༄༅། །བྱིས་པ་རྣམས་ནི་མཚན་ཉིད་རིག་པ་བ་ཡིན།
རྩོམ་པ་པོ།:སྒྲོལ་དཀར་ཚེ་རིང་།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2022-12-28
ཀློག་གྲངས།:
རྩོམ་པ་པོ། ཀྲོའུ་ཀུའོ་ཕིང་།
སྒྱུར་བ་པོ། སྒྲོལ་དཀར་ཚེ་རིང་།
སྐྱེ་བོ་དག་གིས་རྣམ་པ་ཀུན་ཏུ་མཚན་ཉིད་རིག་པ་ནི་ལྐོག་ཏུ་གྱུར་པ་དང་། སྤྱི་མཚན་དུ་གྱུར་པ་དང་། རྟོགས་དཀའ་བ་ཞིག་ཏུ་འདོད་ཀྱང་། དོན་ལ་དེ་ལྟ་མ་ཡིན། མཚན་ཉིད་རིག་པའི་ངེས་ཚིག་ལྟར་གཞལ་ན། བྱིས་པ་རྣམས་ནི་མཚན་ཉིད་རིག་པ་བ་ཡིན་པ་ཁྱོད་ཀྱིས་ངེས་པར་འགྱུར།སྒྱུར་བ་པོ། སྒྲོལ་དཀར་ཚེ་རིང་།
ཁོ་བོའི་བུ་མོ་ལ་ཆ་མཚོན་ན། ལོ་བཞིར་ལོན་དུས་མོས་ཨ་མ་ལ། གནམ་གྱི་སྟེང་དུ་ཅི་ཞིག་ཡོད་ཅེས་དྲིས་པར། ཨ་མས་སྤྲིན་ཡོད་ཅེས་ལན་བཏབ། མོས་སླར་ཡང་སྤྲིན་གྱི་སྟེང་དུ་ཅི་ཞིག་ཡོད་ཅེས་དྲིས་པར། ཨ་མས་སྐར་མ་ཡོད་ཅེས་ལན་བཏབ། འོ་ན་སྐར་མའི་སྟེང་དུ་ཅི་ཞིག་ཡོད་ཅེས་དྲིས་པར། ད་དུང་སྐར་མ་ཡོད་ཅེས་ལན་བཏབ། འོ་ན་མཐའ་མའི་མཐའ་མར་ཅི་ཞིག་ཡོད་ཅེས་དྲིས་པར། མཐའ་མའི་མཐའ་མ་ཞིག་མེད་ཅེས་བཤད། མཐར་ཐུག་པ་ཞིག་མེད་དོན་ཅི་ཡིན་ཞེས་དྲིས་པར། ཨ་མ་ལན་མེད་པར་གྱུར། ཡང་མོས་མི་དང་པོ་གང་ལས་བྱུང་བ་ཡིན་ཞེས་དྲིས་པར། ཀྲུང་གོའི་ལྷ་སྒྲུང་དུ་ལྷ་མོ་ཉིས་ཝཱས་བཟོས་པར་བཤད་ཅེས་ལན་བཏབ་པ་ལ། འོ་ན་ལྷ་མོ་ཉིས་ཝཱ་སུས་བཟོས་པ་རེད་དྲིས་པར། ཨ་མ་སླར་ཡང་ལན་མེད་པར་གྱུར། ལོ་ལྔར་སླེབས་དུས། མོས་ནར་སོན་ན་རྒ་བ་དང་འཆི་བར་འགྱུར་བ་རྟོགས་པས། དུས་རྒྱུན་ང་རང་ནར་སོན་མི་འདོད་ཅེས་བརྗོད་ཅིང་། ཉིན་ཞིག་ལ། དུས་ལ་འགྱུར་བ་མེད་ན་ཅི་འདྲ་བཟང་ཨང་། དེ་ལྟ་ན་ང་རང་ནར་སོན་མི་དགོས། ཞེས་ཁེར་བཤད་བྱེད་ཅིང་། དེ་ནས་ང་ལ། དུས་ལ་འགྱུར་བ་འགྲོ་དོན་ཅི། ཞེས་དྲིས་པར། ཁོ་བོའང་ལན་མེད་དུ་གྱུར།
ཕ་མར་གྱུར་པ་རྣམས་ཀྱིས་ཡིད་འཇོག་བྱས་ན། སོ་སོའི་བྱིས་པས་ཀྱང་དོན་འདི་དང་འདི་ལྟ་བུ་དྲིས་མྱོང་བ་ཚོར་ངེས། དོན་འདི་དག་ལན་གྱིས་ལྡོག་པར་མི་ནུས་པའི་རྒྱུ་མཚན་གང་ཡིན་ཞེ་ན། གང་འདིར་དེ་འབྲེལ་གྱི་རིག་གནས་ཀྱིས་སྟོང་པ་མ་ཡིན་པར། རིག་གནས་ཀྱི་རྒྱ(知识的范围)ལས་འདས་པ་སྟེ། མཐར་ཐུག་གི་དྲི་བ(终极追问)ཞེས་སུ་འབོད་པ་དེ་ཡིན་ལ། འདི་ནི་མཚན་ཉིད་རིག་པའི་དྲི་བ་ཡི་ཁྱད་ཆོས་ཡིན།
བྱིས་པའི་དུས་ལ་ཕྱིར་འདང་རེ་བརྒྱབ་ན། ཁྱོད་ཀྱིས་སྐར་ཚོགས་རྣམ་པར་བཀྲ་བའི་དགུང་སྔོན་ལ་ལྟ་དུས། འཇིག་རྟེན་གྱི་གསང་བ་ནི་ལྐོག་གྱུར་ཞིག་ཏུ་འདོད་ལ། ངེས་པར་འཆི་བ་རྟོགས་དུས། མི་ཚེ་ཡི་སྙིང་པོ་ལ་དོགས་པ་སྐྱེ་ངེས། གང་ཞིག་འཇིག་རྟེན་གྱི་ཁམས་ཆེན་པོར་མཚར་སྣང་མི་སྐྱེ་བ་དང་། ཚེ་མི་རྟག་པ་ལ་དོགས་པ་མི་སྐྱེ་བའི་སྐྱེ་བོ་དེ་ནི་ལུང་མ་བསྟན་དུ་འཚོ་བ་མ་ཡིན་ནམ། དེར་བརྟེན། མཚན་ཉིད་རིག་པའི་དྲི་བ་ནི་མཚན་ཉིད་མཁན་པོ་མགོ་མཁྲེགས་ཁ་ཅིག་གིས་རྟོག་པས་བཏགས་པ་ཞིག་མ་ཡིན་པར། གང་དེ་ནི་སོ་སོའི་མི་ཚེ་ལ་རང་ཆས་སུ་མངའ་འོ། །ཁྱོད་ལ་ད་དུང་བྱིས་པ་བཞིན་གྱི་བསམ་པ་རྣམ་པར་དག་པ་ཞིག་ཡོད་ན། གང་དེ་དག་སྔར་བཞིན་ཁྱོད་ཀྱི་དོགས་གནས་སུ་གྲུབ་ཡོད་དོ། །
རྩོམ་ཁུངས། ཀྲེ་ཅང་མི་དམངས་དཔེ་སྐྲུན་ཁང་གིས2022ལོའི་སྤྱི་ཟླ8པའི་ཚེས1ཉིན་དཔར་དུ་བཏབ་པའི«ཀྲོའུ་ཀུའོ་ཕིང་གིས་མཚན་ཉིད་རིག་པ་གླེང་བ»ཞེས་པ་ལས་བདམས་ཏེ་བོད་འགྱུར་ཞུས།
འབྲེལ་ཡོད་འོས་སྦྱོར།