གྱེར་འདོན་སྙན་ངག་གི་སྐོར་གླེང་བ།
རྩོམ་པ་པོ།:སྒོ་མེ་དཔལ་ཆེན་རྡོ་རྗེ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-01-11
ཀློག་གྲངས།:
༄༅། །སྙན་ངག་གྱེར་འདོན་གྱི་ཐབས་རྩལ་དང་གྱེར་བྱའི་ནང་དོན་གདམ་གསེས་བྱེད་སྟངས་སྐོར་མདོར་ཙམ་གླེང་བ།
སྒོ་མེ་དཔལ་ཆེན་རྡོ་རྗེ།
ནང་དོན་གནད་བསྡུས། དཔྱད་རྩོམ་འདིར་རྩོམ་པ་པོས་གྱེར་འདོན་གྱི་གོ་དོན་དང་བྱེད་ནུས་སོགས་གཞི་རྩའི་ཤེས་བྱ་འགའ་ཞིག་ངོ་སྤྲོད་བྱས་པ་བརྒྱུད་སྙན་ངག་གྱེར་མཁན་ཞིག་གིས་སྙན་ངག་གྱེར་འདོན་བྱེད་སྐབས་ཀྱི་ཐོག་མའི་གྲ་སྒྲིག་བྱེད་ཚུལ་གྱི་རིམ་པ་ལས། གྱེར་བྱའི་སྙན་ངག་འོས་འཚམ་ཞིག་ཇི་ལྟར་གདམ་གསེས་བྱེད་དགོས་པའི་སྐོར་ཅུང་ཙམ་གླེང་འདུག
བརྡ་ཆད་གཙོ་བོ། སྙན་ངག་གྱེར་འདོན། ཐབས་རྩལ། གདམ་གསེས་བྱེད་སྟངས།
གླེང་གཞི།
དེ་བཞིན་དུ་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་དེང་རབས་རིག་གནས་གང་ཡིན་ཡང་གྱེར་འདོན་གྱི་གཞུང་ལུགས་དང་དཔྱད་པ་བཏང་བའི་རྩོམ་ཡིག་ཧ་ཅང་ཉུང་ལ། ཡོད་པ་དག་ཀྱང་གནའ་བོའི་ཆོས་ལུགས་ཀྱི་ཆོ་གའི་གྱེར་ཚིག་དང་བསང་མཆོད་ཀྱི་བསྐོར་ལ་བྲིས་གནང་མཛད་པ་ལས་མེད་པས། དེང་སྐབས་ཀྱི་སྤྱི་ཚོགས་སུ་འདི་དང་འདི་ལྟ་བུའི་རྒྱུགས་ཆེ་བའི་རིག་ཚན་ཁ་ཤས་གསར་སྣོན་དང་དཔྱད་ཞིབ་བྱས་ནས་འཐུས་ཇེ་ཚང་དུ་བཏང་བ་ཡིན་ན་བོད་ཀྱི་རིག་གནས་ཡག་ཐོག་ཡག་བརྩེགས་དང་མཐུས་ཇེ་ཚང་དུ་བཏང་བ་རེད།
དང་པོ། གྱེར་འདོན་རགས་བཤད།
གཅིག གྱེར་འདོན་གྱི་གོ་དོན།དེ་ཡང«གྱེར་འདོན་གྱི་སྐད་ཆའི་ཐབས་རྩལ་དང་ལག་ལེན»ལས། རྒྱ་ཡིག་གི“གྱེར”ནི་ཀློག་པའི་དོན་ལ་འཇུག “གྱེར”དང“ཀློག”ནི་དོན་གཅིག་མིང་གི་རྣམ་གྲངས་ཡིན་པར་བརྗོད་ལ།[2] «དེང་རབས་རྒྱ་ཡིག་ཚིག་མཛོད»ནང་དུ། “ཡི་གེ་ཀློག་པའི་སྒྲ”ལ་གོ་དགོས།[3] ཀློག་འདོན་དང་གྱེར་འདོན་གཉིས་ངོ་བོའི་སྟེང་ནས་མི་འདྲ་རུང་། སྤྱིར་བཏང་དོན་གཅིག་ལ་སྦྱོར་རུང་ངོ་།། «དག་ཡིག་གསར་བསྒྲིགས»ལས“གྱེར”ནི་དབྱངས་ངེས་ཅན་ལ་བརྟེན་ནས་ཚིག་འདོན་པའི་དོན་ལ་བྱ།[4]ཞེས་གྱེར་འདོན་ཞེས་པ་ནི་གྱེར་བྱའི་བརྩམས་ཆོས་གང་དེའི་ཕུག་ན་ཡོད་པའི་རྩོམ་པ་པོའི་བསམ་བློ་དང་བརྩེ་དུང་། ཡང་ན་དགའ་སྐྱོ་ཆགས་སྡང་སོགས་གྱེར་མཁན་གྱིས་ངག་གི་ལམ་ནས་ཚིག་གི་གཅོད་མཚམས་དང་། དབུགས་ཀྱི་ལེན་སྟངས། ཉམས་འདོན་ཚུལ་སོགས་ལ་བརྟེན་ནས་ཕ་རོལ་པོར་བརྡ་གསལ་པོར་སྤྲོད་ཐུབ་པ་ཞིག་དང་། ཡང་ན་མཛེས་རྟོག་གིས་ཕྱུག་པའི་རྩོམ་རིག་བརྩམས་ཆོས་དེ་ངག་གི་ལམ་ནས་མཚོན་པར་བྱེད་པའི་སྒྱུ་རྩལ་གྱི་ཁྱད་ཆོས་དང་ལྡན་པ་ཞིག་ལ་བྱ།
གཉིས། གྱེར་འདོན་གྱི་བྱུང་འཕེལ།
འདིར་གྱེར་འདོན་གྱི་བྱུང་འཕེལ་མདོར་ཙམ་བརྗོད་པར་བྱ་བ་ལ། འཛམ་གླིང་སྤྱིའི་དར་འཕེལ་གྱི་གནས་ཚུལ་ག་འདྲ་ཡིན་པར་དཔྱད་གཞིའི་ཡིག་ཆ་ཁུངས་ཐུབ་ཅིག་ལག་སོན་མ་བྱུང་ཡང་། ཨ་རིའི་རྩོམ་པ་པོ་སོའུ་ཧྲན་སྲ་མའོ་སི་བེ་ལེ་ཐི(SusanB.ASonmers-Willett)ཡི«poety Grand Susan»ཞེས་པའི་ནང་། “ཡི་གེ་མ་བྱུང་བའི་སྔོན་གྱི་སྐད་བརྡ་ལ་བརྟེན་ནས་ཕན་ཚུན་བར་གོ་བརྡ་སྤྲོད་སྐབས་ནས་གྱེར་འདོན་གྱི་འགོ་ཚུགས་ཡོད་ཚུལ་བརྗོད་པ་དང་། སྤྱི་ལོ༡༩༨༨ལོར་ཨ་རིའི་ཀྲི་ཅ་ཀོའུ་གྲོང་ཁྱེར(Chicago)དུ་དར་སྤེལ་བྱེད་འགོ་ཚུགས་ལ། ཐོག་མའི་རྣམ་པ་ནི་འཁྲབ་སྟོན་བྱེད་སྐབས་དེར་རམ་འདེགས་བྱེད་སྤྱད་ཙམ་ཡིན། དེའི་རྗེས་སུ་ཚོགས་པ་བཙུགས་ནས་མི་འགའ་རེས་ལྷན་གཅིག་ཏུ་གྱེར་འདོན་བྱེད་པའི་རྣམ་པ་ནས་རིམ་བཞིན་འཕེལ་རྒྱས་སུ་ཕྱིན་པ་ཞིག་ཡིན།”[5]ཞེས་གསུངས་ཡོད།
རྒྱ་ནག་གི་ལོ་རྒྱུས་ནང་ལྟར་ན། ལོ་ངོ་སྟོང་ཕྲག་འགའི་ལོ་རྒྱུས་ཡོད་པར་བརྗོད། དེ་ཡང«གྱེར་འདོན་གྱི་སྐད་ཆའི་ཐབས་རྩལ་དང་ལག་ལེན»ལས། “མིན་ཙིའི་གསུང་སྒྲོས་ལས་སྙན་ངག་གྱེར། དཔེ་ཆ་ཀློག”[6]ཅེས་པ་ལས་ཆིན་རྒྱལ་རབས་གོང་གི་དུས་སྐབས(ཁྲུན་ཆིའུ་ཀྲན་གོའི་དུས་སྐབས)ནས་སྙན་ངག་གྱེར་འདོན་བྱེད་ཚུལ་དར་ཡོད་པ་ཤེས་ཐུབ་ལ། དེའི་རྗེས་ཀྱི་ཧན་གྱི་གླུ་དང་ཐང་གི་སྙན་ངག སུང་གི་སྙན་ཚིག་སོགས་ནི་ད་ལྟའང་ཁ་ནས་ཀློག་བདེ་བ་དང་གྱེར་འདོན་སྙན་ངག་ཕུལ་དུ་བྱུང་བ་དག་ཡིན་པས་མང་པོས་བསྔགས་བརྗོད་བྱེད་བཞིན་མཆིས།
བོད་རང་གི་ཡིག་ཆ་དག་གཞིར་བཟུང་ནས་བརྗོད་ན་གྱེར་འདོན་ནི་གདོད་མའི་ཆོས་ལུགས་ཀྱི་ཆོ་ག་སྒྲུབ་པའི་ལུགས་སྲོལ་བྱུང་བ་ནས་དར་བར་བརྗོད་ན་མི་འགྲིག་པ་མེད་དེ། «ཡུལ་ལྷ་གསོལ་བ་དང་ཤུག་བསང་གཏོང་བའི་སྲོལ་ལ་དཔྱད་པ»ལས། རིགས་ཀྱི་ནི་ལྷ་བདར་བ། །ཁུངས་ཀྱི་ནི་སྨྲང་གྱེར་རོ། །[7]ཞེས་དང་། «རླུང་རྟའི་ཀྭ་འཛུགས་བསོད་ནམས་དཔུང་བསྐྱེད»ལས། ཉིན་གསུམ་ཉིན་ལ་ཆས་སུ་བསགས། །མཚན་གསུམ་མཚན་ལ་སྨྲང་དུ་གྱེར། །[8]ཞེས་འབྱུང་བ་ལས། ཆོ་གའི་གྱེར་ཚིག་དེ་རིགས་ལྷ་ཀླུ་འབོད་སྐུལ་གྱི་རྣམ་པ་ནས་རིམ་གྱིས་འཕེལ་འགྱུར་བྱུང་ནས་ཆོ་གའི་གྱེར་ཚིག་ཡོད་པའི་ངག་རྩོམ་གྱི་རྣམ་པར་གྱུར་བ་རེད། ཡང«མདོ་གཟེར་མིག»ལས། བོན་སླ་འགྱུར་གྱི་སྡེ་ནི། ཆབ་ནག་སྲིད་པ་རྒྱུད་ཀྱི་བོན་གྱེར་བ་ལ་སྤྲོའོ། །[9]ཞེས་འབྱུང་བ་དག་ལ་གཞིགས་པས་ཀྱང་བོད་ལ་གྱེར་ཞེས་པའི་མིང་བརྡ་འདི་བྱུང་སྔ་བ་དང་གྱེར་ཚིག་ཀྱང་བྱུང་སྔ་བ་ར་སྤྲོད་བྱེད་ནུས་སོ། །
གསུམ། གྱེར་བྱའི་རྩོམ་ལུས།
བོད་ཀྱི་གནའ་བོའི་ཆོས་འབྱུང་དག་ལས་བྱུང་བའི་ཆོ་གའི་གྱེར་ཚིག་ནི་ཚིགས་བཅད་ཀྱི་ལུས་གཙོ་བོ་ཡིན་ཞིང་ད་ལྟའི་གྱེར་བྱའི་རྩོམ་ལུས་ལ་རང་མོས་སྙན་ངག་དང་ལྷུག་རྩོམ་མང་ཆེ་ཞིང་བཅད་མའི་ལུས་ཀྱང་གཏན་ནས་མེད་པ་ཞིག་མ་ཡིན། དེ་ནི་གནའ་བོའི་ཆོ་གའི་གྱེར་ཚིག་དག་ནི་གཙོ་བོ་ལྷ་ཀླུར་གསོལ་མཆོད་བྱེད་ཆེད་དུ་བཞེངས་པ་ཡིན་པས་འདོན་རྟར་འབྲེལ་བ་ངེས་ཅན་ལྡན་ཞིང་ད་ལྟའི་ཆོས་ལུགས་ཆོ་གའི་འདོན་རྟ་དང་ཕལ་ཆེར་གཅིག་མཐུན་དུ་འདུག་པ་དང་སྲོལ་རྒྱུན་སྙན་ངག་གི་རྩོམ་ལུས་རྒྱུགས་ཆེ་བས་ཡང་ཡིན་པར་འདོད། དེང་གི་སྙན་ངག་གྱེར་མཁན་མང་ཆེ་བས་རང་མོས་སྙན་ངག་དང་ལྷུག་རྩོམ་གདམ་པ་མང་ལ་དེ་ནི་གཙོ་བོ་ཉན་མཁན་ཕ་རོལ་པོར་གོ་བརྡ་སྤྲོད་བདེ་བ་དང་གྱེར་མཁན་གྱི་ཁ་ལ་ལེན་བདེ་བ། སྒྲ་གདངས་དང་ཚོར་བའི་ཀློང་ལ་སིམ་བདེ་བའི་ཆེད་དུ་ཡིན་པ་དང་། དེང་རབས་གྱེར་འདོན་གྱི་ལུགས་སྲོལ་ཕལ་ཆེ་བ་དང་གཅིག་གྱུར་གྱི་ལམ་དུ་ཞུགས་རྐྱེན་ཡང་ཡིན་པར་འདོད། དེ་ན་དེང་གི་སྙན་ངག་གྱེར་འདོན་ནི་མཛེས་རྟོག་གིས་ཕྱུག་པའི་རྩོམ་རིག་བརྩམས་ཆོས་ཞིག་ངག་གི་སྒྱུ་རྩལ་ལ་བརྟེན་ནས་ཉན་མཁན་ཕ་རོལ་པོར་རོལ་མྱོང་བྱེད་དུ་འཇུག་པའི་ངག་ཐོག་བྱེད་སྒོ་ཞིག་ཡིན་ལ། གྱེར་བྱའི་བརྩམས་ཆོས་ནི་རྩོམ་རིག་གི་ཁོངས་སུ་གཏོགས་པའི་སྙན་ངག(ཚིགས་བཅད་སྙན་ངག་དང་རང་མོས་སྙན་ངག)དང་ལྷུག་རྩོམ་ཡིན་ཆོག་ལ། ད་རུང་རྩོམ་ལུས་གཞན་པའི་བརྩམས་ཆོས་དག་གྱེར་འདོན་གྱི་དགོས་མཁོར་དམིགས་ནས་རྩོམ་ལུས་ལ་བཟོ་བཅོས་བརྒྱབ་སྟེ་གྱེར་འདོན་བྱེད་པའང་ཡོད།
བཞི། སྒྲའི་འབྱིན་ལུགས།
གྱེར་འདོན་མཁན་དང་སྙན་སྒྲོན་མཁན་གང་ཡིན་ཡང་ཡིག་ཐོག་གི་སྐད་ཆ་དེ་ཡང་བསྐྱར་སྐྱེ་གནས་བརྒྱད་ཀྱི་ཡོན་ཏན་ལ་བརྟེན་ནས་ངག་ཐོག་གི་སྐད་ཆར་ཕབ་སྐྲུན་བྱེད་སྐབས་སྒྲའི་འབྱིན་ལུགས་དེ་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་ཀྱི་སྐད་ཆ་བཤད་སྟངས་དང་མི་འདྲ། དེ་ནི་རྗོད་བྱེད་ཚིག་དང་བརྗོད་བྱའི་དོན་གྱི་མཛེས་པ་དང་ཚོར་བར་བརྒྱུས་པའི་བརྩེ་བའི་འདེགས་འཇོག་ལས་སྐད་གདངས་མཐོར་འདེགས་དམར་འབེབས་ཀྱི་འགྱུར་ཁུགས་ལ་བརྟེན་ནས་ནང་སེམས་ཀྱི་འགྱུར་བའི་ཉམས་དག་ཕྱི་རུ་འབྱིན་པ་ཡིན།
དེ་ཡང་སློབ་དཔོན་ཐོན་མིས། “དང་པོ་ང་རོ་རྣམས་ལ་སྦྱང་།”[10]ཞེས་པ་ལྟར་ཐོག་མར་བོད་ཀྱི་བརྡ་སྤྲོད་གཞུང་གི་སྒྲའི་སྐྱེ་གནས་ལས་སྒྲ་འབྱིན་ལུགས་ལ་སློབ་སྦྱོང་ཡག་པོ་བྱས་ནས་ཡི་གེ་སོ་སོའི་སྐྱེ་གནས་དང་མཐུན་པ། དབྱངས་ལྡན་རྣམས་ཀྱང་སོ་སོའི་ང་རོ་དབྱུང་ཚུལ་སོགས་སྒྲ་གདངས་དག་མོ་ཞིག་འབྱིན་ཤེས་དགོས། དེ་ནས་གྱེར་མཁན་གྱིས་རང་གི་སྐད་གདངས་ཀྱི་ཆ་རྐྱེན་དང་ཁྱད་ཆོས་དག་རྨང་གཞི་བྱས་ཐོག་འོས་ཤིང་འཚམ་པའི་སྦྱོང་བ་དང་རིམ་གྱིས་ཇེ་རྒྱས་ཇེ་ལེགས་སུ་གཏོང་བའི་གོ་རིམ་བརྒྱུད་དགོས། གྱེར་མཁན་སོ་སོས་སྐད་གདངས་མཐོན་པས་ཀྭི་འདེབས་པ་ལྟ་བུ་དང་ལད་ཟློས་ཁོ་ནས་ལས་ལ་མི་གཞོལ་བར་རང་གི་ཁྱད་ཆོས་རྨང་གཞིར་བཟུང་ཐོག་ཕ་རོལ་པོའི་སྐད་གདངས་འབྱིན་ལུགས་དེ་གཞི་གང་ནས་ཚུལ་ཇི་ལྟར་ཐོན་པར་བྱས་པ་དང་། ལྷག་པར་སྐད་གདངས་ལས་སྦྲུམ་པའི་བསམ་བློའི་བརྩེ་དུང་གི་འགྱུར་བར་རྟོག་འཇུག་བྱེད་པ་གལ། མདོར་ན་གྱེར་མཁན་གྱི་སྐད་གདངས་ནི་རེངས་འཁུམ་དུ་གྱུར་པ་ཞིག་མ་ཡིན་པར་སྐབས་བབ་གྱེར་བྱའི་དོན་དང་བསྟུན་ནས་རང་གི་བསམ་བློའི་ཉམས་འགྱུར་ཕུན་སུམ་ཚོགས་པ་དང་སྦྲགས་ཏེ། སྐད་སྒྲའི་ལྕི་ཡང་དང་དྲག་ཞན། ང་རོའི་འདེགས་འཇོག ཚིག་འགྲོས་ཀྱི་ཁྱད་པར། ཚིག་གི་གཅོད་མཚམས་སོགས་སྐབས་ཐོག་གཅིག་ལ་བློ་ངོར་ཤོངས་ཐུབ་བྱེད་རྒྱུར་འབད་དགོས་ལ། སྙན་གསལ་དག་གསུམ་འཛོམས་དགོས་ཤིང་ཚོར་འདུ་ཤུགས་ཆེ་བ། ཡིད་ཀྱི་མཚོ་མོ་སྐྱོམ་པར་བྱེད་པའི་བརྩེ་དུང་གི་ཉམས་འགྱུར་དང་དབྱངས་ཅན་མགྲིན་པར་འཁྱུད་པ་ལྟ་བུའི་གདངས་དབྱངས་ཀྱི་འགྱུར་ཁུགས། བརྣག་ཐོག་ཁབ་ཀྱིས་བཙག་པ་ལྟ་བུའི་ན་ཟུག་གི་ཚོར་འདུས་ཕྱུག་པ་སོགས་གྲ་སྒྲིག་ལེགས་པོ་ཞིག་འཁྱོངས་པར་བྱེད་དགོས་སོ། །
ལྔ། གྱེར་འདོན་གྱི་བྱེད་ནུས།
