logo

དོ་སྐད་ཅིག་ལས་འཕྲོས་པའི་གཏམ། དོ་རྒྱ་བསོད་ནམས་ཚེ་རིང་།

རྩོམ་པ་པོ།:དོ་རྒྱ་བསོད་ནམས་ཚེ་རིང་། ཡོང་ཁུངས།:རྐང་ལམ་ཕྲ་མོ་འཕྲིན་སྟེགས། དུས་ཚོད།:2023-01-09 ཀློག་གྲངས།:
དོ་སྐད་ཅིག་ལས་འཕྲོས་པའི་སྐད་ཡིག་གི་གཏེར་ལེན་ཐབས་ཤིག།
དོ་རྒྱ་བསོད་ནམས་ཚེ་རིང་།

       གཅན་ཚའི་ཡུལ་ལ་མཚོན་ན། གཅན་ཚའི་ཐང་གཙོར་གྱུར་པའི་འབྲོག་སྐད་དང་། སྣང་ར་གཙོར་གྱུར་པའི་ཆུ་སྐད། སྐྱ་དོ་སྔོ་གསུམ་གཙོར་གྱུར་བའི་རོང་སྐད་ལས་གཞན་བོད་སྐད་ཡན་གར་བ་ཞིག་མེད་མོད། འོན་ཀྱང་། དོ་རྒྱ་ཚོ་བ་དྲུག་གི་སྐད་ལ་མཚོན་ན་རྗེས་འཇུག་གི་སྒྲ་ཤུགས་ཆེར་མི་ཐོན་པ་སོགས་ཀྱིས་གཅན་ཚ་བ་དག་གིས་དོ་སྐད་ཅེས་ཀུ་རེའི་ཚུལ་དུ་ལོགས་སུ་གཅོད་པར་བྱེད་དོ། །
       ཉེ་ཆར་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གུར་མགོན་སྐྱབས་ལགས་ཀྱི་དེབ་ཅིག་པར་དུ་བསྐྲུན་པར་དོ་རྒྱའི་ཞིང་བ་ཞིག་གིས་ཚར་གཅིག་ཉོས་ཏེ་བལྟས་ཀྱང་ནང་དོན་མ་གོ་བས། ཁོས་དོ་རྒྱའི་སྐད་འཕྲིན་ཚོགས་པ་ཞིག་ལ་བརྙན་དང་འགྲོགས་པའི་སྐད་ཅིག་བཞག་པ་ཁོ་བོས་གཅན་ཚའི་སྐད་ཡིག་སྐད་འཕྲིན་ཚོགས་པར་བཏང་ནས། དོ་རྒྱའི་ཞིང་བ་དེའི་སྐད་ཆ་ཡི་གེར་ཕབ་རོགས་ཞུས་པ་ལ། གཅན་ཚ་སྐྱ་རེངས་སློབ་གྲྭའི་སློབ་གཙོ་དགེ་བཟང་ལགས་ཀྱིས་ཡི་གེར་ཕབ་པ་ནི་འདི་ལྟ་སྟེ།
       “འོ་ཝེ་ཚོ། སྐྱ་རྒྱ་རུ་འོག་མའི་དགེ་རྒན་གུར་མགོན་སྐྱབས་ཀྱིས«སྤྲིན་གྱི་ཕོ་ཉའི་ཚིག་འགྲེལ་དང་ཀླུ་ཀུན་ཏུ་དགའ་བའི་ཟློས་གར་གྱི་མཆན་ཡིག»འདི་ངས་གཅིག་ཉོས་ཡོད། ངས་བབ་གི་བྱུང་གི་ཡིན་དཔོད་མིན་དཔོད་གཅིག་ཀྱང་མི་གོ་གི། ད་ཤོག་དང་བཙོང་། སྒོར་མོ་ལྔ་བཅུ་རྩ་ལྔ་ཡིན”ཞེས་པ་དང་།
