོ་བས་དབྱར་དྲུག་པ་ཡིན་ཡང་སྐབས་རེར་འདབ་དྲུག་གི་མེ་ཏོག་འཕུར་ས་དང་། དགུན་ཟླ་གསུམ་ལ་གྲངས་ལྷགས་ཀྱིས་རུས་རྐང་གཟེར་ས་ཞིག་ཡིན་པ་དང་། མཐོང་བ་ཙམ་གྱིས་སྐྱི་གཡའ་བའི་དཀན་གཟར་གྱི་བྲག་རོང་མཐིལ་ན། དུས་དྲུག་ཁོར་མོར་ཆད་མེད་ཀྱི་བཞུར་རྒྱུན་བསྲིངས་བའི་ཧང་ཆུས་ལྷུང་ལྷང་གི་འགྱུར་ཁུགས་འཁྲོལ་གྱིན་མཐོ་ས་ནས་བྲག་རོང་དང་། དམའ་ས་ནས་ངམ་རོང་དག་གི་ཟིལ་ཤུགས་ངོམ་བཞིན། དར་མཚོ་བརྒྱུད་དེ་རྨ་ལི་མའི་ནང་དུ་རྒྱུ་བར་བྱེད། ཧང་ཆུ་ལ་མགོ་ཁུངས་ཆེ་བ་གཉིས་སུ་གྱེས་པའི་ཆུ་རྒྱུན་མཆིས་པ་ལས། འབབ་ཁུངས་གཡོན་མའི་སྨད་རྒྱུད་ན་ས་འདི་གའི་མཆོད་གནས་ཀྱི་གོ་འཕང་ངེས་ཅན་བཟུང་བའི་གཞི་བདག་བཙན་པོ་ཧང་ཆུང་རྫ་མ་ཞེས་པ། དབྱིབས་རྫ་མ་དང་ཆ་འདྲ་བའི་རྫ་རི་དམར་བོ་གསུམ་ག་འཕྲོ་རིམ་འཕྲོར་བརྗིད་ཆགས་གེར་གནས་ཤིང་དེ་ལ་ཧང་ཆུང་རྫ་མ་སྤུན་གསུམ་ཟེར་ཞིང་། ས་དེ་ནས་རྫ་ལམ་བརྒྱུད་དེ་གཡས་ཕྱོགས་སུ་སྤྱི་ལེ་བཅུ་ཙམ་ཕྱིན་པའི་ཧང་ཆུའི་མགོ་ཁུངས་གཡོན་མར་འགག་དོག་མོ་ཞིག་མཆིས་པར། དེང་སང་ཆུ་འགག་ཟེར་ཞིང་ཆུ་འགག་གི་ཆུ་ནི་མར་ཅུང་ཙམ་བབས་མཐར་མགོ་ཁུངས་གཡས་པའི་རོག་ཐུ་རོག་རྫོང་གི་ཆུ་དང་གཅིག་ཏུ་འདྲེས་ཡོད། གཞན་ཡང་ཆུ་འགག་ཡུལ་ན་རྩྭ་ཆུའི་དཔལ་ཡོན་བཅུད་དུ་རྫོགས་པའི་སྤང་བྲག་གི་ལུང་ཁོག་ཆེན་པོ་གཉིས་མཆིས་བ་དེ་ལ་གནའ་ནས་ད་བར་དུ་སྟག་ལུང་དང་གཟིག་ལུང་ཞེས་པའི་མིང་མ་ཉམས་པ་ཞིག་རྒྱུན་འབྱམས་སུ་ཆགས་ཡོད་ཅིང་། ཡུལ་འདི་གར་འཚོ་ཞིང་གཞེས་པའི་འབྲོག་པ་མི་མང་གིས་གནས་འདི་ནི་གླིང་ཨ་ཁུ་ཁྲོ་ཐུང་གིས་སྔོན་བཟུང་མྱོང་བའི་ས་ཆ་ཡིན། ཞེས་ས་ཆགས་རེ་རེ་ལ་མཛུབ་མོ་གེར་ནས་བདེན་དཔང་བྱེད་པ་དང་། དངོས་ཐོག་བདེན་འཚོལ་གྱི་ལྟ་བ་བཟུང་ནས་དཔྱད་པ་བཏང་ནའང་གནས་ལུགས་དང་ལྡན་པ་ཞིག་ཡིན་པར་འདུག་སྙམ་མོ། །
གཉིས་པ། ད་ཡོད་ཀྱི་ས་མིང་དང་སྒྲུང་ཚིག་གཉིས་ངོ་སྤྲོད་པ།
       ང་ཚོས་འཆད་ཉད་བྱེད་པའི་སྒྲུང་ལས་གང་དག་གླིང་གེ་སར་རྒྱལ་བོའི་རྟོགས་བརྗོད་དངོས་དང་གང་དག་རྟོགས་བཏགས་དང་རྒྱས་སྤྲོས་བྱས་བ་ཡིན་ཟེར་ན། རེ་རེ་བཞིན་དབྱེ་བ་འབྱེད་པར་དཔྱད་གཞིའི་ཡིག་རིགས་ཀྱིས་དབེན་པས་སྤོབས་པ་མེད་མོད། སྒྲུང་གི་ནང་དོན་དང་གོ་རིམ་གྱི་ཆ་ནས་དཔྱད་ན་འཁྲུངས་གླིང་མེ་ཏོག་ར་བ་དང་། རྟ་རྒྱུགས་རྒྱལ་འཇོག །བདུད་འདུལ། ཧོར་གླིང་གཡུལ་འགྱེད། མོན་གླིང་གཡུལ་འགྱེད་སོགས་ནི་སྔ་ཞིང་ས་བབ་ཀྱི་ཆ་ནས་བལྟས་ནའང་བདུད་དང་འཇང་ཧོར་མོན་བཅས་ནི་གླིང་ཡུལ་དང་འབྲེལ་ཡོད་པས། གླིང་གི་དམག་སྟོབས་ཀྱིས་འདུལ་ནུས་བ་ཞིག་ཡིན།[1]དེས་ན་གླིང་སྒྲུང་ཞིབ་འཇུག་གི་བགྱི་བ་ལྷུར་ལེན་དུས་ཀྱང་སྒྲུང་དཔེ་འདི་དག་ལ་ཁུངས་གཏུགས་ཤིང་གནད་དུ་འཛིན་རྒྱུ་ནི་ཧ་ཅང་གལ་ཆེ་སྙམ། ས་འདི་ས་ངོ་མ་ཤེས་ན། །སྨར་ཁམས་གླིང་གི་ཤར་སྨད་དེ། །གཡས་རི་སྟག་མོ་མཆོང་འདྲ་འདི། །སྟག་རོང་ཚང་གི་བླ་རི་རེད། །གཡོན་རི་གཟིག་མོ་ངར་འདྲ་འདི། །གཟིག་རོང་ཚང་གི་བླ་རི་རེད། །[2]ཅེས་པའི་ཚིག་ལ་གཞིགས་ནའང་ས་ཆ་འདི་ཁྲ་མོ་གླིང་གི་ཤར་སྨད་ཡིན་པ་ནི་དོན་ལ་གནས་པ་ཞིག་རེད་སྙམ་སྟེ། དེ་ཡང་དོན་དམ་དུ་བཤད་ན། 
       མཚོ་སྔོན་གྱི་མགོ་ལོག་དང་ཡུལ་ཤུལ་ནི་ངོ་མ་གླིང་ཡུལ་གྱི་ལྟེ་བ་ལྟ་བུ་ཞིག་རེད། ལོ་རྒྱུས་ལས་བྲིས་བའི་གླིང་གི་སྟོབས་ཤུགས་གཙོ་བོ་རྨ་ཆུའི་སྟོད་རྒྱུད་ཡིན་པ་མ་ཟད། ས་ཆ་འདི་གཉིས་ཀ་ན་གླིང་གི་ཤུལ་རྗེས་དང་ངག་རྒྱུན་ཡང་ཧ་ཅང་མང་བོ་ཡོད།[3]ཅེས་པ་དང་། རྨ་ཆུའི་སྟོད་རྒྱུད་ཀྱི་རྨ་སྟོད་རྫོང་ནི་གླིང་ཡུལ་ཐོག་མར་ཆགས་པའི་ས་ཆ་ཡིན་པས་གེ་སར་སྒྲུང་ཡིག་སྐད་གྲགས་ཅན་དག་གི་ནང་དུ་བཤད་པའི་ས་ཆ་ཕལ་ཆེ་བ་ཞིག་ནི་ད་ལྟའི་བར་དུ་ས་མིང་མ་འགྱུར་བར་ཡོད།[4]ཅེས་གསུངས་པ་ལྟར་ན། རྨ་སྟོད་སོགས་མགོ་ལོག་དང་ལྟོས་ས་བལྟས་འཇོག་གིས་བཤད་ན་དར་མཚོ་རྫོང་ནི་ཤར་ཕྱོགས་ན་གནས་ཤིང་མཚོ་སྔོན་གྱི་ཟི་ལིང་གྲོང་ཁྱེར་ཆེན་མོར་སྐྱོད་དུས་མགོ་ལོག་གིས་ཆུ་འགག་ཟམ་ཁ་བརྒྱུད་ནས་འགྲོ་དགོས་པས་སྨར་ཁམས་གླིང་གི་ཤར་སྨད་ཅེས་པ་འདིའང་བཤད་སྲོལ་ཚད་ཐུབ་ཅིག་རེད་འདོད། དར་མཚོའི་ཆུ་འགག་གི་ས་བྱིན་ཆགས་སྟག་ལུང་གཟིག་ལུང་གཉིས་ནི་རི་མཐོ་གསུམ་རྩེ་མོ་དགུང་དང་མཉམ་ཞིང་རྫ་རི་ལུང་མེ་ཏོག་དང་སྨན་རྩྭ་སྣ་དགུས་བཀླུབས་པའི་འབྲོག་ཡུལ་བཟང་བོ་ཞིག་ཡིན་པ་དང་། ངག་རྒྱུན་ལ་སྟག་ལུང་ནི་གླིང་སྟག་རོང་ཚང་གི་རུ་ས་དང་། གཟིག་ལུང་ནི་གཟིག་རོང་ཚང་གི་རུ་ས་ཡིན་ཟེར། འབྲི་བརྒྱའི་རྗེས་ལ་བུ་བརྒྱ་འགྲོ། །ནོར་ལོངས་སྤྱོད་མང་སྟེ་ཕྱུག་པོའི་གྲས། །[5]ཞེས་པ་ལྟར་སྟོབས་འབྱོར་མངའ་ཐང་གིས་ཕྱུག་པའི་གླིང་སྟག་རོང་ཚང་ལ་མཚོན་ན་འབྲོག་པའི་རྩྭ་ཆུའི་དགོས་མཁོ་ལྟར་འདི་འདྲའི་ཁད་ཡངས་ཁོད་སྙོམས་ཀྱི་ལུང་བ་ཞིག་ལ་གཞི་འཆའ་བ་ནི་གོར་མ་ཆག་པ་དང་། དེས་ན་ཁྲ་མོ་གླིང་ལ་སྟག་རོང་ཚང་དང་གཟིག་རོང་ཚང་ཟེར་བ་ཞིག་མཆིས་པ་ནི་ཀུན་གྱིས་ཤེས་གསལ་ལྟར་དང་། གནས་འདི་རུའང་སྟག་ལུང་དང་གཟིག་ལུང་ཞེས་པའི་གཏན་ཚིགས་རང་བཞིན་གྱི་ཐ་སྙད་འདི་དག་གི་དོན་གྱི་ངོ་བོ་ལ་དཔྱད་ནའང་སྡེ་མིང་དེ་རིམ་གྱིས་དུས་ཀྱི་འགྱུར་བ་དང་བསྟུན་ནས་ས་ལ་བཏགས་པར་ངེས་ལ། དེ་ལྟར་སྟག་ལུང་ཉིན་ངོས་ཀྱི་རི་རྩེ་མཐོ་ཤོས་ཤིག་ལ་སྟག་རོང་ཚང་གི་བླ་རིར་འབོད་པ་དང་། གཟིག་ལུང་སྲིབ་ངོས་ཀྱི་རི་རྩེ་གང་རུང་ཞིག་ལ་གཟིག་རོང་ཚང་གི་བླ་རིར་བོས་པར་འདོད། ཡང་ཇི་སྐད་དུ། དགུན་ས་རྫ་མ་ཡར་འགག་ཡིན། །རླུང་ཟེར་མ་མིན་པ་ཐར་ས་མེད། །ང་རྩལ་ཆེན་མིན་ཏེ་བཙན་ས་ཡིན། །[6]ཞེས་པའི་རྫ་མ་ཡར་འགག་ནི་དེང་གི་དུས་ནའང་ས་མིང་ཅུང་ཙམ་ཡང་མ་འགྱུར་བར་གནས་པ་ཞིག་སྟེ། རྫ་མ་ཞེས་པ་ནི་གོང་སྨྲས་ལྟར་ཧང་ཆུང་རྫ་མ་སྤུན་གསུམ་ལ་གོ་དགོས་ཤིང་། དེ་ནི་སྒྲུང་ཚིག་ལྟར་ཧ་ཅང་བཙན་གཉན་ཅན་གྱི་གཞི་བདག་ཅིག་ཡིན་ཏེ། ཡུལ་འདིའི་ཕ་མེས་ཡང་མེས་ཚོས་བཤད་པ་ལྟར་ན་རླུང་འཁོར་སོགས་དེང་རབས་འཕྲུལ་ཆས་ཀྱི་གཞུང་ལམ་མ་བཏིང་བའི་ཡར་སྔོན་ཏེ་སྤྱི་ཚོགས་རྙིང་པ་རུ་ཧང་ཆུང་རྫ་མའི་ཞལ་མཐོང་ས་ཞིག་ནས་བཤས་ལུག་སོགས་ཀྱི་པགས་པ་དམར་བག་གི་ཁ་གནམ་ལ་བསྐོར་ཚེ། གནས་བདག་གིས་ཀོ་ལོང་ཕྲག་དོག་བྱས་ནས་གནམ་ལྕགས་ཐོག་མདའ་འཕེན་པར་བྱེད་པ་ནི་རྒྱུན་མཐོང་གི་སྣང་ཚུལ་ཞིག་ཡིན་ཟེར། དེ་བས་ཡུལ་འདིའི་དད་ལྡན་སྐྱེས་པ་ཚོས། ཀི། ཧང་ངུའི་ཕུ་མདོ་བར་གསུམ་ལ་གནས་པའི་གཞི་བདག །ཧང་ཆུང་རྫ་མ་བཙན་པོ། ཨ། ཧང་ཆུང་རྫ་དམར། ཞེས་དུས་རྒྱུན་བསང་མཆོད་སོགས་བྱས་ནས་ཡུལ་ལྷ་གཞི་བདག་གི་ངོ་སོ་བསྟོད་དུས་ཀྱང་། ཐོག་མར་ཧང་ཆུང་རྫ་མར་མཆོད་པ་ནི་གནའ་ནས་ད་ལྟའི་བར་དུ་འགྱུར་བ་མེད་པའི་ས་གནས་རང་བཞིན་གྱི་ཡུལ་སྲོལ་ཞིག་ཏུ་གྱུར་འདུག་རེད། གཞན་ཡང་ཡུལ་གྲུ་འདིར་གྲགས་ཁྱབ་ཆེ་བའི་གཏམ་རྒྱུད་ཅིག་བཀོད་ན་འདི་ལྟ་སྟེ། སྔོན་ཆད་ཡུལ་འདི་གའི་འབྲོག་པ་རྔོན་ལ་དགའ་བ་ཞིག་གིས་མེ་མདའ་ཁུར་ནས་ཧང་ཆུང་རྫ་མའི་འཁྲིས་སུ་ལྷགས་ཤིང་བལྟས་ཙ་ན། རྫ་མའི་བྲག་ཐེམ་ཞིག་ན་ཕོ་གླ་ཞིག་སྨུག་རོག་གེར་གཉིད་དུ་ཡུར་འདུག་སྐད། ཁོ་རྔོན་ལ་དགའ་སྟབས་ས་གཉན་ས་ཡིན་ཡང་སྣང་དོག་སྤུ་ཙམ་མེད་པར་གླ་བ་དེ་བོའུ་མིག་ཏུ་བླངས་པ་ན། གླ་བ་མེད་པར་སྔར་གྱི་གླ་བའི་ཤུལ་ན་སྔགས་རྒན་ཞིག་རྔམ་ཟིལ་ལེར་འདུག་པས། ཁོ་ལ་ཐེ་ཚོམ་ཅུང་སྐྱེས་ནས་མེ་མདའ་ཐང་ལ་བཞག་སྟེ། ཞིབ་མོར་བལྟས་ཚེ།གླ་བ་རུ་འདུག་ཟེར། ཁོས་ཡང་བསྐྱར་བོའུ་མིག་ཏུ་བླངས་པ་ན་ཡང་སྔགས་རྒན་ཞིག་འདུག་པས། ཁོ་རང་རྣམ་རྟོག་གིས་རྒྱུད་བརླམས་པར་བརྟེན་མེ་མདའ་ཐང་ལ་བཞག་སྟེ་ཀི་ཤར་ཞིག་བཏབ་པ་ན། ཕོ་གླ་དེ་ནག་རོག་གེར་ལྡིང་སོང་ཟེར། དགོང་མོ་དེར་རྔོན་པ་ལ་བསམ་ཡུལ་ལས་འདས་པའི་ཚ་བ་ཆེན་པོ་བཟོད་སྲན་བྲལ་བ་ཞིག་བྱུང་ནས། ཚེ་སྲོག་རྟ་རྔ་འདྲ་བའི་དབུགས་རྒྱུན་ཀྱང་ཆད་ལ་ཁད་ཙམ་དུ་མནར་བ་མ་ཟད། ཕྱི་ཉིན་ནམ་གསལ་བ་ན། ཁོ་ལ་སྲོག་ལས་གཅེས་བའི་རྟ་ཕོ་ཆེན་འབྲུག་ལྟ་བུ་ཞིག་ཡོད་པའང་རྦབ་ཏུ་འགྲིལ་འདུག་ཟེར། དེ་ནས་བཟུང་རྔོན་པ་དེའི་ཁྱིམ་གཞིས་ལ་བཀྲ་མི་ཤིས་བའི་གྱོང་མང་བོ་རག་སྐད། གང་ལྟར་འདི་དང་འདི་འདྲའི་བཤད་ཚུལ་འདྲ་མིན་ཅི་རིགས་ཤིག་མཆིས་པ་ལས། དོན་དུ་གནས་བདག་རྫ་མ་བཙན་པོ་དང་རྫ་མའི་མཐའ་འཁོར་འདི་དག་ནི་བཙན་མ་མོ་གཉིས་ཀྱི་རྒྱུ་ལམ་དུ་གྲགས་པའི་ས་གཉན་ས་ཞིག་ཡིན་པ་ནི་ཀུན་གྱི་མཐོང་ཐོས་སུ་གྱུར་བ་ལྟར་རོ། །དེས་ན་རྫ་མ་ཡར་འགག་ཅེས་པའི་འགག་ནི་གང་ཞེ་ན། གོང་ནས་སྨྲས་ཟིན་པ་ལྟར་ཧང་ཆུ་ལ་མགོ་ཁུངས་གཉིས་མཆིས་པ་ལས་དེང་དུས་ཆུ་འགག་ཏུ་གྲགས་པ་དེ་ལགས་ཤིང་། དངོས་གནས་སྒྲུང་ཚིག་ལྟར་འགག་དོག་མོ་མིད་པའི་འཕྲང་ལམ་ལྟ་བུ་ཞིག་བྱང་རྒྱབ་ཏུ་འཐེན་ཡོད། གཞན་ཡང་། ང་འདྲ་ང་ངོ་མ་ཤེས་ན། །ས་མི་འགྱུར་རྗ་མ་ཡར་འགག་ནས། །རི་གཉིས་རྩེ་མོ་མཉམ་ས་ནས། །ཆུ་གཉིས་རྭ་རུ་མདུད་ས་ནས། །[7]ཞེས་པའི་གླིང་ཨ་ཁུ་ཁྲོ་ཐུང་གི་ས་ཆ་དེ་ལ། ཕུ་ན་རྫ་དང་གཡའ་རི་མཆིས་པ་མ་ཟད། དམའ་གཤོང་ནའང་ཆུ་གཉིས་རྭ་རུ་མདུད་ས་ཞེས་འབབ་ཁུངས་མི་གཅིག་པའི་ཆུ་བོ་གཉིས་གཞི་གཅིག་ཏུ་འདྲེས་ས་ཞིག་ཡིན་ལ་ཆུ་དེ་གཉིས་ཀ་ངོས་འཛིན་གསལ་ཐག་ཆོད་པ་ཞིག་བྱས་ན་འདི་ལྟ་སྟེ། དེ་ཡང་ཧང་ཆུའི་མགོ་ཁུངས་གཡོན་མ་སྟེ། འགག་དོག་མོ་མིད་པའི་འཕྲང་ལྟ་བུ་བརྒྱུད་ནས་འབབ་པའི་ཆུ་འགག་གི་ཆུ་དང་། ཆུ་འགག་གི་ལྷོ་ཕྱོགས་རོག་ཐུའམ་རོག་རྫོང་བརྒྱུད་ནས་འབབ་པའི་ཆུ་རྒྱུན་དེ་གཉིས་ཡིན་ཞིང་། ཆུ་བོ་དེ་གཉིས་ཀ་ངོ་བོ་རོ་གཅིག་ཏུ་འདྲེས་པའི་བསྣོལ་མཚམས་དེ་ལ་ཆུ་གཉིས་རྭ་རུ་མདུད་ས་ཞེས་འདྲ་བ་རྒྱུ་མཚན་དུ་བྱས་པའི་རྗེས་གྲུབ་ཀྱི་མིང་འོས་འཚམས་ཤིག་བཏགས་པར་ངེས་ལ་དངོས་གནས་ཆུ་གཉིས་འདྲེས་ས་དེར་བལྟས་པ་ཙམ་གྱིས་ཆུ་གཉིས་རྭ་རུ་མདུད་ས་ཞེས་པ་ནི་འདི་ལྟ་བུ་ཞིག་ལོས་ཡིན་སྙམ་པའི་འདུ་ཤེས་ཤིག་ངང་ངམ་ཤུགས་ཀྱིས་རྒྱུད་ལ་སྐྱེ་བར་བྱེད། གླིང་གིས་སྔོན་བཟུང་བའི་ས་རྭ་རྒྱ་དགོན་པ་ཆགས་གནས་ཀྱི་ཡུལ་ལ་ཡང་སྒྲུང་ནང་དུ། རྨ་ཕ་རི་དྲོ་ལ་ཚུ་རི་དྲོ། །རྨ་དྲོ་དྲོ་ལུ་གུའི་མཁལ་ཁུང་ན། །རླུང་བསིལ་མས་རྩྭ་ཁྲལ་སྤྲད་ས་ཡིན། །ཆབ་ཆུ་བོས་ཤིང་ཁྲལ་སྤྲད་ས་ཡིན། །རྒྱབ་རི་ཡོལ་བ་བྲིས་འདྲ་ཡོད། །རྨ་ཆུ་ཡོན་ཆབ་བཤམས་འདྲ་ཡོད། །དཔོན་ཐོབ་ཆེན་འདུག་པའི་ས་ཆ་ཡིན། །ཁུ་བོ་སྤྱི་དཔོན་རྒྱལ་བོ་དང་། །སྣང་ཆུང་གཡུ་སྟག་ས་སྐལ་གྱིས། །[8]ཞེས་བྲིས་འདུག་ལ། སྤྱིར་ཐུན་ཏེ་རྫོང་དང་དར་མཚོ་རྫོང་གཉིས་ནི་མངའ་ཁོངས་ཀྱི་མཐའ་མཚམས་འདྲེས་པ་ཞིག་ཡིན་པ་མ་ཟད། ས་བབ་ཀྱི་ཆགས་སྟངས་སོགས་ལ་དཔྱད་ནའང་། གླིང་ཨ་ཁུ་ཁྲ་རྒན་ལ་ཇོ་རུས་ས་སྐལ་དུ་བསྩལ་བར་གྲགས་པའི་ཐུན་ཏེའམ་འབའ་རྫོང་གི་མགར་རྩེ་དང་གཞི་འབྲེལ་བའི་རྭ་རྒྱ་དང་། དེ་དང་ཁད་མི་རིང་བའི་བྱང་ཕྱོགས་སུ་སྤྱི་ལེ་ཕལ་ཆེར་ཉིས་བརྒྱ་ཡས་མས་སུ། དར་མཚོ་རུ་ངོས་འཛིན་བྱེད་ཀྱིན་པའི་གླིང་ཨ་ཁུ་ཁྲོ་ཐུང་གི་ས་བཙན་པོ་རྫ་མ་ཡར་འགག་མཆིས་པ་ནི། ལོ་རྒྱུས་ཀྱི་དོན་དངོས་དང་འགལ་བའི་བབ་ཅོལ་གྱི་འཆལ་གཏམ་ཞིག་མིན་པ་ནི་ས་ཆ་འདི་གཉིས་ཀའི་མི་ཐམས་ཅད་ཀྱིས་ཤེས་གསལ་ལྟར་ལགས།
       གོང་འཁོད་ཀྱི་སྒྲུང་ཚིག་དང་འབྲེལ་བའི་ས་གནས་དེ་དག་ཕུད། གཞན་ཡང་ཡུལ་གྲུ་འདིའི་མཐའ་འཁོར་གྱི་ཉེ་གནས་སུ་གཏན་ཚིགས་རྒྱུན་ཆགས་སུ་གྱུར་བའི་ཨ་ཁུ་ཁྲོ་ཐུང་དང་འབྲེལ་བའི་ས་མིང་དུ་མ་ཞིག་མཆིས་ཏེ། དེ་ཡང་ཧང་ཆུང་གི་ཕུ་སྟོད་ཀྱི་རྫ་རི་བརྒལ་བ་ན། དེའི་ཕར་ནང་ནི་བྲག་དམར་ཕུ་བདུན་ཡིན་ཞིང་། བྲག་དམར་ཕུ་བདུན་ནི་དེང་སང་གསེར་ཆེན་རྫོང་གི་མངའ་ཁོངས་སུ་གཏོགས་པ་ཡིན་ལ། དེ་ལས་ཡོངས་ཁྱབ་ཏུ་ཕུ་བདུན་ལས་བྱེ་བྲག་ཏུ་བྲག་དམར་མདའ་སྦྱངས་ཞེས་པའི་བྲག་ལུང་ཞིག་མཆིས་ནི་ཨ་ཁུ་ཁྲོ་ཐུང་གི་མདའ་རྩལ་སྦྱོང་ས་ཡིན་ཟེར། བྲག་ལུང་དེར་ད་ལྟའང་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བའི་འབྲོང་རུས་དང་འབྲོང་མགོ་སོགས་མཐོང་རྒྱུ་ཡོད་ཟེར་པར་དཔྱད་ཚེ། ཡུལ་འདི་སྔོན་ཆད་རྐྱང་འབྲོང་སོགས་རི་དྭགས་ཀྱི་ཕ་ས་ལྟ་བུ་ཞིག་ཡིན་པ་ཤེས་སླ་ཞིང་། ཨ་ཁུ་ཁྲོ་ཐུང་གིས་དམག་འཁྲུག་སོགས་མེད་པའི་སོས་དལ་བག་ཕེབས་ཀྱི་དུས་སུ་རིང་ཉིད་ཀྱི་རུ་ས་དང་ཕུ་འབྲེལ་བའི་དབེན་གནས་དེ་ནས་འབྲོང་ཁྱུ་སོགས་འབེན་དུ་བཙུགས་ནས་མདའ་རྩལ་སྦྱངས་པ་རེད་ཅེས་ནའང་། ས་བབ་ཀྱི་གནས་སྟངས་དང་སྐབས་དེའི་སྤྱི་ཚོགས་ཀྱི་དགའ་ཁ་འཁྱེར་སོ་དང་འགྲོ་ལུགས་འདུག་སྟངས་སོགས་ཕྱོགས་གང་ནས་བལྟས་ཀྱང་གནས་ལུགས་མེད་པ་ཞིག་གཏན་ནས་མ་རེད་སྙམ། དེ་ལས་གཞན་ཞིག་ནི་ཆུ་འགག་ཟམ་ཁ་ནས་རོག་ཐུ་བརྒྱུད་དེ་ཆུ་ཁོལ་གྲོང་བརྡལ་གྱི་ས་ཆར་སོང་བ་ན། སོན་འདེབས་ཀྱི་ས་གཤིས་ཅུང་ལེགས་པའི་ས་སྐྱ་ར་དམར་ཤར། རྩྭ་རྩི་ཤིང་གི་སྐྱེ་རྒྱ་དམན་ཡང་རི་སྐྱེས་སྒོག་པ་ཀེའུ་ནི་བསམ་གཟས་ནས་བཏབ་པ་དང་གཉིས་སུ་མ་མཆིས་པར་སྡོ་ལྡེམ་མེར་འདུག་པ་དེ་ལ་ཡོངས་གྲགས་སུ་ཨ་ཁུ་ཁྲོ་ཐུང་གི་སྒོག་ཞིང་དུ་འབོད་ཟེར་ཞིང་། ཡུལ་དེ་དང་ཁད་ཉེ་བའི་མགོ་ལོག་མཛོ་རྒན་རྭ་བར་གྲོང་རྡལ་དང་ཆུ་ཁོལ་ཆུ་འགག་སོགས་ཀྱི་མིས་སྔོན་དུས་སྒོག་པ་བྲེགས་ནས་འོག་རྟ་སོགས་ཀྱི་ཤ་བཏགས་བྱས་ཏེ་འགྲོ་སྲོལ་ཡོད་ཟེར། འདི་དང་འདི་ལྟ་བུའི་དམངས་ཁྲོད་ན་དར་བའི་ཁྱབ་ཁོངས་རྒྱ་ཆེ་ཞིང་ལོ་རྒྱུས་ཀྱི་གོ་དོན་གཏིང་ཟབ་པའི་གནའ་ཤུལ་གྱི་ཟེར་སྒྲོས་སོགས་ལ་གཞིགས་ནའང་ས་ཆ་འདི་སྔོན་ཆད་ཨ་ཁུ་ཁྲོ་ཐུང་གིས་བདག་གིར་བྱས་པ་བསྙོན་མེད་ཅིག་རེད་སྙམ། ད་དུང་ངག་རྒྱུན་ལ་ས་རོག་རོག་རོག་ཐུའི་གོང་ཁ། །གཡག་རོག་རོག་བཙག་གིས་འཕྱིད་ས། །ཞེས་པའི་ས་དེ་ནི་དངོས་གནས་དབྱར་དགུན་མེད་པར་ཁ་བ་འབབ་ཅིང་། སྟོན་དཔྱིད་མེད་པར་བུ་ཡུག་འཚུབ་ས་ཞིག་ཡིན་པས། སྔོན་དུས་གྲང་ལྷགས་ཆེ་དུས་གྲང་ངར་བཟོད་ཐུབ་པའི་ནོར་གནག་ཡིན་ཀྱང་ཤ་ཤེད་ཞན་ན་སྣ་ཁྲག་ཟགས་ཤིང་གློ་བུར་དུ་ཤི་འགྲོ་བ་རེད་ཟེར། རོག་ཐུའི་གོང་ཁ་དེའི་མིང་གཞན་ལ་མཚོ་བདུན་གོང་ཁའང་ཟེར་ཏེ། བཤད་ཚུལ་ལ་གླིང་མ་བཞི་དཔོན་པོ་ཁྲོ་ཐུང་གིས་མཚོ་བདུན་པོ་དེ་ནི་ཨ་མྱེས་རྨ་ཆེན་ལ་ཏིང་ཕོར་བདུན་ཚར་གཅིག་གི་མཆོད་པ་ཕུལ་བ་ཡིན་ཟེར། དོན་དངོས་སུ་མཚོ་ཆེན་པོ་བདུན་མེད་ཀྱང་ཆེ་ཆུང་མི་འདྲ་བའི་མཚེའུ་བདུན་ཡོད་ལ། གནས་དེ་ནས་བལྟས་ཚེ་གླིང་ཁྲ་མོས་སྐྱེས་ལྷར་བཀུར་བའི་ཨ་མྱེས་རྨ་ཆེན་ཀྱང་བརྗིད་ཆགས་གེར་ཡོད་པ་མཐོང་ཐུབ་པ་རེད་ཟེར། རོག་ཐུའི་གོང་ཁའམ་མཚོ་བདུན་གོང་ཁ་དེའི་མིང་གཞན་ལ་ཁྲོ་ཐུང་ཟངས་ཁ་དང་རོག་ཐུའི་ཏིང་ནོར་ཡང་ཟེར་བ་རེད། རོག་ཐུའི་གོང་ཁ་བརྒལ་ཏེ་ཕ་རོལ་གྱི་ལུང་ཁོག་བརྒྱུད་ཙ་ན་དེ་རུ་འགས་གཏོར་ཐེབས་པའི་བྲག་ཐོ་ཆུང་ཆུང་ཞིག་ཡོད་ཅིང་། དེ་ལ་ཡོངས་གྲགས་སུ། ཁྲོ་ཐུང་ཁྱི་གུ་ཁྲ་སེ་ཟེར་ཞིང་གླིང་སྟག་རོང་དཔོན་པོའི་སྒོ་ཁྱི་ཡིན་ལ། ལ་ལས་བཤད་ན་འགད་རྫས་ཀྱིས་མ་གཏོར་བའི་སྔོན་ལ་ཐེངས་ལན་རེར་དེ་རུ་ཁྱི་ཟུག་པའི་སྒྲའང་ཐོས་ཐུབ་ཟེར། དེ་རུ་ད་སྐབས་རླངས་ཁོར་གྱི་གཞུང་ལམ་བསྐྲུན་ཡོད་ལ། ཁྱི་གུ་ཁྲ་སེ་ཡི་ཉེ་འགྲམ་ནས་རླངས་འཁོར་ཁ་ལོ་བརྗེ་བ་སོགས་ཆག་ཉེས་མང་པོ་བྱུང་རྐྱེན། རྗེས་སུ་བྲག་ཐོ་དེ་འགད་རྫས་ཀྱིས་འགས་གཏོར་བྱས་པ་རེད། ཁྱི་བྱང་ཕྱོགས་ཉག་ཁས་སུ་བཏགས་པ་ནི་དགྲ་ཡོད་མེད་ལ་སོ་ལྟ་བྱེད་ཆེད་ཡིན་ཞིང་། གཙོ་བོ་བྱང་བདུད་ཀླུ་བཙན་ལ་སྐྲག་ནས་དེ་ལྟར་བྱས་པ་ཡིན་ཟེར། ས་ཆ་འདིའི་གནའ་མིའི་ངག་རྒྱུན་ལ་མཚོ་ནུབ་དུར་ལམ་གྱི་བཙན་པོའི་བང་སོ་ལ་བདུད་མཁར་ཟེར་ཞིང་། དེ་ནི་བདུད་ཀླུ་བཙན་གྱི་མཁར་ལྕགས་ར་རྩེ་དགུ་ཡིན་ཟེར་བ་དང་། དེ་ནི་ཏག་ཏག་དར་མཚོ་རྫོང་གི་རོག་ཐུ་དང་ཆུ་འགག་ཧང་ཆུང་རྫ་དམར་སོགས་ཀྱི་བྱང་ཕྱོགས་སུ་མཆིས་པ་མ་ཟད། ཆུ་འགག་ཧང་ཆུང་དང་མཚོ་ནུབ་དུར་ལམ་གྱི་ས་ཆའི་མཐའ་མཚམས་འདྲེས་ཡོད་པ་རེད། ལུང་ཁོག་དེར་དུ་དུང་ཁྲོ་ཐུང་འཐབ་ར་ཞེས་བྲག་ཐོ་ཞིག་གི་རྒྱབ་རོལ་ཏུ་མི་མང་པོ་གབ་སྦས་བྱས་ཆོག་པའི་ས་བཙན་ཀོང་ཞིག་ཀྱང་མཆིས་པ་རེད།
གསུམ་པ། གླིང་ཁྲོ་ཐུང་ཚང་གི་མངའ་ཁོངས་ནི་མགོ་ལོག་དང་དར་མཚོ་གཉིས་སུ་ངོས་འཛིན་བྱེད་ཆོག་པ་ཞིག་ཡིན།
       ཁུངས་ཐུབ་ཀྱི་ལོ་རྒྱུས་དེབ་ཐེར་དང་ཚད་ལྡན་གྱི་སྒྲུང་ཡིག་ཆེད་རྩོམ་དག་ལས་ཀྱང་གླིང་ཨ་ཁུ་ཁྲོ་ཐུང་གི་མཁར་ཤུལ་སོགས་མདོ་སྟོད་མགོ་ལོག་ཡུལ་ན་ཡོད་བཞིན་དུ། ཁྱོད་ཀྱིས་སྒྲུབ་བྱེད་ཅི་རིགས་ལ་བརྟེན་ནས། ཨ་ཁུ་ཁྲོ་ཐུང་གི་ས་ཆ་འདྲ་ཆགས་པོ་ཞིག་མདོ་སྨད་དར་མཚོ་རུ་བཙལ་ན་ལོ་རྒྱུས་དངོས་དང་འགལ་ལོ་ཞེ་ན། དེ་ལ་སྐྱོན་མེད་དེ། སྤྱིར་གླིང་ཡུལ་གྱི་ཐོག་མའི་ཆགས་ཡུལ་ནི་མཁྱེན་དཔྱོད་དང་ལྡན་པའི་ཞིབ་འཇུག་པ་དག་གིས་མངོན་སུམ་འཁྲུལ་མེད་ཀྱིས་གཏན་ལ་ཕབ་པ་བཞིན་རྨ་ཆུའི་སྟོད་རྒྱུད་ཀྱི་མགོ་ལོག་ཡིན་པ་བདེན་ཡང་། མགོ་ལོག་རུས་མཛོད་དང་མདོ་སྨད་ཆོས་འབྱུང་། རྨ་ས་བཟུང་སོགས་ལྟར་ན་གླིང་གི་ཐོག་མའི་མངའ་ཁོངས་ནི་རྨ་ཆུའི་སྟོད་རྒྱུད་དང་། བ་ཡན་ཧ་རིའི་ལྷོ་བྱང་གཉིས་ཀ་སྟེ། ད་ལྟའི་མཚོ་སྔོན་ཀན་སུའུ་ཟི་ཁྲོན་ཏེ་ཞིང་ཆེན་གསུམ་གྱི་མཐའ་མཚམས་ས་ཁུལ་ཡིན་པས། དུས་དེར་ས་རྒྱ་ཆུང་ངུ་ཞིག་ལས་མེད་མོད། འོན་ཀྱང་དེའི་རྗེས་སུ་གླིང་གེ་སར་གྱིས་རྟ་རྒྱུགས་རྒྱལ་འཇོག་བྱ་བར་སྟོབས་ཤུགས་ཕུད་ནས་རིམ་གྱིས་གླིང་གི་མངའ་ཐང་དར་ཞིང་། མཐར་གླིང་གི་སྟོབས་ཤུགས་ཧ་ཅང་རྒྱས་པའི་སྐབས་སུ། ཁམས་སྡེ་དགེ་ཕྱོགས་དང་ད་ལྟ་ཟི་ཁྲོན་ཞིང་ཆེན་གྱི་རྔ་བ་བོད་རིགས་རང་སྐྱོང་ཁུལ་གྱི་ས་ཁུལ་ཁ་ཤས་དང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ས་ཆ་ཁ་ཤས་དང་། ད་ལྟའི་མཚོ་སྔོན་མངའ་ཁོངས་ཀྱི་རྨ་ཆུ་དང་ཙོང་ཆུའི་མངའ་ཁོངས་ཀྱི་ས་ཁུལ་ཚང་མ་གླིང་གི་མངའ་འོག་ཏུ་གྱུར[9]པ་ཡིན་པས། གླིང་ཁྲོ་ཐུང་གི་ས་ཆའི་ངོས་འཛིན་ཐད་ལའང་མདོ་སྟོད་སྨད་སོགས་གང་ཡིན་ཡང་དེ་ལ་གཅོད་མཚམས་དངོས་གནས་ཤིག་མེད་པར་སྙམ་ལ། དེ་ལྟར་ན་སྐུ་ཞབས་བློ་གྲོས་རྒྱ་མཚོས་མགོ་ལོག་ཏུ་ཡོད་པར་བཞེད་པའི་གླིང་གི་གནའ་ཤུལ་ཨ་ཁུ་ཁྲོ་ཐུང་གི་རྡོ་མཁར་སོགས་ནི་དང་ཐོག་ཁ་བར་གཡོལ་དུས། ཇི་སྐད་དུ། གླིང་ཚོ་དྲུག་གིས་གྲོས་ར་བསྡུས་ནས་རྨ་ཁོག་ཏུ་འགྲོ་རྒྱུའི་གྲོས་ཐག་སྤྱི་དཔོན་གྱིས་བཅད་དེ། འདི་སྐབས་ཕུ་ནུ་སོ་སོའི་སྐུ་མཁར་སྟོད་སྨད་དུ་ཡོད་རིགས་ལ་སོ་སོ་ནས་རྫོང་དཔོན་དང་། ཞིང་ལ་ཐོག་དཔོན་བསྐོས་ཏེ་བཞག[10]པ་ཡིན་ཞིང་། ཁོ་བོས་འདི་རུ་ངོས་བཟུང་པ་ནི་གླིང་དཀར་བོ་ཁ་བར་གཡོལ་ནས་རྨ་སྨད་དུ་ཆགས་རྗེས་ཇོ་རུས་རྨ་ས་བགོས་ལྟར་ཐོབ་པའི་ས་བཙན་པོ་རྫ་མ་ཡར་འགག་དང་སྲིབ་པ་ཁོག་མོ་རོག་རྫོང་ཡིན་པས་ན། དུས་ཀྱི་སྔ་ཕྱི་དང་ས་མིང་གི་ངོ་བོའི་ཁྱད་པར་སོགས་ཕྱོགས་གང་ནས་དཔྱད་ཀྱང་དངོས་དོན་གྱི་ལྟ་བའི་རྨང་ཟབ་པའི་ངོས་འཛིན་དེ་གཉིས་ནི་འགལ་བ་ལྟག་སྤྲོད་དུ་གཏན་ནས་འགྲོ་སྲིད་པ་ཞིག་རེད།
བཞི་པ། ཨ་ཁུ་ཁྲོ་ཐུང་མགོ་ལོག་ནས་ཡུལ་འདིར་གནས་སྤོར་དགོས་བྱུང་བའི་རྒྱུ་རྐྱེན་གཙོ་བོ།
       སྤྱིར་རྨ་སྟོད་མགོ་ལོག་ཡུལ་དུ་དང་ཐོག་གཞིས་ཆགས་པའི་སྨར་ཁམས་ཁྲ་མོ་གླིང་ནི་གླིང་རྗེ་གེ་སར་རྒྱལ་སར་བསྐོས་པ་ནས་བཟུང་དམག་འབྱོར་སྲིད་གསུམ་གྱི་སྟོབས་ལ་བརྟེན་ནས་མངའ་ཁོངས་རྒྱ་བསྐྱེད་དེ། མདོ་སྨད་ཀྱི་ཡུལ་གྲུ་ཕལ་མོ་ཆེར་དབང་བསྒྱུར་བ་ནི་བསྙོན་མེད་རྩོད་བྲལ་རྣལ་མ་ཡིན་མོད། འོན་ཀྱང་ཁོ་བོས་ད་ཡོད་ཞིབ་འཇུག་གི་ཁྱབ་ཁོངས་ལས་བརྒལ་བའི་ལུང་རིགས་ཤིག་བཀོད་ན། ཨ་ཁུ་ཁྲོ་ཐུང་སོགས་གླིང་དཀར་སྟོད་སྨད་ཀྱི་ཡུལ་གྲུ་འདིར་གནས་སྤོར་བའི་རྒྱུ་རྐྱེན་གཙོ་བོ་ནི། ས་བབ་མཐོ་བའི་གླིང་ཡུལ་ལ་རྔམ་མཐུག་པའི་ཁངས་གནོད་ཐེབས་པར་གཡོལ་བ་ཡིན་ཏེ། དགུན་ཟླ་ར་བའི་ཚེས་གཅིག་ནས་བཟུང་ཁ་བ་བབས་པས་གླིང་ཡུལ་གྱི་ལ་ཁ་ལ་མདུང་བཙུགས་ན་བ་དན་མ་གཏོགས་མི་མཐོང་བ། ལུང་ཁོག་ཏུ་མདའ་བཙུགས་ན་ལྟོང་ཁ་མ་གཏོགས་མི་མཐོང་བ་ཞིག་བབས་ཏེ་མདོ་སྨད་ཐམས་ཅད་གངས་ཞབས་སུ་སོང་། ལྷག་པར་གླིང་སྟོད་སྨད་བར་གསུམ་དུ་ཁ་བ་ཆེ་བས་ཐམས་ཅད་གྲོས་བྱས་ཏེ། ཁ་བ་མེད་ས་ཞིག་བཙལ་ནས་རུ་འགྲོ་བ་ལས་སེམས་ཅན་གཅིག་ཀྱང་ལུས་ས་མི་འདུག་ཟེར་ནས་ས་བལྟ་བར་སྟོད་སྨད་ཕྱོགས་བཞིར་དཔའ་ཐུལ་བཞི་རེ་བཏང་བས་སྟོད་སྨད་དང་། རོང་སོགས་འགྲོ་མཁན་རྣམས་ཞག་མང་སོང་ཡང་སྤྱིར་ཁ་བ་བབས་སྐབས་དང་། ལྷག་པར་སྡེ་བརྒྱུད་ཀྱིས་སྣང་བ་བསྒྱུར་བས་ཁ་བ་གླིང་ཡུལ་དང་འདྲ་བ་ལས་ཅུང་ཆུང་འདུག་བསམ་པའི་སའང་མ་མཐོང་། རྨ་ཁོག་ཕྱོགས་སུ་འགྲོ་མཁན་རྣམས་ཀྱིས་ཞིབ་པར་བལྟས་པས། རྫ་འབྲི་ཁྲ་གསུམ་རྨ་དང་སྤྲོ་མཚམས། འོམ་སྒ་སྙི་གསུམ་རྨ་དང་སྤྲོད་མཚམས་ཕན་ཆད། རྨ་ཕུ་སེང་ཆེན་ཁོག་པ། རྨ་རྐེད་ལུ་གུའི་རྩེད་ར། རྨ་སྨད་ལྷ་ལུང་སུམ་མདོ་སོགས་དང་། གཡུ་ལུང་ག་དར་ཁྲ་མོ་ཡན་ཆད་རི་སྔོ་ལྗང་ངེ་། ཐང་སྨུག་ལྡེམ་མེ་རི་ཐང་གི་རྩྭ་ལྡུམ་ལོ་གསུམ་ལ་གླིང་ཚོ་དྲུག་གི་ནོར་གྱིས་ཟོས་ཀྱང་ཟད་པ་ནི་མི་འདུག་སྙམ་པ་ཞིག་བྱུང[11]བར་བརྟེན། དེ་སྔོན་གླིང་ཨ་ཁུ་ཁྲོ་ཐུང་གཙོ་བྱས་ཏེ་མ་རངས་བའི་ཕྲག་དོག་དང་མི་འོས་བའི་སྐུར་བ་སྣ་ཚོགས་བཏབ་ནས་རྒྱང་ཕུད་བཏང་བའི་འགག་མོའི་སྤྲང་ཕྲུག་ཇོ་རུ་ལ་ཕུ་བོ་རྒྱ་ཚ་ཞལ་དཀར་སོགས་གླིང་དཔའ་ཐུལ་ཚང་མས་ངོ་ཆེན་ཞུས་བར་བརྟེན། ཇོ་རུས་ཀྱང་དུས་བབ་ཀྱི་དགོས་དོན་ལ་གཞིགས་ནས་ས་གཡར་བས། གླིང་ཕུ་ནུ་སུམ་ཅུས་སྡེ་སྐོར་སུམ་ཅུའི་འབྲོག་པ་རྨ་ཁོག་ཏུ་ལམ་གང་བདེ་བརྒྱུད[12]ནས་ད་ལྟ་ངོས་འཛིན་བྱེད་ཀྱིན་པའི་ཡུལ་གྲུ་འདི་དག་ལ་ཇོ་རུས་ས་བགོས་པ་ལྟར་གཞིས་ཆགས་ཤིང་གཞི་བཟུང་བ་ཡིན་ལ། ང་ཚོས་མིག་མཐོང་ལག་ཟིན་གྱི་གནས་ལུགས་དངོས་དང་བསྟུན་ནས་དཔྱད་ནའང་། མགོ་ལོག་གི་ཡུལ་ནི་མཚོ་ལྷོའི་དར་མཚོ་ས་ཁུལ་སོགས་དང་བསྡུར་ན་ས་གཤིས་རྩུབ་ཅིང་ས་བབ་མཐོ་བ་སྟེ། ཇི་སྐད་དུ། མགོ་ལོག་ཁུལ་རང་ཞིང་གི་ལྷོ་ཕྱོགས་ས་གནས་སུ་ཆགས་ཡོད། དེར་ས་བབ་མཐོ་གཟར་དང་རང་བྱུང་ཆ་རྐྱེན་གདུག་རྩུབ་ཆེ་ལ་རང་བྱུང་གནོད་འཚེ་མང་བོ་ཡོད། ཕྱུགས་ལས་ཐོན་སྐྱེད་ཀྱི་ཆུ་ཚད་དུས་ཡུན་རིང་བོར་དམའ་ཞིང་བརྟན་བརླིང་མེད་པས་འབྲོག་པའི་ཡོང་སྒོ་ཡང་ཧ་ཅང་དམའ་ལ། ཕྱུགས་ལས་ཐོན་སྐྱེད་ཀྱི་དམའ་བ་གསུམ་དང་མཐོ་བ་གཅིག་གི་གནད་དོན་དང་། སྟོན་ཁར་ཚོ་འབུད་པ་དང་དགུན་ཁར་རིད་པར་གྱུར་བ། དཔྱིད་ཀར་ཤི་བའི་ངན་ཐོག་ངན་འཁོར་ད་དུང་རྩ་བ་ནས་འགྱུར་ཐུབ་མེད་པས་གནོད་འཚེ་ཆེ་དུས་ཐོན་སྐྱེད་གྱོང་གུད་ཆེ་བ་དང་། གནོད་འཚེ་ཆུང་དུས་ཐོན་སྐྱེད་གྱོང་གུད་ཆུང་བའི་སྣང་ཚུལ་འབུར་དུ་ཐོན་ཡོད། དེའི་རྒྱུ་མཚན་བརྟག་དཔྱད་བྱས་ན། གཅིག་ནི་འཚོ་གནས་ཀྱི་ཁོར་ཡུག་སྡུག་ཆགས་ཡིན་པ་དང་། གཉིས་ནི་རང་བྱུང་གནོད་འཚེ་སྣ་ཚོགས་མང་། སྡོམ་རྩིས་བྱས་བ་ལྟར་ན། ༡༩༥༤ལོ་ནས༡༩༩༨ལོའི་བར་རང་ཞིང་དུ་ཁངས་གནོད་ཚབས་ཆེན་༡༣བྱུང་བའི་ནང་དུ་མགོ་ལོག་ཁུལ་དུ་ཐེངས༡༢བྱུང་ཡོད།[13]ཅེས་པ་ལྟར། དེང་གི་དུས་ནའང་ཁངས་གནོད་རབ་དང་རིམ་པ་ཐེབས་དང་ཐེབས་བཞིན་པའི་རང་བྱུང་ཁོར་ཡུག་གི་རྣམ་པ་སྐྱོ་པོ་འདི་ལྟ་བུ་ལགས། ཨ་ཁུ་ཁྲོ་ཐུང་ཚང་ཡང་གནམ་གཤིས་ཀྱི་འགྱུར་བག་རྩུབ་མོའི་རྐྱེན་གྱིས་གླིང་དཀར་བོའི་ཕུ་ནུ་བྱིངས་དང་འདྲ་བར་སྔར་ས་ལོབ་རྡོ་འདྲེས་སུ་གྱུར་བའི་ཕ་ས་མ་མོའི་བྲང་ལྟ་བུ་དང་ཁ་གྱེས་ནས་སྤྱི་མཐུན་གྱི་ལས་དབང་ཐོད་ཀྱིས་བསུས་ཏེ་དུས་གཏན་གྱི་རུ་ས་འོས་མོ་ཞིག་བཙའ་གྱིན་ད་གཟོད། སྲིབ་པ་ཁོལ་མོ་རོག་རྫོང་ལ། །དབྱར་དགུན་མེད་པར་ཁ་བ་འབབ། །སྟོན་དཔྱིད་མེད་པར་བུ་ཡུག་འཚུབ། །མི་བོས་ན་འདྲེ་མོས་ཨ་ལན་སྤྲད། །ཁྱི་བོས་ན་ཝ་མོ་བརྒྱལ་ས་ཡིན། །རྟ་འདོ་བ་ན་སོ་དགུ་ཡི་བར། །རྟེའུ་མི་འཁྲུངས་ས་ཆ་ཡིན། །