དེ་ཡང་ཇི་སྐད་དུ། “སྙན་ངག་ནི་སྐད་ཆའི་སྒྱུ་རྩལ་ཞིག་ཡིན”པར་བརྗོད་རུང་ན། གྱེར་འདོན་ནི་ངག་གི་སྒྱུ་རྩལ་ཞིག་ཡིན་པར་བརྗོད་ཆོག་སྟེ། རྒྱུ་མཚན་ནི་སྤྱིར་བཏང་གི་སློབ་ཚན་ཀློག་འདོན་བྱེད་པ་ཙམ་དང་མི་འདྲ་བར་གྱེར་བྱའི་སྙན་ངག་གང་དེའི་བརྗོད་བྱའམ་ཤུགས་ན་མཚོན་པའི་བསྟན་དོན་དེ་ཕ་རོལ་པོར་བརྒྱུད་སྤྲོད་དང་གོ་བརྡ་སྤྲོད་པ་ཞིག་ཡིན། ང་ཚོས་ཤེས་གསལ་ལྟར། ཡི་གེ་ནི་མིའི་རིགས་ཀྱི་སྐད་བརྡ་བརྒྱུད་སྤྲོད་བྱེད་སྤྱད་ཀྱི་ལག་ཆ་ཡིན་མོད། དེ་ལའང་ཚད་ངེས་ཅན་ཞིག་ནས་བཀག་རྒྱའི་རང་བཞིན་ཡོད་པས། མི་རྣམས་ཀྱིས་ཕན་ཚུན་གོ་བརྡ་སྤྲོད་སྐབས་སུ་ཉམས་འགྱུར་ཕུན་སུམ་ཚོགས་པའི་བརྗོད་སྟངས་མང་པོ་ཞིག་སྔོག་འདོན་བྱེད་ཐབས་བྲལ་ཡོད། དེར་མ་ཟད་སྐད་ཆའི་ཉམས་འགྱུར་དོད་པོ་ཞིག་ཀྱང་མངོན་ཐུབ་ཀྱིན་མེད། དེ་བས་གྱེར་འདོན་པས་ཡེ་གེས་མཚོན་པའི་སྐད་ཆ་མཐའ་དག་སྐད་བརྡའི་ལམ་ལ་འདྲེན་སྐབས། གཏིང་ཟབ་པའི་ཤེས་རྟོགས་ལ་བརྟེན་ནས་བརྩམས་ཆོས་ཀྱི་བསམ་བློའི་བརྩེ་དུང་མཚོན་པ་བརྒྱུད། རྩོམ་པ་པོའི་སེམས་ཀྱི་འདོད་མོས་དེ་ཇི་བཞིན་མཚོན་པར་བྱེད་པ་དང་། རང་གི་ཡིད་ཀྱི་ཚོར་བའི་རླབས་རྒྱུན་གྱི་འཕེལ་འགྲིབ་དང་བསྟུན་ནས་འགུལ་སྐྱོད་བྱེད་དགོས། ད་དུང་སྒྲ་གདངས་དྲག་ཞན་དང་སྐད་ཆའི་བཤད་སྟངས། དབྱངས་འགྲོས། རེས་འཇགས་རེས་མཐུད་སོགས་ལ་བསྟེན་ནས་ཀྱང་གྱེར་བྱའི་སྙན་ངག་གི་བསམ་བློའི་ནང་སྙིང་མཚོན་པར་སྔར་ལས་རམ་འདེགས་བྱེད་ཐུབ་པས། ཕ་རོལ་པོས་རྟོགས་མ་ཐུབ་པར་ལུས་པའི་སེམས་ཀྱི་སྟོང་ཆ་དེ་སྐོང་ཐུབ་པའི་བྱེད་ནུས་ལྡན་ནོ། །
