logo

འདབ་དྲུག་གི་དཔེ་ཀློག་ཟིན་ཐོ་ཁག་གཉིས།

རྩོམ་པ་པོ།:འདབ་དྲུག ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-01-04 ཀློག་གྲངས།:
བསམ་གཞིག་གི་མཚོ་མོ་སྐྱོམ་པའི“མཚོ་མོ”།​
                               «མདོ་དབུས་མཐོ་སྒང་གི་ཆེས་རིང་བའི་མཚན་མོ»བཀླགས་རྗེས་ཀྱི་མྱོང་ཟིན།
 
གཅིག གླེང་སློང་།
       མཐོ་སྒང་འདིའི་ཆེས་སྤྱིར་བཏང་གི་མཚན་མོ་ཞིག་ལ་ངས«མདོ་དབུས་མཐོ་སྒང་གི་ཆེས་རིང་བའི་མཚན་མོ»ཞེས་པའི་སྒྲུང་གཏམ་ཞིག་བཀླགས་ནས་ཚར། དབུགས་རིང་ནར་ནར་གྱིས་བཀླགས་ནས་ཚར། ས་རྡུལ་ལང་ལོང་ཁྲོད་བཀླགས་ནས་ཚར། མཆི་མ་ཁྲོམ་ཁྲོམ་ངང་བཀླགས་ནས་ཚར།
       དཔེ་ཀློག་གི་ས་རྒྱ་དོག་པའི་ང་ལ་མཚོན་ན། སྒྲུང་འབྲིང་དཔེ་ཚོགས་ལས་སྒྲུང་གཏམ་འདིའི་རྩོམ་པ་པོ་ཁོ་ན་ནི་རང་ཉིད་ལ་བག་ཆགས་ཡོད་པའི་རྩོམ་པ་པོ་དེ་ཡིན་ཟེར་ཆོག རྒྱུ་མཚན། ངའི་བག་ཆགས་ཁྲོད་དུ་ཁྲི་སེམས་དཔའ་ནི་སྙན་ངག་པ་ཞིག་དང་སྒོ་མེ་ཚེ་རིང་བཀྲ་ཤིས་ནི་སྒྲུང་གཏམ་པ་ཞིག་སྟེ། གང་ལྟར་རྩོམ་པ་པོ་ཁོང་གི་སྙན་ངག་དེབ«དིང་གླིང་ཁེར་འབུད»དང་། སྒྲུང་གཏམ་བསྡུས་དེབ«བྱ་ཞིག་ཡིན་ན་བསམས་བྱུང» «སྒོ་མེ་རིང་བཀྲ་ཤིས་ཀྱི་སྒྲུང་ཐུང་ཕྱོགས་བསྒྲིགས» སྒྲུང་རིང«མར་ངོས་ཟླ་བ»སོགས་བརྩམས་ཆོས་ལ་མཇལ་མྱོང་བའི་ཀློག་པ་པོ་ཕལ་བ་ཞིག་གི་ངོས་ནས། ཁོང་གི་བརྩམས་ཆོས་མཐའ་དག་གིས་ཡིད་སེམས་དྲངས་མྱོང་ལ་ཁོང་གི་གསར་རྩོམ་གྱི་འཚོལ་སྙེག་ལ་བློ་ཁ་མོས་ཡོད་པས། ཐེངས་འདིའི་སྒྲུང་འབྲིང«མདོ་དབུས་མཐོ་སྒང་གི་ཆེས་རིང་བའི་མཚན་མོ»ཡང་སྤྲོ་དགའ་འཕེལ་བའི་ངང་ནས་བཀླག་མགོ་བརྩམས་པ་ཡིན་མོད། བཀླགས་ནས་མཇུག་གྲུབ་དུས་ཡིད་ངོ་བློང་བློང་བོ་བ་ཞིག་ཏུ་གྱུར་ཅིང་སེམས་པ་འཁྱགས་སིབ་སིབ་པ་ཞིག་བྱུང་བས། དྲན་ཚོར་ཐན་ཐུན་ཞིག་ཡིག་ངོར་དགོད་པའི་འདུན་པའང་འགོག་ཏུ་མེད་སོང་།
       སྤྱིར་སྐྱེས་མའི་རྩོམ་རིག་དང་སྐྱེས་མ་རིང་ལུགས་ཀྱི་རྩོམ་རིག་སྐོར་ལ་མོས་པ་ཆེ་ཞིང་འདིའི་སྐོར་ལ་གང་འཚམས་ཀྱི་སློབ་སྦྱོང་ཕྲན་བུ་རེ་བྱས་མྱོང་པའི་ང་ལ་མཚོན་ན། ནམ་རྒྱུན་རྩོམ་རིག་བརྩམས་ཆོས་ཀྱི་ལྟ་ཀློག་ཁྲོད་གངས་ཅན་བུད་མེད་ཀྱི་ལས་དབང་བརྗོད་བྱར་བྱས་པའི་བརྩམས་ཆོས་ལ་དོ་སྣང་དང་ཡིད་འཇོག་བྱེད་ཀྱིན་ཡོད་ཀྱང་། བོད་རྩོམ(སྒྲུང་གཏམ)གྱི་ཁྲོད་ན་ཆེད་དུ་བོད་མོའི་ལས་དབང་དང་དར་རྒུད་བརྗོད་བྱ་བྱས་པའི་བརྩམས་ཆོས་རེ་གཉིས་ལས་མེད་སྣང་སྐྱེས་ལ། ལྷག་པར་སྐྱེས་པ་རྩོམ་པ་པོས་སྐྱེས་མའི་བདེ་སྡུག་དང་ལས་དབང་ལ་དོ་ཁུར་བྱས་པ་མངོན་གསལ་མིན་པའི་སྣང་བ་དུས་དང་དུས་སུ་སྐྱེས་ཀྱིན་ཡོད། དེ་བས་སྒྲུང་གཏམ་འདིར“མཐོ་སྒང་འདིའི་གྲུ་ཟུར་གང་རུང་དུ་འཚོ་བའི་བུད་མེད་ཁག་ཅིག་གི་བདེ་སྡུག་གི་ཆ་ཤས་ཤིག་གཏམ་རྒྱུད་ཀྱི་སྲད་བུར་བརྒྱུས”ཡོད་པས། བརྗོད་བྱ་འདིའི་རིགས་ལ་ཚོར་བ་སྐྱེན་པའི་ངའི་སེམས་ཁམས་ལ་གཡོ་སྐྱོམ་ཆེན་པོ་ཞིག་ཐེབས་སོང་། ཡིན་ཡང་གཡོ་སྐྱོམ་དེ་བྱེ་བྲག་ཏུ་བཟུང་ནས་གསལ་རྗེན་དུ་ཡི་གེར་ཕབ་པའི་རྩལ་ནུས་མེད་སོང་བས་རང་ཡིད་མགུ་གང་བ་ཞིག་ལར་ནས་འབྲི་མི་ནུས་པར་ཕངས་བ་ཆེ། དེ་ལྟ་ནའང་གང་དྲན་དྲན་ཙམ་པོ་ཐོ་རུ་མ་བཀོད་ན་རང་སེམས་བདེ་ལ་འབབ་ཐབས་མེད་པས་ཡིག་འབྲུ་འགའ་ལ་འོ་བརྒྱལ་བཟོ་དགོས་པར་ཐུག
གཉིས། མཚོ་མོའི་མི་ཚེ།
       སྒྲུང་གཏམ་འདིའི་ནང་གི“མཚོ་མོ་ནི་སྒྲོལ་མ་དང་ལྷ་མོ། ཡང་ན་དབང་མོ་དང་བཟང་མོ་སོགས་གང་རུང་ཞིག་ཀྱང་ཡིན་སྲིད། གང་ལྟར་མཚོ་མོ་ཟེར་བའི་བོད་མོ་ལས་ངན་མ་དེ”(རྩོམ་པ་པོའི་ཚིག)གླེང་དུས། ངའི་ཡིད་ལ་མདོ་ལས་བྱུང་བའི་གཏམ་རྒྱུད་སྣ་ཚོགས་ལས«དགེ་སློང་མ་ཨུད་པ་ལའི་གཏམ་རྒྱུད»ཡང་ཡང་དྲན་ཡོང་སྟེ། འཇིག་རྟེན་སྐྱེས་མ་ཞིག་གི་མགོར་འོང་ཆོག་པའི་མི་སྡུག་པ་དང་མི་མཛེས་པའི་སྡུག་བསྔལ་ཡོད་དོ་ཅོག་ཁོ་མོ་གཅིག་པུའི་སྟེང་ལ་བབས་འདུག་པའི་མི་ཚེ་ཉམ་ཆུང་བོར་སྙིང་རྗེ་དང་གདུང་སེམས་མཉམ་དུ་སྐྱེས། ཁོ་མོ་ལྟ་བུའི་གངས་ཅན་གྱི“མཚོ་མོ”མང་པོ་ཞིག་གི་མི་ཚེའི་ལས་དབང་ལ་སེམས་གཏིང་ནས་ཟུག་རྔུ་ཡང་ཡང་སྐྱེས།
       མཚོ་མོའི་མི་ཚེའི་འགྱུར་ལྡོག་གི་དཀྱོག་མཚམས་ནི་མོ་ལོ་ན་བཅུ་བདུན་གྱི་སྟེང་སློབ་གྲྭ་ནས་བླངས་ཏེ་གནས་ཡུལ་དུ་བརྫངས་པ་ནས་བརྩམས་པ་རེད། དེ་ནས་བཟུང་མོས་བཀྲ་ཤིས་ཞེས་པའི་སློབ་ཆེན་སློབ་མ་ཞིག་ཞེ་ལ་བཟུང་ནས་ཁྱོ་ག་དགའ་ཞིག་གི་གམ་ནས་འཁོར་བའི་འཚོ་བར་མགོ་བརྩམས་མོད། ལས་དབང་རྒྱལ་མོས་མོའི་ཁྱོ་ག་འཇིག་རྟེན་མི་ཡུལ་ནས་མ་བསྐྱུར། དེ་ནས་ཡང་བསྐྱར“སྡེ་བ་ཚོ་བའི་མི་ཁ་དང་། མ་གཡར་གྱི་སྡང་སྡིགས”མ་བཟོད་པར་གཞུག་ཁྲིད་དང་བཅས་ཁྱོ་ག་གཉིས་པ་དང་ལྷན་དུ་བསྡད་ཅིང་འཁོར་བའི་གཞི་ལ་རེ་བ་བསྐྱར་དུ་བཅས་མོད། སྒྱུག་མོའི་ཚད་ལས་འདས་པའི་བརྙེས་དམོད་ཀྱིས་འཇིག་རྟེན་མི་ཡུལ་ནས་འདུག་ཐབས་མེད་པའི་གནས་ལ་བསྐྱལ། དེ་བས། མོས་བློ་ཐག་རྦད་ཆོད་ཀྱིས་མི་ཡུལ་ལ་བདེ་མོ་འཇོག་གྲབས་བཤམས་ཀྱང་། “མི་སྡུག་ལ་ཐུག་ན་འཆི་བའི་རང་དབང་ཙམ་ཡང་མ་ཡོད”པས། བུ་ཆུང་བ་ཁྲིད་ནས་འཁྱམས་ལྡོམ་གྱི་འཚོ་བར་མགོ་བཟུང་། འཁྱམས་ལྡོམ་གྱི་ཁྲོད་ནས་ཁྱོ་ག་གསུམ་པས་མ་བུ་གཉིས་ཀྱི་སྲོག་བསྐྱབས་པ་མ་ཟད། གནས་ས་འཚོ་སའི་ཁྱིམ་དང་ཡུལ་ཞེས་པ་ཞིག་ཀྱང་བྱིན་མོད། ཨུད་པ་ལ་དང་མཚོ་མོའི་བདེ་སྐྱིད་ནི་སྡུག་བསྔལ་དེ་ལས་ལྷག་པ་ཞིག་གི་སྣ་འདྲེན་ལས་གང་ཡང་མིན་པས། དྲོད་སྣང་ཨེན་ཙམ་ཐོབ་པའི་སྐད་ཅིག་མ་དེ་ཙ་ན། ལས་དབང་རྒྱལ་མོས་ཡང་བསྐྱར་ཆང་དང་རྒྱན་གྱི་ལྕགས་ཐག་མོའི་ཁྱོ་གའི་སྐེ་ལ་བསྐོན་ནས་འཇིག་རྟེན་ཕྱི་མའི་ཡུལ་ལ་ཁྲིད་སོང་། གཏམ་རྒྱུད་ཀྱི་འཕེལ་རིམ་སྐབས་འདིར་སླེབས་དུས། མཚོ་མོ་ནི་གཞི་ནས་མི་ཡུལ་ལ་ཁོ་ཆད་ཡོད་མེད་མི་ངེས་མོད། ང་ནི་ཁོ་མོའི་མི་ཚེ་ལ་ཁོ་གཏིང་ནས་ཆད་སོང་། དེ་བས། རྗེས་ནས་ཧྲུའུ་ཅིས་རེ་ཞུ་བྱས་ནས་ཐོབ་པའི་སྤྱི་ཕན་རང་བཞིན་གྱི་ལས་རྐང་དེ་ནི་མཚོ་མོ་མི་ཡུལ་ནས་མུ་མཐུད་གསོན་ཆོག་པའི་རྒྱུ་མཚན་དུ་མི་ལོངས་པས། ས་འགུལ་ཡོམ་ཡོམ་བརྒྱུགས་པ་ནི་ཀློག་པ་པོ་ང་ལ་མཚོན་ན་ཆེས་ཆེ་བའི་སེམས་གསོ་དང་ཆེས་མཁོ་སོད་པའི་མཇུག་འབྲས་དེ་ཡིན་སོང་། ས་ཡོམ་དེས་མདོ་དབུས་མཐོ་སྒང་གི་མཚོ་མོ་མང་པོའི་ཆེས་རིང་བའི་མཚན་མོ་ལྟ་བུའི་མུན་ནག་གི་མི་ཚེ་མཇུག་རྫོགས་པར་བྱས་སོང་། མ་མཐའ་ཡང་སྨོན་ལམ་དེ་ལྟར་བཏབ་ཆོག་ཅིང་རྟེན་འབྲེལ་དེ་ལྟར་བསྒྲིག་ཆོག་པ་བྱས།
གསུམ། མཚོ་མོའི་ལས་དབང་།
       གོང་དུ་བརྗོད་པ་ཇི་བཞིན། གཏམ་རྒྱུད་ཁྲོད་མཚོ་མོ་ནི་འཇིག་རྟེན་གྱི་ཆེས་ལས་དབང་ངན་པའི་བུད་མེད་ཅིག་ཏུ་ང་ཚོས་མཐོང་འོང་། དེས་ན། དོན་དམ་མཚོ་མོ་དང་མཚོ་མོ་རྣམས་ཀྱི་ལས་དབང་དེ་འདྲ་ངན་པ་ཞིག་བྱུང་བའི་རྒྱུ་མཚན་དངོས་ནི་གང་ཡིན་ནམ། འདི་ནི་ང་ཚོས་ཐོག་མར་བསམ་གཞིག་དང་འཚོལ་རྟོགས་བྱ་དགོས་པའི་གནད་ཀྱི་དམ་པ་དེ་རེད་སྙམ། ལས་གང་དང་གང་ཡང་རྒྱུ་མེད་རྐྱེན་མེད་ཀྱིས་མི་འགྲུབ་པས། མཚོ་མོའི་གནམ་ས་ལ་མི་ཤོང་བའི་ལས་དབང་ངན་པ་དེའང་རྒྱུ་མེད་རྐྱེན་མེད་ཀྱིས་གྲུབ་པ་ཞིག་གཏན་ནས་ཡིན་མི་སྲིད། དེ་བས། ངས་བསམ་ན་དེའི་རྒྱུ་མཚན་དངོས་ནི་སྐྱེ་བ་སྔོན་མའི“ལས”ཟེར་བའི་སྟབས་བདེ་ཞིག་ལར་ནས་མིན་པར་སྐྱེ་བ་འདི་ཡི“དབང”ཞེས་པའི་མངོན་མེད་ཀྱི་ཅི་ཞིག་ཡིན་ངེས་སྙམ། རྒྱུ་མཚན། མཚོ་མོར་མཚོན་ན། མ་གཞི་ནས་ལས་དབང་ལ་མགོ་སྐུར་ནས་མི་ཚེའི་ཕུགས་བསམ་འདོར་མཁན་ཞིག་གཞར་ནས་མ་ཡིན་ཏེ། མོ་ལོ་བཅུ་བདུན་གྱི་སྟེང་ནས་སློབ་གྲྭ་ནས་བུད་དེ་གནས་ཡུལ་འགྲིམ་རྒྱུར་མོ་གཏན་ནས་འཐད་པ་མིན་པས་གནས་ལ་མི་འགྲོ་བར་ཨུ་ཚུགས་ཡང་ཡང་བྱས་མོད། མཇུག་མཐར“གཉེན་ཉེ་རྣམས་ཀྱི་ཁ་རྩུབ་ཚིག་རྩུབ”དང་། ཐ་ན“ཕ་རྒན་གྱི་གཅར་རྡུང”སོགས་ཀྱི་དབང་ཤེད་འོག་ནས་གནས་ཡུལ་ཞེས་པའི་མུན་ནག་གི་ལུང་བར་མི་ཆས་ཐབས་མེད་བྱུང་ཞིང་། དཀའ་སྡུག་བྱེ་བས་ཁེངས་པའི་མི་ཚེའི་ལམ་སྣེ་ནས་བཟུང་བ་རེད། འདི་ནི་མངོན་སུམ་འཛེམ་མེད་ཀྱི་དབང་ཆའི་འབྲས་བུ་བསྙོན་དུ་མེད་པ་ཞིག་ཡིན་པ་མིག་མཐོང་ལག་ཟིན་རེད།