འབྲི་ཐུལ་མ་དྲུས་དགུ་མ་ཚང་བར། །བེའུ་མི་འཁྲུངས་ས་ཆ་ཡིན། །ལུག་གཡང་དཀར་ལོ་གསུམ་མ་ལོན་བར། །ལུ་གུ་མི་སྐྱེ་ས་ཆ་ཡིན། །འགག་དོག་མོ་མིད་པའི་འཕྲང་ལམ་ཡོད། །ཐང་ཡངས་པ་པདྨ་ཕྱེ་འདྲ་ཡོད། །ཕོ་བཙན་པོ་འདུག་པའི་ས་ཆ་ཡིན། །ཁུ་བོ་ཁྲོ་ཐུང་ས་སྐལ་གྱིས། །[14]ཞེས་ཇོ་རུས་ཆེད་དུ་ཨ་ཁུ་ཁྲོ་ཐུང་ལ་བསྩལ་བའི་ཡུལ་འདི་ནི། རྨ་ས་བགོས་ལས་ཐོབ་པའི་ཨ་ཁུ་ཁྲ་རྒན་གྱི་ས་ཆ་རྨ་དྲོ་དྲོ་ལུ་གུའི་མཁལ་ཁུག་དང་ཆོས་ལུ་དར་འཕེན་གྱི། རྨ་ཕོ་རོག་ཉི་མ་ལེབ་ཆེན་ན། །དབྱར་ཟླ་གསུམ་སོས་ཀ་སྔ་ས་ཡིན། །དགུན་ཟླ་གསུམ་གྲང་ངར་ཆུང་ས་ཡིན། །[15]ཞེས་པ་སོགས་དང་བསྡུར་ན་ས་བབ་མཐོ་ཞིང་གྲངས་ལྷགས་རུས་རྐང་དུ་ཟུག་པར་བྱེད་པའི་ས་ཆ་ཞིག་ཡིན་པ་དང་། འདིའི་རྒྱུ་མཚན་ཡང་ཨ་ཁུ་ཁྲོ་ཐུང་གིས་སྔོན་དུས་ཇོ་རུ་མ་སྨད་གཉིས་ཀར་བརྙས་བཅོས་ཐུབ་ཚོད་བྱས་པར་སྙིང་ནད་བརྩད་པར་གོར་མ་ཆག་སྙམ་མོ། །
ལྔ་བ། ས་མིང་དང་རྫོང་མིང་གི་དོགས་སེལ།
       ས་བཙན་པོ་རྫ་མ་ཡར་འགག་གི་ངོས་འཛིན་ཐད་ལ་ལུང་རིགས་དང་མཐུན་པའི་སྒྲུབ་བྱེད་ཅི་རིགས་བཀོད་མཐར། སྐབས་བབས་ཀྱི་གླེང་གཞི་གླིང་སྟག་རོང་ཁྲོ་ཐུང་གི་ས་ཆའི་ཐ་སྙད་ཀྱི་མིང་མི་འདྲ་བའི་རྙོགས་འཛིང་རྟ་རག་རག་གི་སྤུ་འདྲ་མར། རང་བློའི་རྟོགས་ཚོད་ཀྱི་ནུས་བ་བརྒྱུད་ནས་མཛོ་ཁལ་ལུག་ཁལ་ལྟ་བུའི་དཔྱད་པ་རེ་བཏང་ན་འདི་ལྟ་སྟེ། དེ་ཡང་གླིང་སྒྲུང་ལས།ས་བཙན་རྫ་མར་ཡར་འགག་དང་སྲིབ་པ་ཁོག་མོ་རོག་རྫོང་། ཕོ་རོག་སྙིང་རྫོང་། བྲག་དམར་མདུང་རྩེ། བྱེ་རི་སྟག་རྩེ། ཞེས་པ་ལ་སོགས་པའི་ཐ་སྙད་མི་འདྲ་བའི་མིང་གི་རྣམ་གྲངས་ཅི་སྙེད་ཅིག་མཆིས་པ་ལས། ལ་ལ་ནི་ཨ་ཁུ་ཁྲོ་ཐུང་གི་འོག་སྡེ་གཞིས་ཆགས་ཤིང་གཞི་བཟུང་བའི་མངའ་ཁོངས་ཀྱི་ས་མིང་ཡིན་པ་དང་། རེ་འགའ་ནི་མངའ་ཁོངས་དེའི་སྲིད་འཛིན་ལྟེ་བའམ་ཁྱིམ་གཞིའི་བརྟེན་ཡུལ་གཙོ་བོར་གྲུབ་པའི་རྫོང་མཁར་གྱི་མིང་ཡིན་པས། ང་ཚོས་འདྲ་བ་རྒྱུ་མཚན་དུ་བྱས་པའི་རྗེས་གྲུབ་ཀྱི་མིང་དེ་དག་ཕན་ཚུན་འཁྲུལ་བ་མེད་པར་རེ་རེ་བཞིན་གསལ་ཁ་དོད་པར་སྨྲས་ན། ཕོ་རོག་སྙིང་རྫོང་དང་བྱེ་རི་སྟག་རྩེ། བྲག་དམར་མདུང་རྩེ། སོགས་ནི་མཁར་རྫོང་གི་མིང་ཡིན་ཏེ། གླིང་གེ་སར་རྒྱལ་བོའི་སྒྲུང་ལ་དཔྱད་པ་ཀུན་གསལ་འཕྲུལ་གྱི་མེ་ལོང་། ལས་དཔའ་མི་འགྱུར་ཉ་ཚ་ཨ་བརྟན་གྱི་བྱུང་བ་བརྗོད་སྐབས་ཕོ་རོག་སྙིང་རྫོང་དང་བྱེ་རི་སྟག་རྩེ་གཉིས་ཀ་མཁར་རྫོང་གཅིག་གི་མིང་གི་རྣམ་གྲངས་ཡིན་ཚུལ་གསལ་པོར་བཀོད་ཡོད་དེ། ཁོང་གི་ཡབ་ཁྲོ་ཐུང་དཔོན་པོ་དང་མཉམ་དུ་མཁར་མི་འགྱུར་ཕོ་རོག་སྙིང་རྫོང་དུ་བཞུགས་ཡོད་སྐད། ཡང་མཁར་རྫོང་དེ་ལ་མིང་གཉིས་ཐོགས་ཡོད་པ་སྟེ་འགའ་རེས་ཕོ་རོག་སྙིང་རྫོང་ཞེས་འབོད་པ་དང་། ཡང་སྐོར་ཞིག་གིས་བྱེ་རི་སྟག་རྩེ་ཟེར་བ་རེད། ཡིན་ངོ་མ་ནི་ཕོ་རོག་སྙིང་རྫོང་ཟེར་ན་འགྲིག་པར་སྙམ། གཞན་ཡང་རྫོང་མཁར་དེའི་ཁྱད་ཆོས་གཙོ་བོ་སྟེ། བྱ་ཕོ་རོག་རྒྱུན་དུ་གནས་པའི་རྫོང་རྩུབ་ཅིང་བཙན་པོ་ཞིག་ཡིན།[16]ཞེས་པ་ནི་གླིང་ཁ་བར་མ་གཡོལ་བའི་སྔོན་གྱི་མདོ་སྟོད་མགོ་ལོག་ཏུ་མཆིས་པའི་ཨ་ཁུ་ཁྲོ་ཐུང་གི་མཁར་རྫོང་གི་མིང་ཡིན་པར་འདོད་པ་དང་། གཞན་ཡང་མོན་གླིང་གཡུལ་འགྱེད་ལས། གདོང་མ་བཞི་དཔོན་པོ་ཁྲོ་ཐུང་དེ་ས་བཙན་རྫ་མ་ཡར་འགག། སྲིབ་བཙན་སུ་རུའི་གདོང་ཟུར། རྫོང་བཙན་བྲག་དམར་མདུང་རྩེ།[17]ཞེས་པའི་མཁར་རྫོང་དང་ས་མིང་གཉིས་ནི་ཁ་བའི་རྗེས་སུ་ཐོབ་པའི་དར་མཚོ་ཡི་རོག་ཐུ་ཡིན་པར་ངེས་ཏེ། གལ་ཏེ་ཁྱོད་ཀྱིས་ཆེད་རྩོམ་འདིའི་མགོ་མཇུག་བར་གསུམ་དུ་ཁ་ཝུ་བ་དང་ཀླད་པ་དར་བ་བྱས་ནས་ས་བཙན་རྫ་མ་ཡར་འགག་གི་དངོས་བབ་རབ་རིམ་པ་ཞིག་གླེང་བཞིན་པ་ལས་མཚམས་མཚམས་སུ་སྲིད་པ་ཁོག་མོ་རོག་རྫོང་ཞེས་པའི་རྫ་མ་ཡར་འགག་དང་ས་མིང་གཏན་ནས་མི་མཚུངས་བ་ཞིག་སྒྲུང་ཚིག་གི་ཡིག་ཕྲེང་བར་ནས་མངོན་ཡོང་བས་ན། དོན་དུ་ས་མིང་དེ་གཉིས་ཀྱི་ངོས་འཛིན་གཅིག་མི་གཅིག །དེས་ན་རྨ་ས་བགོས་ལས་ཐོབ་པའི་ཨ་ཁུ་ཁྲོ་ཐུང་གི་ས་ཆ་ནི་སྲིབ་པ་ཁོག་མོ་རོང་རྫོང་ཡིན་ཚུལ་གནའ་དེང་གི་ཆེད་ལས་མཁས་དབང་ཚོས་ཐུགས་ཀྱིས་བཞེད་པས། ཁྱེད་ཀྱིས་བརྒྱ་བཤད་པ་དང་སྟོང་ལབ་པ་དེ་སྟོང་བ་མིན་ནམ་ཞེ་ན། ས་མིང་དེ་གཉིས་ལ་འགལ་འཛོལ་འབྱུང་མི་སྲིད་དེ་ས་བཙན་རྫ་མར་ཡར་འགག་ཅེས་པ་ནི་རྫ་མ་ལ་སོགས་ཀྱིས་མཚོན་པའི་ཧང་ཆུང་ནས་བཟུང་སྟེ་ཡར་ཆུ་འགག་ནས་བྱང་རྒྱབ་བར་གྱི་གླིང་ཁྲོ་ཐུང་གི་མངའ་ཁོངས་ཡིན་པ་དང་། ཇོ་རུས་རྨ་ས་བགོས་ལས་ཨ་ཁུར་བསྩལ་བའི་སྲིབ་པ་ཁོག་མོ་རོག་རྫོང་ཡང་རྫ་མ་ཡར་འགག་དང་གཞི་གཅིག་ཏུ་འབྲེལ་ཡོད་པ་རེད། སྲིབ་པ་ཁོག་མོ་རོག་རྫོང་དང་རྫ་མ་ཡར་འགག་གཉིས་ཀ་ས་གནས་གཅིག་ཡིན་པ་ནི། མོན་གླིང་གཡུལ་འགྱེད་ལས། གླིང་རྗེ་གེ་སར་རྒྱལ་བོ་དེ་ཁྲོ་ཐུང་གི་བླ་བྱ་མངོན་ཤེས་བྱ་དཀར་ལྡེམ་པར་སྤྲུལ་ནས་ཨ་ཁུ་ཁྲོ་ཐུང་ལ་ལུང་བསྟན་རྫུན་མ་བྱེད་པའི་གླུ་ལས། ས་འདི་ས་ངོ་མ་ཤེས་ན། །ས་བཙན་རྫ་མ་ཡར་འགག་རེད།[18]ཅེས་པ་དང་། དེ་རྗེས་ཁྲོ་ཐུང་ཁྱོ་ཤུག་གཉིས་ཀྱིས་ལུང་བསྟན་གྱི་བདེན་རྫུན་རྩོད་དུས་སུ་སྲུ་ཁ་རག་བཟའ་ཡི་གསེར་མཚོ་མའི་གླུ་ལས། ས་འདི་ཡི་ས་ངོ་མ་ཤེས་ན། །སྲིབ་པ་ཁོག་མོ་རོག་རྫོང་རེད། །[19]ཅེས་དུས་ལ་སྔ་ཕྱི་མེད་པར་ས་ཆ་གཅིག་ནས་བླངས་བའི་གླུ་དེ་གཉིས་ལས་ང་ཚོས་གཞི་ནས་རྟོགས་ནུས་སོ། །
མཇུག་བསྡུ་བ།
       ལོ་རྒྱུས་ཀྱི་རིན་ཐང་ཆེ་ཞིང་མི་རབས་ནས་མི་རབས་སུ་ཉམས་མེད་ཡིད་རྟོན་རུང་བའི་གནའ་ཤུལ་དང་། གནའ་རྫས། སྒྲུང་དཔེ། ངག་རྒྱུན། ཆེད་ལས་མཁས་པའི་དཔྱད་རྩོམ་སོགས་ཀྱི་ངོས་འཛིན་གྱི་ལྟ་བའི་རྡོག་ཁ་གཅིག་ཏུ་འབབ་པའི་ཆ་ནས་ཁོ་བོས་གླིང་མ་བཞི་དཔོན་པོ་ཁྲོ་ཐུང་གི་ས་བཙན་པོ་རྫ་མ་ཡར་འགག་ནི་མདོ་སྨད་དར་མཚོ་རུ་མཆིས་པ་སྤོབས་པ་ཆེན་པོས་ཁ་ཚོན་གཅོད་ནུས་སྙམ་མོ། །

དཔྱད་གཞིའི་ཡིག་ཆ།
[1][16] གཅོད་པ་དོན་གྲུབ་དང་ཆབ་འགག་རྟ་མགྲིན་གཉིས་ཀྱིས་བརྩམས་པའི་གླེང་གེ་སར་རྒྱལ་བོའི་སྒྲུང་ལ་དཔྱད་པ་ཀུན་གསལ་འཕྲུལ་གྱི་མེ་ལོང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས༡༩༩༤ལོའི༡༢བར་པར་དུ་བསྐྲུན། P19. P220
[2][5][6][7] སྟག་གཟིག་ནོར་རྫོང་། མི་རིགས་དཔེ་སྐྲུན་ཁང་གིས༢༠༠༢་ལོའི་ཟླ༦པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ། P44. P74. P97
[3][4][9] སྒ་བློ་གྲོས་རྒྱ་མཚོས་བརྩམས་པའི་གེ་སར་སྒྲུང་དང་འབྲེལ་བའི་གཏམ་སེང་ཆེན་ཉི་མ་འདྲེན་པའི་སྐྱ་རེངས་དང་པོ་ཞེས་བྱ་བ་བཞུགས་སོ། །བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས༡༩༩༤ལོའི༨བར་པར་དུ་བསྐྲུན། P45. P47. P39
[8] ཀྲུང་གོའི་བོད་ཀྱི་ཤེས་རིག༡༩༩༧ལོའི་དེབ་དང་པོའི་སྟེང་བཀོད་པའི་དཔྱད་རྩོམ་གླིང་གེ་སར་རྒྱལ་པོའི་ཤུལ་རྟེན་གྱི་སྐོར་ལ་དཔྱད་པ། P106
[10][11][12][14][15] འཁྲུངས་གླིང་མེ་ཏོག་ར་བ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ༡༩༨༠ལོར་པར་དུ་བསྐྲུན། P168. P155-156. P168. P722. P73
[13] པའེ་ཡིན་ཕིན་གྱིས༡༩༩༨ལོའི་ཟླ༩པའི་ཚེས༡༤ལ། མཚོ་སྔོན་བོད་རིག་གསར་འགྱུར་དུ་བཀོད་པའི་བློ་བརྟན་འགྱུར་མེད་ཀྱི་འཛུགས་སྐྲུན་ལ་བརྟེན་ནས་ཕྱུགས་གསོ་བ་ཚན་རིག་ལ་བརྟེན་ནས་ཕྱུགས་གསོ་བའི་ལམ་དུ་སྐྱོད་དགོས། མགོ་ལོག་ཁུལ་གྱི་ཕྱུགས་ལས་ལ་བརྟག་དཔྱད་བྱས་པའི་སྐོར།(གནད་བསྡུས།)
[17][18][19] མོན་གླིང་གཡུལ་འགྱེད་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས༡༩༨༢ལོར་པར་དུ་བསྐྲུན། P5-10

(དཔྱད་རྩོམ་འདི་ནི་ཁོ་བོས་སྤྱི་ལོ༢༠༠༠ལོར་བྲིས་ཤིང་སྤྱི་ལོ༢༠༢༡ལོར་འཕྲི་སྣོན་ཅུང་ཙམ་བྱས་པ་དང་། ༢༠༢༢ལོའི་གསེར་གྱི་ལྷ་དར་འདོན་ཐེངས་དང་པོར་སྤེལ།)
འབྲེལ་ཡོད་འོས་སྦྱོར།