       ཁོ་བོས་ཡི་གེར་ཕབ་པ་ནི། “འོ་ཝེ་ཡེ་ཆོ། སྐྱ་རྒྱ་རོག་མའི་དགེ་རྒན་གུར་མགོན་སྐྱབས་ཀི«སྤྲིན་གྱི་ཕོ་ཉའི་ཚིག་འགྲེལ་དང་ཀླུ་ཀུན་ཏུ་དགའ་བའི་ཟློས་གར་གྱི་མཆན་ཡིག»འདེ་ངས་གཅིག་ཉོས་བཞག་ཡོད་ད། ངས་བབ་གི་བྱུང་གི་ཡིན་ཝོན་མིན་ཝོན་གཅིག་ཀྱང་མི་གོ་གི། ད་ཤོག་དང་བཙོང་། སྒོར་མོ་ལྔ་བཅུ་རྩ་ལྔ་ཡིན”ཞེས་པ་འདི་རེད།
       ངེད་གཉིས་ཀྱིས་ཡི་གེར་ཕབ་པ་ལ་ཁྱད་པར་ཆེན་པོ་མེད་ཀྱང་། འདི་ནི་སློབ་གཙོ་དགེ་བཟང་དང་ངེད་གཉིས་ཀྱི་སྐད་ཡིག་གི་ཡོན་ཚད་སུ་བཟང་ལྟ་བ་མ་ཡིན་ལ། དགེ་རྒན་གྲགས་ཆེན་གུར་མགོན་སྐྱབས་ཀྱི་དེབ་ལ་དཔྱད་བརྗོད་གཏོང་བ་དེ་བས་ཀྱང་མ་ཡིན་པར། སྤྱིར་གངས་ཅན་བོད་པའི་སྐད་ཡིག་དང་སྒོས་སུ་གཅན་ཚའི་སྐད་ཡིག་གི་ཁྲིད་ཐབས་ལེགས་བསྒྱུར་ལ་ཕན་ཞིག་ཨེ་ཐོགས་བསམ་པ་དེ་ཡིན།
       གཞི་རིམ་བོད་ཡིག་དགེ་རྒན་ཁྲོད་དུ་སློབ་ཁྲིད་ལ་འདང་རྒྱག་ཡོད་མཁན་ཞིག་དང་གཞི་རིམ་སློབ་གཙོ་དགེ་བཟང་ལྟ་བུ་ཡིན་ན་ཁ་སྐད་དང་ཡིག་སྐད་ཀྱི་གནས་འགྱུར་དཀའ་ཁག་འདི་ལ་ནམ་ཡང་འཕྲད་འཕྲད་དུ་ཡོད།
       དེ་ཡང་སློབ་གཙོ་དགེ་བཟང་གིས་བཤད་པ་ནང་བཞིན། “སྐད་དང་ཡི་གེ་ལ་བྱང་ཆ་མེད་ན། སྐད་དེ་ཡི་གེར་ཕབ་མི་ཐུབ་ལ་ཡི་གེའི་དོན་སྐད་དུ་བརྗོད་མི་ཤེས། དེ་ནི་སྐད་ཡིག་དགེ་རྒན་ལ་མཚོན་ན་ངེས་པར་ཚང་དགོས་པའི་ཆ་རྐྱེན་ཅིག་ཡིན”ཞེས་པ་ནི་རྨད་དུ་བྱུང་བའི་ལེགས་བཤད་ཅིག་ཏུ་འཁུམས་ལ། བྱང་ཉི་མ་བླ་བྲང་གི་དགེ་བའི་བཤེས་གཉེན་ཀོའུ་བ་བརྩོན་འགྲུས་ཚང་གི་གསུང་བཤད་ཅིག་ཏུའང་། དགེ་རྒན་ཞིག་ཡིན་ན་སུམ་རྟགས་གསུམ་ཤེས་པ་ཁོ་ནས་མི་ཆོག་ཁ་སྐད་ལའང་མཁས་དགོས་ཞེས་པ་དང་དགོངས་པ་གཅིག་ཏུ་འབབ།
       དེ་བཞིན་དུ་འཕྲིན་གྲོགས་རྒུ་རུ་བ་རྡོའི་ལེགས་བཤད་ཅིག་ཡུན་རིང་ཉར་ཡོད་པ་སྟེ།“ཡིག་སྐད་ཀྱི་ཁུངས་ཁ་སྐད་ཡིན་ནི་རེད། ཐོག་མར་སྐད་བྱུང་། དེ་ནས་ཡི་གེ་བྱུང་བ་རེད། དེ་ནས་ཡུལ་གང་དེར་རིག་གནས་དར་སྔ་ན་དེ་ཀའི་སྐད་ཡི་གེར་འཁོད་པ་མང་བ་རེད། འུ་ཚོའི་ཡུལ་སྐད་མང་པོ་ཡི་གེར་འཁོད་མེད་པ་དེ་རིག་གནས་སམ་ཡི་གེ་དར་འཕྱི་བས་རེད། ཡང་གཅིག་བཤད་ན་ཡི་གེ་ཤེས་མཁན་ཉུང་སོང་བས་རེད”ཅེས་པའང་ཅི་མ་བདེན་སྙམ་བྱུང་།
       ཁོ་བོས་དོ་སྐད་ཅིག་ཡི་གེར་ཕབ་ཏུ་བཅུག་ཅིང་། རང་ཕྱོགས་ལ་སློབ་གཙོ་དང་། སྐད་ཡིག་དགེ་རྒན། དགེ་བའི་གཤེས་གཉེན་འཐེན་ནས་སྨྲ་འདོད་པ་ནི། ཁ་སྐད་སྤངས་པའི་ཕ་རོལ་ན་སྐད་ཡིག་བྱ་བ་ཞིག་ལོགས་ན་མེད་ཅེས་པ་དེ་སྟོན་འདོད་པ་ཡིན།
       དེ་ཡང་དགེ་རྒན་སྤྱི་དང་ཁྱད་པར་དུ་སློབ་གྲྭ་ཆུང་འབྲིང་གི་སྐད་ཡིག་དགེ་རྒན་ཚོས་གྲྭ་སའི་དགེ་བཤེས་ལྟར། “གྲོང་བའི་སྐད་ཀྱིས་ཆོས་འཆད་ན། །བསྟན་བཅོས་སྐད་ཀྱིས་ཅི་ཞིག་བྱ། །”ཞེས་པའི་གསེར་སྒ་དེ་བོང་བུའི་ཚུལ་དུ་གྱུར་པའི་སློབ་གྲྭ་ཆུང་འབྲིང་གི་སློབ་མ་རྣམས་ལ་ཁྱད་མེད་དུ་བསྟད་དྲགས་པས་བོང་བུ་མང་པོས་གསེར་སྒ་མ་ཁྱག་པར་ལོག་སོང་བ་རེད།
       དགེ་རྒན་དེ་དག་གིས་རང་གི་ཁོར་ཡུག་གི་ཕ་སྐད་དེ་སྐད་ཡིག་གི་གཏེར་ཁ་ཞིག་ཏུ་མ་མཐོང་བར་མ་ཟད། དེ་ལས་ལྡོག་སྟེ་མཁས་དབང་དགེ་ཆོས་སོགས་ཀྱིས་བོད་སྤྱི་ཡི་མཁས་པ་ལ་བཏོན་པའི་ལུང་བྱེ་བྲག་གི་སློབ་མའི་སྟེང་ལ་འགེལ་ཅི་ཐུབ་བྱེད་པ་སྟེ། ཁྱིམ་བདག་དང་བཅས་པའི་སློབ་མའི་ཁ་ནང་གི་སྐད་ཆ་ལ་ཁ་སྐད་དང་། ཡུལ་སྐད། ལུང་སྐད། རོང་སྐད། ཆུ་སྐད་སོགས་ཀྱི་དམན་ཚིག་སྦྱར་ཏེ་སྤང་བྱར་ངོས་བཟུང་བ་ན། སློབ་མ་ཁྱིམ་བདག་དང་བཅས་པས་རང་གི་ཁ་སྐད་ཆུ་བཞུར་བ་བཞིན་བཤད་ཐུབ་པའི་ཡོན་ཏན་དེ་མ་བསམ་ས་ནས་ཉེས་སྐྱོན་ཞིག་ཏུ་འགྱུར་སོང་བས། དགེ་རྒན་གྱི་མདུན་ནས་བོད་སྐད་སྨྲ་བའི་སྤོབས་པ་བག་ལ་ཞ་བར་གྱུར་ཅིང་། ལྷག་པར་དུ། སློབ་མས་རང་གི་ཁ་སྐད་སྐྱོན་དུ་མཐོང་བ་དང་མཉམ་དུ་དགེ་རྒན་ཐབས་དམན་པ་འགས་ཁ་སྐད་ཀྱིས་ཚིག་སྒྲིག་མི་ཆོག་པའི་བཀའ་རྒྱ་བསྒྲགས་པས། སློབ་མ་ཚོས་བོད་ཡིག་གི་ཚིག་སྒྲིག་དཀའ་བ་དང་། ཚིག་སྒྲིག་མི་ཤེས་པ། ཚིག་ལ་རྒྱ་ཡིག་བསྲེས་པ། རྒྱ་ཡིག་ནས་བསྒྱུར་པ་སོགས་ཀྱི་ཐབས་ལོག་པ་དང་ཐབས་དཀའ་བ་སྤྱོད་པའི་དོན་དངོས་འདི་བྱུང་བ་རེད།
       དེ་ནི་དཔེ་ཞིག་བཞག་ན། བྱིས་པ་ལངས་ནས་འགྲོ་བའི་དམིགས་ཡུལ་འགྲུབ་དགོས་ན། ཐོག་མར་གོག་ནུར་བྱེད་པའི་ཐབས་ལ་བརྟེན་དགོས་ཀྱང་། ཕ་མ་ཨ་གསར་འགའ་ཞིག་གིས་ཚན་རིག་ཡིན་ཞེས་བྱིས་པ་འཁོར་ལོ་ཞིག་ལ་བཅུག་བཅུག་མཐར། མཇུག་མཐར་བྱིས་པ་གཞན་ལ་མ་བརྟེན་པར་འགྲོ་མི་ཤེས་པ་དང་། གལ་ཏེ་འགྲོ་ན་རྐང་པའི་སྔུན་རྟིང་མགོ་ནས་བླུན་འགྲོ་སྟེག་པའི་སྣང་ཚུལ་བྱུང་བ་དང་ཤིན་ཏུ་མཚུངས་སོ། །
       དགེ་རྒན་ལ་ལ་གནད་དོན་དེར་གཏན་ནས་བསམ་བློ་འཁོར་མ་མྱོང་ཞིང་། རང་ཉིད་ཀྱིས་རྩོམ་ཡིག་བྲིས་མ་མྱོང་བས་འདི་ནི་མཐའ་གཅིག་ཏུ་སྐད་ཡིག་སློབ་གསོ་ཁྲོད་ཀྱི་ཉམས་ཞིབ་ལྷག་མ་ཞིག་ཏུ་མཐོང་བས་དང་དུ་ལེན་མི་སྲིད་པར་མ་ཟད། ཐ་ན་ཁོ་བོར་བོད་ཆོལ་ཁ་གསུམ་གྱི་སྤྱི་སྐད་སྤྱི་ཡིག་བརླགས་པའི་ཉེས་པ་འདྲ་འགེལ་བར་བྱེད་མོད། ཁོ་བོས་བལྟས་ན། ད་སོ་མ་བོད་སྐད་ཨེ་ཤོད་དང་བོད་རྩོམ་ཨེ་ཕྲིས་ལ་བརྩོན་པའི་གསར་སློབ་པ་དག་ལ། བོད་ཀྱི་སྤྱི་སྐད་ཆགས་པའི་ཁག་ལྗིད་མོ་འགེལ་མི་དགོས་ཏེ། དེ་ནི་ལུས་རྩལ་པ་ཞིག་ཡིན་པའི་དབང་དུ་བཏང་ན། ད་དུང་འཛིན་གྲྭ་རིམ་པའི་ལུས་རྩལ་པ་ཞིག་ཨེ་ཉན་ལྟ་བཞིན་པའི་སྒང་ཡིན་པ་ལས། སློབ་གྲྭ་རིམ་པ་དང་། རྫོང་རིམ་པ། ཁུལ་རིམ་པ། ཞིང་ཆེན་རིམ་པ། རྒྱལ་ཁབ་རིམ་པ། རྒྱལ་སྤྱིའི་རིམ་པའི་ལུས་རྩལ་པ་ཞིག་ཆགས་མེད་པས་རིམ་པ་ལས་བརྒལ་བའི་ཚད་གཞི་དང་རེ་བ་འདོན་མི་དགོས་པ་ཇི་བཞིན་ནོ། །
       དེ་ཡང་ཡིན་ཏེ། རྩོམ་པ་པོ་ཆེ་འབྲིང་ཆུང་གསུམ་དང་། རབ་འབྲིང་ཐ་གསུམ། ཀློག་པ་པོ་ཡོད་མེད་སོགས་རིམ་པ་མང་པོ་ཡོད་ལ། སློབ་མའི་རྩོམ་ཡིག་གི་ཀློག་པ་པོ་ནི་དགེ་རྒན་ཁོ་ན་ཡིན། དེ་བས་ཐོག་མར་དགེ་རྒན་གྱིས་གོ་བའི་རྩོམ་ཞིག་བྲིས་པས་ཆོག་གོ། ཐོག་མ་ཉིད་ནས་བོད་སྤྱིས་གོ་བའི་རྩོམ་ཞིག་འབྲི་ཨེ་ཤེས་ལྟ་དགོས་དོན་མེད། མཐར་གཏུགས་ན་ཁ་སྐད་ཇི་མ་ཇི་བཞིན་ཡི་གེར་ཕབ་པ་དེ་ཡང་རྩོམ་འབྲིའི་ཐབས་ལམ་མཆོག་ཏུ་གྱུར་པ་ཞིག་ཡིན། གལ་ཏེ་སུ་ཞིག་གིས་རྣ་བར་མི་འགྲོ་ན། ཁྱེད་ཀྱིས་དོ་རྒྱའི་ཞིང་བ་དེའི་སྐད་ཆ་དུམ་བུ་དེའམ་ཡང་ན་རང་གི་ཨ་མས་བཤད་པའི་གནའ་གཏམ་ཞིག་ཡི་གེར་ཕོབས་དང་རང་གི་སྐད་ཡིག་གི་ཡོན་ཚད་ཀྱི་དེ་ཉིད་གསལ་པོར་ཤེས་ནས་འོང་ངོ་། །
       ཁོ་བོས་ཀྱང་དམིགས་བསལ་མིན་ན་ཁ་སྐད་ཇི་མ་ཇི་བཞིན་ཡི་གེར་ཕབ་ནས་རྩོམ་འབྲི་བ་དང་དེབ་བཟོས་ནས་འཛམ་གླིང་ལ་བཀྲམས་པའི་རྨོངས་གཏམ་ག་ལ་བཤད་དེ། ཁ་སྐད་ཡི་གེར་ཕབ་པའི་རྩོལ་བ་དེ་སྐད་ཡིག་གི་ནུས་པ་བསྐྱེད་བསྲིངས་པའི་ཐབས་བཀོད་མེད་དུ་མི་རུང་བ་ཞིག་ཏུ་ངོས་འཛིན་དང་ལག་ལེན་གྱི་དབང་གིས་ཡིན་ནོ། །
       ད་ནི་དོ་སྐད་དུམ་བུ་དཔེར་དྲངས་ཏེ་རང་གི་བསམ་ཚུལ་ཞིག་སྨོས་ན།
       ༡ ཁ་སྐད་ཇི་མ་ཇི་བཞིན་ཡི་གེར་ཕབ་ན།
       འོ་ཝེ་ཡེ་ཆོ། སྐྱ་རྒྱ་རོག་མའི་དགེ་རྒན་གུར་མགོན་སྐྱབས་ཀི«སྤྲིན་གྱི་ཕོ་ཉའི་ཚིག་འགྲེལ་དང་ཀླུ་ཀུན་ཏུ་དགའ་བའི་ཟློས་གར་གྱི་མཆན་ཡིག»འདེ་ངས་གཅིག་ཉོས་བཞག་ཡོད་ད། ངས་བབ་གི་བྱུང་གི་ཡིན་ཝོན་མིན་ཝོན་གཅིག་ཀྱང་མི་གོ་གི། ད་ཤོག་དང་བཙོང་། སྒོར་མོ་ལྔ་བཅུ་རྩ་ལྔ་ཡིན།