       དེ་བཞིན། མོའི་གཉེན་སྒྲིག་ཐེངས་གཉིས་པ་དང་གསུམ་པ་ཡང་མོའི་འདོད་བློ་བཞིན་དུ་སྒྲིག་པ་ཞིག་གཞར་ཡང་མ་ཡིན་པར། ཕྱིའི་ཁོར་ཡུག་གི་སྟོབས་ཀྱིས་བྱུང་བའི་མི་ཁ་དང་བཤད་ཡམས། སྡང་སྡིགས་སོགས་དང་། ནང་བུ་ཕྲུག་ལ་འཁྲེང་བའི་ཆགས་སྡང་དང་ཞེན་ཆགས། བུ་དུངས་སོགས་ཀྱི་དབང་གིས་རང་ཉིད་བློས་གཏོང་གི་སྦྱོར་བ་མཐའ་དག་རིམ་པར་མི་བྱུང་རང་བྱུང་དུ་གྱུར་བ་ཞིག་རེད།
       གཞན་ཡང་། “ང་ནི་མི་ལས་ངན་ཞིག་རེད།”ཅེས་པའི་སྐད་ཆ་འདི་ནི་བརྩམས་ཆོས་སུ་ཡང་ནས་ཡང་དུ་བྱུང་བའི་མི་སྣ་མཚོ་མོས་རང་ཉིད་ལ་བཟུང་བའི་ངོས་འཛིན་ཞིག་རེད། འདིའི་ཐད་ནས་མི་སྣ་མཚོ་མོ་ནི«སྲི་གཅོད་དང་མོའི་ཕྲུ་གུ་ལྔའི་ཕ་རྣམས»ཞེས་པའི་སྒྲུང་ནང་གི་སྲི་གཅོད་ལྟར་ཡུལ་ཅན་གྱི་འདུ་ཤེས་རྩ་བ་ན་མེད་པའི་བུད་མེད་འཐོམས་སྦྲིད་དུ་གྱུར་བ་ཞིག་ཀྱང་མིན་པ་མཚོན། མོས་མ་མཐའ་ཡང་རང་ཉིད་ཀྱི་མི་ཚེ་དང་ལས་དབང་ལ་འདང་རྒྱག་དང་སེམས་ཁྲལ་བྱས་ནས། རང་ཉིད་ལས་ངན་ཞིག་ཡིན་པ་ཧ་གོ་བཞིན་འདུག  འདི་ལས་མཚོ་མོར་མཚོན་ན། ཕྱིའི་ཁོར་ཡུག་ཆེན་པོའི་བཙིར་གནོན་ལ་ཁ་གཏད་གཅོག་པའི་ནུས་ཤུགས་མེད་ཀྱང་། ནང་བསམ་བློའི་ཆ་ནས་རང་ཉིད་ལ་ཞེ་བློ་དཀར་ཞིང་རང་ཉིད་ཀྱི་ལས་དབང་ལ་གདུང་སེམས་ཆེན་པོ་སྐྱེས་ཀྱིན་ཡོད་པའི་སེམས་ཁམས་མཚོན་ནུས། འདི་ནི་རྒན་བདུད་ལྷ་རྒྱལ་ལགས་ནས་གསུངས་པའི་མི་བུའི“ཡུལ་ཅན་གྱི་འདུ་ཤེས་དེ་མི་གཤིས་ཀྱི་སྟོབས་ཀྱིས་སད་རྟོགས་བྱུང་ཡང་། དེ་ཉིད་སྤྱི་ཚོགས་ཁོར་ཡུག་གི་སྟོབས་ཀྱིས་དེའི་གོ་རིམ་ནི་ཤིན་ཏུ་དཀའ་ཚེགས་ཆེ་བ་ཞིག་ཡིན”པའི་མངོན་ཚུལ་ཡང་རེད། གང་ལྟར། འདི་ནི་བརྩམས་ཆོས་ཁྲོད་ཀྱི་བུད་མེད་ཡིན་ཆོག་ལ་དངོས་ཡོད་ཁྲོད་ཀྱི་བུད་མེད་ཡིན་ཡང་རུང་། བུད་མེད་སུ་ལ་མཚོན་ནའང་ཆེས་ཁ་ཚ་དགོས་གཏུག་ཏུ་གྱུར་བའི་རང་ཉིད་ལ་ཕྱིར་རྟོག་དང་ལས་དབང་ལ་བསམ་གཞིག་བྱ་བའི་སད་རྟོགས་ཀྱི་གོམ་པ་དང་པོ་ཡིན་པས་གལ་གནད་ཤིན་ཏུ་ཆེ་བའི་གནས་ལགས་སོ། །
       མདོར་ན། འདི་དག་ཐམས་ཅད་ལས་ང་ཚོས་ཤེས་ཐུབ་པ་ནི་མཚོ་མོའི་ལས་དབང་ངན་པའི་འབྱུང་ཁུངས་གཙོ་བོ་ནི་ཕྱིའི་ཁོར་ཡུག་གི་དབང་ཤུགས་ལས་བྱུང་བ་ལས་མཚོ་མོའི“སྔོན་བསགས་ཀྱི་ལས་དབང”ལས་བྱུང་བ་ཁོ་ན་ཞིག་མིན་པ་དེ་རེད། དེ་བས། རྩོམ་པ་པོས་ཀྱང་མཚོ་མོའི་གཏམ་རྒྱུད་ལ་བརྟེན་ནས་མཚོ་མོའི་ལས་དབང་དང་གོད་ཆག་མཚོན་པ་དངོས་ཐིག་བྱས་ཤིང་། མཚོ་མོའི་བདེ་སྡུག་དང་དར་རྒུད་ཀྱི་འབྱུང་ཁུངས་སུ་གྱུར་བའི་མོའི་འཚོ་སྡོད་ཀྱི་ཁོར་ཡུག་དང་མི་རྣམས་ཀྱི་དབང་ཤུགས་སྐུང་ཐིག་བྱས་ཏེ་གཏམ་རྒྱུད་ཀྱི་བྱུང་བ་བཀྲལ་ཡོད་ཅིང་། མཚོ་མོའི་ལས་དབང་གི་མཚོ་མོ་སྐྱོམ་པའི་རླབས་སྒྲ་གངས་ཅན་གྱི་ཀློག་པ་པོའི་གསམ་གཞིག་གི་ཆུ་རིས་སྒུལ་བའི་བརྡ་རུ་བསྒྲགས་ཡོད་པར་ཁོ་མོས་འདོད་དོ། །