       ༢ ཁ་སྐད་དེ་ཡིག་སྐད་དུ་ཕབ་ན།
       འོ། ཝ་ཡེ་ཚོ། སྐྱ་རྒྱ་རུ་འོག་མའི་དགེ་རྒན་གུར་མགོན་སྐྱབས་ཀྱི«སྤྲིན་གྱི་ཕོ་ཉའི་ཚིག་འགྲེལ་དང་ཀླུ་ཀུན་ཏུ་དགའ་བའི་ཟློས་གར་གྱི་མཆན་ཡིག»འདི། ངས་གཅིག་ཉོས་བཞག་ཡོད་ཀྱང་། ངས་བབ་གི་བྱུང་གི་ཡིན་གོ་མིན་གོ་གཅིག་ཀྱང་མི་གོ་གི། ད་ཤོག་དང་བཙོང་། སྒོར་མོ་ལྔ་བཅུ་རྩ་ལྔ་ཡིན།
       ༣ སློབ་ཆུང་ལོ་རིམ་གསུམ་པའམ་སློབ་ཆུང་གིས་དང་པོ་ཁ་སྐད་ཇི་བཞིན་ཡི་གེར་ཕབ་པའི་ཐབས་འདིར་བརྟེན་ནས་སྦྱངས།
       འོ་ཝེ་ཡེ་ཆོ། སྐྱ་རྒྱ་རོག་མའི་དགེ་རྒན་གུར་མགོན་སྐྱབས་ཀི«སྤྲིན་གྱི་ཕོ་ཉའི་ཚིག་འགྲེལ་དང་ཀླུ་ཀུན་ཏུ་དགའ་བའི་ཟློས་གར་གྱི་མཆན་ཡིག»འདེ་ངས་གཅིག་ཉོས་བཞག་ཡོད་ད། ངས་བབ་གི་བྱུང་གི་ཡིན་ཝོན་མིན་ཝོན་གཅིག་ཀྱང་མི་གོ་གི། ད་ཤོག་དང་བཙོང་། སྒོར་མོ་ལྔ་བཅུ་རྩ་ལྔ་ཡིན།
       ༤ རིམ་བཞིན་སློབ་ཆུང་ལོ་རིམ་དྲུག་པའམ་དམའ་འབྲིང་གིས་ཡི་གེར་ཕབ་ན།
       འོ། ཝ་ཡེ་ཚོ། སྐྱ་རྒྱ་རུ་འོག་མའི་དགེ་རྒན་གུར་མགོན་སྐྱབས་ཀྱི«སྤྲིན་གྱི་ཕོ་ཉའི་ཚིག་འགྲེལ་དང་ཀླུ་ཀུན་ཏུ་དགའ་བའི་ཟློས་གར་གྱི་མཆན་ཡིག»འདི། ངས་གཅིག་ཉོས་བཞག་ཡོད་ཀྱང་། ངས་བབ་གི(བབ་གི་ཞེས་པའི་དག་ཆ་ཤེས་མ་བྱུང)བྱུང་གི་ཡིན་གོ་མིན་གོ་གཅིག་ཀྱང་མི་གོ་གི། ད་ཤོག་དང་བཙོང་། སྒོར་མོ་ལྔ་བཅུ་རྩ་ལྔ་ཡིན།
       ༥ ད་དུང་དམའ་གསུམ་མམ་མཐོ་འབྲིང་ཚིགས་བཅད་དུ་ཕབ་ཚུལ་སྦྱངས་ན།
       ཝ་ཡེ་དྲྭ་གྲོགས་རྣམ་པ་ཚོ།།
       སྐྱ་རྒྱ་རུ་ཡི་འོག་མ་ཡི།།
       དགེ་རྒན་གུར་མགོན་སྐྱབས་ལགས་ཀྱི།།
       «སྤྲིན་གྱི་ཕོ་ཉའི་ཚིག་འགྲེལ»དང་།།
       «ཀླུ་དགའི་ཟློས་གར་མཆན་ཡིག»དེབ།།
       ཁོ་བོས་ཚར་གཅིག་ཉོས་མོད་ཀྱང་།།