༢༠༢༢ལོའི་ཟླ༡༠ཚེས༣ཉིན།

བརྩེ་གདུང་གི་རི་མོ།
                           —སྒྲུང་འབྲིང«རི་མོའི་ནང་གི་ཨ་ཕ»བཀླགས་རྗེས།

       དེང་རབས་བོད་ཀྱི་ན་གཞོན་རྩོམ་པ་པོ་གནམ་ལྷ་རྒྱལ་ལགས་ཀྱིས་བརྩམས་པའི་སྒྲུང་འབྲིང«རི་མོའི་ནང་གི་ཨ་ཕ»ཞེས་པ་འདི་ནི། ཐོག་མར། མི་སེམས་ལ་ཉེ་བར་བཅར་བའི་སྒྲུང་ཞིག་རེད། བརྩེ་བ་རྣལ་མ་དང་དོན་དག་ངོ་མས་སྒྲུང་གི་བྱུང་བ་གྲུབ་འདུག་པའི་སྣང་བ་སྩོལ་བས་སམ། གང་ལྟར། སྒྲུང་ལྷུན་ཆགས་སེམས་ངོར་འགོས་སླ་བ་ཞིག་ཏུ་མཐོང་། སྒྲུང་གཏམ་འདི་བཀླགས་པའི་གོ་རིམ་ཧྲིལ་བོ་ནི་བག་ལྷོད་པོ་བདེ་ཚོར་དང་ལྡན་པ་ཞིག་བྱུང་། བདེ་སྣང་དེ་ཡང་སྐྱོ་གདུང་གིས་བྱིན་པ་ཞིག་རེད། སྐྱོ་གདུང་དེས་དངོས་གནས་ང་ལ“སྣང་བ་སྐྱིད་པོ”ཞིག་སྦྱིན་སོང་། སེམས་ཁམས་འགྱུར་བག་གི་ལོངས་སྤྱོད་དཔེ་མེད་ཅིག་གནང་བྱུང་།
       ངས་བཀླགས་ཚོར་ཐུང་ངུ་ཞིག་ཟུར་སྣེ་གཉིས་ནས་བརྩམས་ཏེ་བྲི་བར་འདོད།
གཅིག རྩོམ་རིག་གཙང་རྐྱང་བའི་ངོས་ནས།
       སྤྱིར་རྩོམ་རིག་ནི་མིའི་མི་གཤིས་དང་སེམས་གཤིས་ལ་རྟོག་འཇུག་གིས། རྒྱལ་ཁོངས་དང་རིགས་རྒྱུད། གྲལ་རིམ། ལུས་རྟེན་སོགས་ཀྱི་དབྱེ་ཁྱད་ལས་འགོངས་ཏེ་མིའི་རིགས་ཀྱི་བརྩེ་བ་ཐུན་མོང་བ་ཞིག་གམ་ཆགས་སྡང་ཡོངས་ཁྱབ་པ་ཞིག་རང་བྱུང་གི་ངང་ནས་མཚོན་པར་བྱེད་པ་ཞིག་ཡིན་ན་ཨེ་བདེ་སྙམ་པའི་འཁྲུལ་བློ་ཡན་གར་བ་ཞིག་བདག་ལ་མཆིས། དེ་བས་ངས་ནི་རྒྱ་བོད་ཕྱི་ནང་གི་རྩོམ་རིག་བརྩམས་ཆོས་གང་ཞིག་ཀློག་པའི་ཚེ་ནའང་། དེའི་གོ་རིམ་ཁྲོད་ནས་བསམ་བཞིན་དང་བསམ་བཞིན་མ་ཡིན་པའི་སྒོ་ནས་བརྩམས་ཆོས་དེས་རང་གི་ནང་སེམས་ལ་མཉམ་འུར་གྱི་ཚོར་རྟོགས་རིགས་གང་ཞིག་བསྐྱེད་གནང་ཡོང་རྒྱུར་རེ་སྒུག་ཆེན་པོ་བྱེད་ཅིང་། ནམ་ཞིག་བརྩམས་ཆོས་ཀྱི་བྱུང་བའམ་མི་སྣའི་འགུལ་སྐྱོད་གང་རུང་ཞིག་གིས་རང་ཉིད་ཀྱི་ནང་སེམས་སུ་བག་ཉལ་གྱིས་ལྟེམས་པའི་ཚོར་བའི་ཆུ་རིས་སྐྱོམ་པར་བྱས་པ་ཡིན་ན། སྐད་ཅིག་མ་དེ་ནི་བདག་གི་ནང་སེམས་ཀྱིས་མྱོང་བའི་དཔག་མེད་ཀྱི་ལོངས་སྤྱོད་ཆེན་པོ་དེ་ཡིན་ལ། བརྩམས་ཆོས་ཤིག་བཀླགས་པའི་དོན་གོ་ཡང་དེ་ནས་ད་གཟོད་རྙེད་ཐུབ་ཀྱིན་ཡོད། དེ་ནི་འཇུ་སྐལ་བཟང་ལགས་ནས་གསུངས་པའི་ཆུ་དང་འོ་མ་གཉིས་བསྲེས་པས། །འོ་ཆུ་གཉིས་ཀ་རུ་གྱུར་སོང་། །སེམས་དང་སེམས་པ་གཉིས་བསྲེས་པས། །སེམས་པ་གཅིག་པུ་ལས་མི་འདུག་ཅེས་པའང་འདི་ལྟ་བུ་ཞིག་ལ་གོ་བ་ཨེ་ཡིན་སྙམ་པ་ཞིག་བྱུང་གིན་ཡོད། ད་རེས། བོད་ཀྱི་ན་གཞོན་སྒྲུང་འབྲིང་གསར་རྩོམ་དཔེ་ཚོགས་ལས«རི་མོའི་ནང་གི་ཨ་ཕར»བལྟས་པས། བཀླགས་པའི་གོ་རིམ་ཧྲིལ་བོར་ཚོར་བ་རིགས་