       ནང་དོན་གཏན་ནས་མི་གོ་བས།།
       ད་ནི་ཤོག་དང་བཙོང་རྒྱུ་ཡིན།།
       རིན་སྒོར་ལྔ་བཅུ་རྩ་ལྔ་ཡིན།།    
       ༦ གཞན་ཡང་དགེ་རྒན་རྩོམ་འབྲིའི་ཐབས་ལ་མཁས་ན་མཐོ་འབྲིང་དང་སློབ་ཆེན་ནས་བརྡ་སྦྱོར་དང་། སྙན་ངག། ལྷུག་རྩོམ། ཟློས་གར་གྱི་ཚིག་སོགས་ལ་བསྒྱུར་ཏེ་སྦྱངས་པས་འཐུས་སོ།།
       འདིར་གསལ་བཤད་བྱེད་རྒྱུ་ཞིག་ལ། ཝེ་ཡེ་ཆོ་ནི་ཝ་ཡེ་ཚོ་ཡིན་པ་ནི་ཝ་ཡེའི་ཡེ་ཡི་འགྲེང་བུ་ཝ་ཐོག་ཏུ་ཕྱིན་པ་ཁ་གོང་ལ་རྒྱ་ལ་ཁོག་ཝོང་ལ་རྒྱ་ཞེས་པ་ལྟ་བུ་དང་། ངེད་ཚོ་ལ་ངིད་ཆོ་ཟེར་བ་བཞིན་དང་། ཡིནད་ཝོད་མིནད་ཝོད་དང་ཡ་ཝོག་མ་ཝོག་ལ་ཡིན་གོ་མིན་གོ་ཞེས་བྲིས་ཆོག་པ་ནི་མོ་ཡི་ཡི་གེ་ག་ཡི་རྩ་བའི་ང་རོ་འ་དང་། འ་དང་ཝ་ཕན་ཚུན་བརྗེས་པའི་ཚུལ་རྣམས་ཤེས་གལ་ཆེ་སྟེ། མན་ངག་འདིའི་རིགས་མི་ཤེས་པ་དག་གིས་ཁ་སྐད་ཅེས་མཐའ་གཅིག་ཏུ་གཡུགས་རྐྱང་བྱེད་པའི་ཉེན་ཁ་ཆེའོ། །
       ཁོ་བོའི་དྲན་ཚུལ་ནི། དགེ་རྒན་རང་ཉིད་ཨ་མདོའི་དགེ་རྒན་ཡིན་ན་ཨམ་སྐད་ཡིག་སྐད་དུ་ཇི་ལྟར་ཕབ་ཚུལ་རྒྱུ་མཚན་དང་བཅས་པས་སློབ་མར་ཁྲིད་དགོས་ལ། སློབ་ཚན་གྱི་ནང་དོན་ཁ་སྐད་དུ་རྒྱུ་མཚན་དང་བཅས་པས་བཀྲལ་ནས་སློབ་མར་འཁྲིད་དགོས། དེ་བཞིན་དུ་སློབ་མ་འབྲོག་པ་དང་། རོང་པ། ཆུ་མ་གང་ཡིན་ན་དེ་དག་གི་སྐད་ཆ་ཡི་གེར་ཕབ་ཚུལ་དང་ཡི་གེ་ཁ་སྐད་དུ་འགྲེལ་ནས་ཁྲིད་པའམ་བསླབས་པ་ལས། རང་གི་ཕ་སྐད་རྩིབ་ནས་བཞག་སྟེ་དབུས་གཙང་གི་སྐད་ཉི་ཚེ་བ(རང་གི་ལེགས་པོ་ཞིག་བཤད་མི་ཤེས་པའི་ཆ་ནས)ཞིག་ལ་མགོ་འཁོར་བར་བྱ་མི་རུང་སྙམ་མོ། །