འདྲ་མིན་སྣ་ཚོགས་ཤིག་གིས་ལུས་སེམས་ཁྱབ་པར་བྱས་ཤིང་། ནང་སྒོས་མི་སྣ“ང”ཡིས་རི་མོའི་ནང་གི་ཨ་ཕར་བལྟས་ནས་དྲན་གདུང་དང་སྐྱོ་གདུང་གི་ཤུགས་རིང་ནར་ནར་འབྱིན་པ་དང་མཉམ་དུ། ངའི་ཡ་ཆུང་གངས་དཀར་སེམས་ལའང་སྐྱོ་ལ་སྡུག་པའི་གཏམ་རྒྱུད་ཀྱི་རི་མོ་མང་པོ་ཞིག་ཕབ་སོང་། གདུང་ཡུས་ཟབ་མོ་ཞིག་བསྐྱིལ་སོང་། སྒྲུང་གཏམ་ཞིག་བཀླགས་རྗེས་དབུགས་རིང་ཡང་ཡང་འབྱིན་གཏོང་བྱེད་དགོས་ཤིང་། སེམས་སུ་སྨུག་པ་བཞིན་འཐིབས་པར་གྱུར་བའི་ཡི་མུག་གམ་སྐྱོ་གདུང་གང་དེས་སེམས་ལ་ཡང་ཡང་གཙེས་ཡོང་པའི“བདེ་སྣང”དེ་ལྟ་བུ་ནི། བརྩམས་ཆོས་རེ་གཉིས་ཀྱིས་མ་གཏོགས་བསྐྱེད་མི་ཐུབ་ལ། སྒྲུང་དེབ་འདི་ནི་དེའི་ཁྲོད་དུ་བཞག་ཆོག་སྙམ་སོང་།
       སྒྲུང་ནང་གི་མི་སྣ་དག་གི་འགུལ་སྐྱོད་དང་སེམས་ཀྱི་འགྱུར་བ་སྣ་ཚོགས་དང་ལྷན་དུ་ཀློག་པ་པོ་རེ་རེའི་སེམས་ནས་རང་ཉིད་དང་། རང་དང་འབྲེལ་ཡོད་ཀྱི་མི་སྣ་གང་རུང་རྣམས་ཀྱི་གཟུགས་རིས་སམ་གྲིབ་མ་མཐོང་ཡོང་བའི་སྣང་བ་སྟེར་བ་ནི་དོན་དུ་སྒྲུང་གི་འཚོལ་སྙེག་དེ་མིའི་ནང་སེམས་ལ་གཞོལ་ནས། མིའི་རིགས་ཐུན་མོང་ལ་མངའ་བའི་སེམས་ཁམས་རིགས་ཤིག་གཅལ་དུ་བཀྲམས་པར་ཕྱོགས་ཡོད་པས་ལོས་ཡིན། འཇིག་རྟེན་གྱི་ཕལ་བའི་སྐྱེ་བོ་ཞིག་ཡིན་པའི་ཆ་ནས།(གནས་སྐབས་སུ་ཕ་མ་ཉིས་འཛོམས་ཀྱི་མི་ཞིག་ཡིན་པའི་དབང་དུ་བཏང་ནའང་།) འཇིན་རྟེན་གྱི་སྐྱེ་རྒ་ན་འཆི་དང་། ཆགས་འཇིགས་འདུ་བྲལ་སོགས་ཀྱི་བྱུང་བ་མང་པོ་ཞིག་ངེས་པར་བརྒྱུད་དགོས་པ་ཏན་ཏན་རེད། དེས་ན་དེ་དག་ལས་མཆེད་པའི་དགའ་སྐྱོ་ཆགས་སྡང་དང་སེམས་ཁམས་ཀྱི་འཕྲོ་འདུ་སྣ་ཚོགས་ཤིག་ཀྱང་ངེས་པར་གཉུག་གཤིས་སུ་གྲུབ་ཡོད་པ་རེད། དེ་དག་ལས་ཕ་དང་བུ་ཡི་དགའ་སྡུག་དང་འདུ་བྲལ་གྱི་གདུང་བ་ནི། མི་རེ་རེར་མཚོན་ནའང་ཇི་འདྲའི་ཉམས་མྱོང་རྒྱས་མངའ་ཡོད་པ། གཞན་སྡུག་རང་མྱོང་བྱ་ཐུབ་པ་ཞིག་རེད་ཨང་། འདི་ནི་ད་གཟོད་རྩོམ་རིག་རང་བཞིན་ནམ་རྩོམ་རིག་གཙང་རྐྱང་གི་ཁྱད་ཆོས་དེ་བརྩམས་ཆོས་ལས་མངོན་པ་ཞིག་ཀྱང་མ་ཡིན་ནམ་སྙམ།
       མདོར་ན། སྣུམ་ཚོན་རི་མོ་དེ་ནི་མིའི་ནང་སེམས་ཀྱི་མུ་མཐའ་མེད་པའི་འཇིག་རྟེན་དེ་ཡིན་ན། དེའི་ནང་དུ་འགུལ་བའི་ཨ་ཕ་ནི་མིའི་ནང་སེམས་ཀྱི་བརྩེ་དུང་ཡོད་ཚད་ཀྱི་ཉིང་ཁུ་རེད། སྣུམ་ཚོན་རི་མོ་དེ་ནི་མི་བུ་རེ་རེའི་ནང་སེམས་སུ་གནས་པའི་བརྩེ་དུང་གི་རི་མོ་ཞིག་རེད། རི་མོ་དེ་མི་བུ་རེ་རེའི་མདུན་དུ་བཞག་ཙ་ན་འདས་སོང་གི་རང་ཉིད་མཐོང་བའི་སེམས་ཀྱི་མེ་ལོང་མཚར་པོ་ཞིག་ཡིན་ན། དེའི་ནང་དུ་འགུལ་བའི་མི་བུའི་གཟུགས་བརྙན་རེ་རེ་ནི་སྨྲ་ཤེས་དོན་གོ་ཟེར་ཆོག་པའི་མི་བུ་སྤྱིའི་བསྡུས་གཟུགས་ཤིག་ཏུ་ངོས་བཟུང་ཆོག་པ་ལས། བྱེ་བྲག་བཀྲ་ཤིས་དང་ཀྲང་སན། ལུའུ་སེས་སོགས་སུ་ཡང་ཡིན་མི་དགོས། བརྩེ་དུང་གི་རི་མོ་དེའི་པིར་རིས་རེ་རེ་ནི་མིའི་ནང་སེམས་སུ་དྭངས་ཤ་ལེར་ལྟེམས་པའི་བརྩེ་བ་དང་དྲན་གདུང་གི་མཚོ་མོར་བབས་ན། དེའི་ངོ་བོ་ལ་ནི་ཁ་དོག་དང་དབྱིབས་གཟུགས་ཀྱི་བར་ཁྱད་མེད་པར། འཇིག་རྟེན་གྱི་ཤར་ནས་ནུབ་ཏུ་རྐྱོང་ཐུབ་ལ། རྒྱལ་ཁོངས་དང་རིགས་རུས་ཀྱི་དབྱེ་ཁྱད་མེད་པར། འཇའ་ཕན་གྱི་ཐའོ་ཁྱོའུ་ནས་པེ་ཅིང་དང་ལྷ་སར་བསྲིངས་ཆོག་པ་ཞིག་ཀྱང་ཡིན་ནོ། །
གཉིས། མི་ཆོས་ཀུན་སྤྱོད་ཀྱི་ཆ་ནས།
       ང་ཚོ་བོད་པའི་འདུ་ཤེས་འཛིན་སྟངས་ལ། རྒན་བཀུར་གཞོན་བྱམས་བྱེད་པ་དང་དྲིན་ལ་དྲིན་ལན་འཇལ་བ། ཕ་མར་བཀུར་སྟི་ཚིག་བརྩི་ཞུ་བ། བུ་ཕྲུག་ལ་ཁ་ཏ་སློབ་གསོ་གཏོང་བ་སོགས་ནི་སྲོལ་རྒྱུན་གྱི་ཀུན་སྤྱོད་ལེགས་པོ་ཞིག་ཡིན་པའི་ངོས་འཛིན་གནའ་ནས་ད་ལྟའི་བར་མ་ཉམས་པར་ཡོད།  དེ་བས། སྒྲུང་གཏམ་འདིར་ཡང་རང་རེའི་མི་ཆོས་ཀུན་སྤྱོད་ཀྱི་ལྟ་བ་འདི་དག་དང་མཐུན་སྦྱོར་བྱས་པའི་བསམ་བློ་ནི་སྒྲུང་གཏམ་གྱི་ཆ་དུ་མ་ན་མངོན་ཡོད་པར་མ་ཟད། འདི་འདྲའི་སྲོལ་རྒྱུན་གྱི་གོམས་སྲོལ་བཟང་བོའི་ཕྱོགས་ནི་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས་པའི་འབོད་སྐད་ཀྱི་གདངས་ཀྱང་ཕྱོགས་དང་མཚམས་ནས་ཐོས་ཐུབ། དཔེར་ན། སྒྲུང་གཏམ་འདིའི་མགོ་རྔ་བར་གསུམ་དུ་ཁྱབ་པའི་བསམ་བློ་ཆེས་འབུར་དུ་དོད་པའམ་གཙོ་ཤོས་སུ་གྱུར་བ་སྟེ། འགན་འཁྲིའི་འདུ་ཤེས་དང་དྲིན་གཟོའི་འདུ་ཤེས་ལྟ་བུའི་རང་རེ་རྣམས་ཀྱིས་བསམ་བློ་དང་ཀུན་སྤྱོད་ཀྱི་ཚད་གཞི་ཤིན་ཏུ་གལ་ཆེན་དུ་འཛིན་པ་དག་མཚོན་པར་བྱས་ཡོད་པ་ལྟ་བུ། སྒྲུང་གཏམ་དུ་ཡང་ནས་ཡང་དུ་ནན་བཤད་བྱས་ཡོད་པ་ཇི་བཞིན། མི་ཞིག་ཡིན་ཕྱིན་ངེས་པར་འགན་འཁྲིའི་འདུ་ཤེས་དྲག་པོ་ཞིག་ཡོད་དགོས་པ་སྟེ། རང་ཉིད་ལ་འགན་འཁུར་བ། དོན་དག་ལ་འགན་འཁུར་བ། སྤྱི་ཚོགས་ལ་འགན་འཁུར་བ། ཁྱིམ་ཚང་ལ་འགན་འཁུར་བ་སོགས་ལྟ་བུ། ནང་སྒོས་ཕ་མ་ཞིག་ཡིན་ཕྱིན་དང་། ལྷག་པར་ཨ་ཕ་ཞིག་ཡིན་ཕྱིན་ཁྱིམ་ཚང་གི་དཔལ་འབྱོར་དང་བུ་ཕྲུག་གི་གསོ་སྐྱོང་ལ་གཡོལ་དུ་མེད་པའི་འགན་འཁྲི་ལྕི་མོ་ཞིག་ཡོད་པ་དང་། སྒྲུང་གཏམ་ཁྲོད་ཀྱི་ཨ་ཕ་ནི་ཏག་ཏག་ཁྱིམ་ཚང་གི་བདེ་སྡུག་དང་བུ་ཕྲུག་གི་མདུན་ལམ་ལ་འགན་འཁུར་པའི་ཨ་ཕ་དཔའ་བོ། སྒམ་པོ། འཁྲེགས་པོ་ཞིག་གི་སྣང་བརྙན་དུ་བཞེངས་ནས། ཁོང་ལ་དད་གུས་དང་བཀུར་གཟོ་ཆེན་པོས་ཨ་ཕའི་གཤིས་སྤྱོད་ལ་བསྔགས་བརྗོད་དང་ཡི་རང་གི་བསམ་འདུན་དྲག་པོ་མཚོན་པར་བྱས་ཡོད་པ་ལྟ་བུ།