       དེ་ཡང་ཡིན་ཏེ། ཨ་མདོའི་མིང་དུ་གྲགས་པའི་རྩོམ་པ་པོ་དག་གིས་ཀྱང་རང་གི་ཉེ་འཁོར་གྱི་ཕ་སྐད་དམ་ཁ་སྐད་དག་གཡས་བསྐྱུར་གཡོན་བསྐྱུར་དང་། གསར་བཟོ་གསར་བསྒྱུར་བྱས་ཏེ་བྲིས་པའི་རྩོམ་ལེགས་པོ་དག་ཀྱང་དབུས་གཙང་པའི་ལག་ཏུ་སོན་ན་ནང་དོན་མ་གོ་བས་གཡས་གཏུབ་གཡོན་གཏུབ་བྱས་དང་བྱེད་བཞིན་པ་འདི་རེད། གལ་ཏེ་དོན་དངོས་འདི་རྣར་མི་འགྲོ་ན། རྩོམ་པ་པོ་གྲགས་ཆེན་ཚེ་རིང་དོན་གྲུབ་ཀྱི«Dསྡེ་བའི་ཀླན་ཀ»(དབུས་གཙང་གི«Dསྡེ་བའི་ཀླན་ཀ»)དང་། རྡོ་རྗེ་རིན་ཆེན་གྱི«ཨ་མའི་སེམས»སོགས་ཀྱི་མདོ་དབུས་གཉིས་ཀྱི་སློབ་ཚན་ཕན ཚུན་བསྡུར་ནས་ལྟོས་དང་ར་སྤྲད་ནས་འོང་ངོ་། །
       ད་ནི་དགེ་རྒན་དག་གིས་ཁ་སྐད་ཞིབ་འཇུག་པ་ཀུན་ཁྱབ་ཀླུ་བྱམས་ཀྱི་ཁ་སྐད་ཞིབ་འཇུག་གི་འབྲས་བུ་ལ་སྙིང་ཁྲལ་གཏོང་བཞིན། ཁ་སྐད་སྤངས་ཏེ་ཡིག་སྐད་རྡོག་རྡོག་ཅིག་ལ་རེ་ནས་སློབ་མ་དང་བོད་ཡིག་འགྱེས་སུ་འཇུག་པའི་དུས་མ་ཡིན་པར། སློབ་མ་རྣམས་ལ་ལས་སླ་བོས་བོད་སྐད་ཤོད་དུ་འཇུག་པ་དང་། ལས་སླ་བོས་ཚིག་སྒྲིག་ཤེས་སུ་འཇུག་པ(ཚིག་སྒྲིག་ཐབས་ཤིག་ཁྲིད་རྒྱུ་ཡོད)། ལས་སླ་བོས་རྩོམ་འོས་མོ་རེ་འབྲི་ཤེས་སུ་འཇུག་པའི་ཚད་རེད། དེ་མིན་སེང་གེའི་ཁོག་པ་འབུས་ཟ་བ་བཞིན་སྐད་ཡིག་དགེ་རྒན་དག་གིས་སྐད་ཡིག་མི་བརླག་པའི་ངེས་པ་མེད་སྙམ་མོ། །
       མཇུག་མཐར། ཁ་སྐད་དང་ཁ་སྐད་ཁྲིད་པའི་དགེ་རྒན་དག་ལ་ལོ་གསར་པའི་ནང་ལ་མུ་མཐུད་དུ་བརྙས་བཅོས་མི་བྱེད་པའི་ཆེད་དུ། སེམས་དཔའ་ཆེན་པོ་འཇིགས་མེད་ཆོས་ཀྱི་དབང་པོའི་གསུང་ཚིག་ཅིག་སྟེ།
“ཕན་དང་སྒྲུབ་པ་ལྷུ་ལེན་དམ་པའི་གཞུང་།།
སྒྲ་དང་སྙན་ངག་ཚིག་གིས་མ་ཡིན་ཏེ།།
ཕལ་དང་གྲོང་པའི་ངག་གིས་ཡང་དག་ལམ།།
ལེགས་འདོམས་སེམས་དཔའ་རྣམས་ཀྱི་ཁྱད་ཆོས་ཡིན།།”
                                        ཞེས་པའི་ལེགས་སྐྱེས་ཤིག་དང་བཅས་རེ་ཞིག་ངལ་གསོ་བར་བྱའོ། །
༢༠༢༣.༡.༦
འབྲེལ་ཡོད་འོས་སྦྱོར།