       “བྱ་བ་ཆུང་ངུ་ཞིག་ཡིན་ནའང་། བཀའ་དྲིན་ཞུ་བ་ནི་མི་ཞིག་གི་ཆེས་མ་མཐའི་བསམ་པའི་ཀུན་སྤྱོད་ཡིན”པས། སྒྲུང་གཏམ་གྱིས་དངོས་ཤུགས་དང་མངོན་ལྐོག་གང་རུང་ནས་དང་། ཐད་ཀར་རམ་བརྒྱུད་པའི་སྒོ་སྣ་ཚོགས་ནས་མི་ཞིག་ཡིན་ན་རང་ལ་བཀའ་དྲིན་ཆེ་བའི་མི་དང་བྱ་དངོས་ལ་དྲིན་གཟོ་ཞུ་དགོས་པ་ནི་མི་ཡི་མ་མཐའི་ཀུན་སྤྱོད་ཅིག་ཏུ་བཞག་ནས་ནན་བཤད་ཡང་ཡང་བྱས་ཡོད། ལྷག་པར་བུ་ཕྲུག་ཅིག་ལ་མཚོན་ན། རང་ཉིད་ཀྱི་ཕ་མ་ལ་སྲི་ཞུ་ལེགས་པོ་ཞིག་བསྒྲུབས་ནས་དྲིན་ལན་ཡག་པོ་ཞིག་འཇལ་རྒྱུ་ནི་དེ་བས་ཀྱང་མི་ཞིག་གི་མི་ཚེའི་དོན་སྙིང་ལྟ་བུར་བཟུང་ནས་སྤྲོས་བརྗོད་མང་དུ་བྱས་ཡོད། དེ་བས་སྒྲུང་གཏམ་ཁྲོད་ཀྱི“ངས”ཀྱང་རི་མོའི་ནང་གི་ཨ་ཕའི་འདས་དོན་རེ་རེ་རང་ཉིད་ཀྱི་མིག་མདུན་དུ་བསུས་ནས། འཇིག་རྟེན་དཀར་ངོགས་ནས་དངོས་སུ་དྲིན་ལན་འཇལ་མ་ཐུབ་པ་དེར་ཁ་གསབ་དང་འགྱོད་གཤགས་ཀྱི་ཆེད་དུ། ནམ་རྒྱུན་ཨ་ཕའི་བཀའ་དྲིན་སེམས་ཀྱིས་མྱངས་ཤིང་། ཨ་ཕར་དྲིན་ལན་ཡང་སེམས་ཀྱིས་འཇལ་བཞིན་ཡོད། “ངས”ནི་འཇིག་རྟེན་དུ་ཨ་ཕར་ཁ་ལེན་ཚིག་བརྩི་བྱས་ནས་སློབ་སྦྱོང་ལ་འབད་པ་ལྷོད་མེད་བྱས་ཏེ་ཨ་ཕའི་རེ་བའང་འགྲུབ་པར་བྱས་མྱོང་པས། “གལ་སྲིད་ཕ་མ་ལ་ཁ་ལེན་ཚིག་བརྩི་ཡོད་པ། ཕ་མའི་སེམས་ཁ་མི་དཀྲུགས་པ། ཕ་མ་ནམ་ཡང་ལྷ་བཞིན་བཀུར་བ་ནི་དྲིན་ལན་ཡིན་ཚེ། ‘ངས’ཀྱང་རང་གི་ཕ་མ་ཟུང་ལ་དྲིན་ལན་ཡག་པོ་ཞིག་འཇལ་ཚར་བ”ཡིན་སྙམ་པའི་དག་སྣང་གིས་རང་སེམས་ལ་བྱིལ་བྱིལ་ཡང་མང་དུ་བྱས་ཡོད། མདོར་ན། འཇིག་རྟེན་གྱི་ཕ་མ་ཞིག་ཡིན་ཕྱིན་ཁྱིམ་ཚང་གི་དཔལ་འབྱོར་དང་བུ་ཕྲུག་གི་གསོ་སྐྱོང་ལ་འགན་འཁྲི་ལྕི་མོ་ཞིག་ཡོད་པ་དང་། བུ་ཕྲུག་ཅིག་གི་ངོས་ནས་ནམ་ཡང་རང་གི་ཕ་མའི་དྲིན་དྲན་པ་དང་དྲིན་གཟོ་བ་ནི་མི་ཞིག་གི་མ་མཐའི་ཀུན་སྤྱོད་དང་མི་ཚེའི་དོན་སྙིང་ཡིན་པའི་བསམ་བློ་ནི་སྒྲུང་གཏམ་གྱི་ཕྱི་ནང་གསང་གསུམ་ལ་ཁྱབ་ནས་འདུག་ལ། འདི་ལྟའི་མི་ཆོས་ཀུན་སྤྱོད་ཀྱི་བསམ་བློ་མཚོན་པའི་ནང་དོན་གྱི་ཆ་ནི་བོད་ཀྱི་ཀློག་པ་པོ་མང་ཤོས་ཀྱི་འདོད་བློ་དང་མཐུན་པའི་གནད་ཀྱི་དོན་པོ་ཡང་ཡིན་སྲིད་ཅིང་། རང་ཉིད་ལའང་ཅི་ཞིག་གི་བློ་སྐྱེད་དང་ངེས་ཤེས་ཟབ་མོ་ཐོབ་པ་བདེན་པ་ཉིད་དོ། །
       གཞན་ཡང་། སྒྲུང་གཏམ་དུ་མི་ཞིག་ཡིན་ཙང་གཞོན་དུས་ནས་འདུན་མ་བརྟན་པོ་ཞིག་དང་དེའི་ཆེད་དུ་འབད་བརྩོན་ཆེན་པོ་ཞིག་བྱས་ན་རེ་བ་ལེགས་པོ་ཞིག་འགྲུབ་ངེས་པའི་གནས་ལུགས་ཤུགས་སྟོན་དང་། དེའི་ཞོར་ལ་འཇིག་རྟེན་མི་རྟག་པའི་ངོ་བོར་སྔ་མོ་ནས་ངེས་ཤེས་འདྲོང་པར་བྱས་ནས་མིག་སྔའི་དུས་ཚོད་ལ་གཅེས་འཛིན་དང་གམ་གྱི་ཉེ་མི་ལ་གཅེས་སྤྲས་བྱ་དགོས་པའི་གསལ་འདེབས་ཀྱང་ཞ་དང་ཞོར་ན་བྱས་ཡོད་པའི་སྣང་བ་བསྩལ་ཏོ། །
༢༠༢༢ལོའི་ཟླ༩ཚེས༢༧ཉིན།
འབྲེལ་ཡོད་འོས་སྦྱོར།