གྱེར་འདོན་ལ་བརྟེན་ནས་དཔེ་ཀློག་གི་སྤྲོ་བ་བསྐྱེད་བསྲིང་བྱེད་ནུས་ལ། དེ་ལས་ཀྱང་ཤེས་བྱ་སྣ་ཚོགས་བསྡུ་ལེན་བྱེད་པར་ཕན་ནུས་ཡོད། དོན་དངོས་སུ་གྱེར་འདོན་ནི་ཤེས་བྱ་ལ་སློབ་སྦྱོང་དང་བསྡུ་ལེན། གསོག་ཉར་བྱེད་པའི་བརྒྱུད་རིམ་ཞིག་ཡིན་པ་མ་ཟད། གསར་རྩོམ་དང་བློ་སྦྱོང་གི་འདུ་ཤེས་ཆགས་སུ་འཇུག་པ་དང་བསམ་བློ་བརྗེ་རེས་བྱེད་པར་ཡང་རམ་འདེགས་དང་སྐུལ་མ་ངེས་ཅན་གཏོང་ཐུབ། ད་དུང་གསར་རྩོམ་བྱེད་པ་དང་རྩོམ་རྩལ་ལ་གོམས་པར་བྱེད་པའི་རྨང་གཞི་ཡིན་པ་ནི་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ལགས་ཀྱིས་སྙན་ངག་གི་ཕུན་སུམ་ཚོགས་པའི་རྒྱུ་རུ་བགྲང་ཡོད་དེ“རྩོམ་པའི་སྐབས་སུ་སྙན་ངག་གི་ཚིགས་བཅད་མང་པོ་དབྱངས་སུ་གྱེར་ནས་ངག་ཏུ་འདོན་རྒྱུ་ནི་རྩོམ་རྩལ་ལ་གོམས་པར་བྱེད་པའི་རྨང་གཞི་ཡིན”[11]གསུང་པ་ནི་བདེན་པའི་གསུང་ངད་ཕྱོགས་སུ་ལྡང་པ་ཞིག་རེད་དེ། གྱེར་ཚིག་གང་དེ་ངག་ནས་ཡང་ཡང་གྱེར་བ་དང་སྙན་ངག་དེའི་ཕུགས་ཀྱི་དོན་ལ་དཔྱད་པ་ཡིན་ན། མིང་བརྡ་ཐ་སྙད་མང་པོ་གསོག་པ་དང་མཛེས་པའི་ཚིག་རྒྱན་སྤེལ་སྟངས་ལའང་ངེས་ཤེས་བླ་ལྷག་གིས་བསྐྱེད་ཐུབ་པ་འདི་ཙམ་གྱིས་ཀྱང་གསར་རྩོམ་གྱི་ལམ་དུ་གོམ་གང་མདུན་སྐྱོད་བྱེད་ཐུབ་པ་ནི་སྨོས་མེད་ཡིན་ནོ། །
གཉིས་པ། གྱེར་འདོན་སྙན་ངག་གདམ་གསེས་བྱེད་སྟངས་སྐོར་བཤད་པ།
སྙན་ངག་གྱེར་མཁན་ཞིག་ལ་མཚོན་ན་ཕུན་སུམ་ཚོགས་པའི་སེམས་ཀྱི་འཆར་སྒོ་དང་མེ་རི་བཞིན་མཆེད་པའི་དུངས་སེམས། གདོང་གི་ཉམས་འགྱུར་སོགས་ནི་མེད་དུ་མི་རུང་བའི་རྒྱུ་ཆ་ཡིན་མོད། གོ་དཀའ་སླ་རན་པའི་གྱེར་བྱའི་སྙན་ངག་ཅིག་གདམ་རྒྱུ་ནི་དེ་བས་ཀྱང་གལ་ཆེ་བ་ཞིག་ཏུ་འདོད།གཅིག བརྗོད་བྱའི་དོན་ལ་ཡིད་འགུག་གི་ནུས་པ་ལྡན་པ།
གྱེར་བྱའི་སྙན་ངག་ལེགས་པོ་ཞིག་ཡིན་མིན་ནི་གཙོ་བོ་དེའི་བརྗོད་བྱར་འབྲེལ་བ་ཆེས་ཆེར་ལྡན་འདུག དེར་མ་ཟད་གྱེར་མཁན་གྱིས་ཐོག་མར་གྱེར་བྱ་གདམ་སྐབས་བརྗོད་བྱའི་དོན་ལ་ངེས་པར་ཡིད་གཟབ་བྱེད་དགོས། དེ་ན«ལང་ཚོའི་རྦབ་ཆུ»ནི་བརྗོད་བྱའི་དོན་དང་རྗོད་བྱེད་ཀྱི་ཚིག་གང་གི་ཐད་ནས་ཀྱང་གྱེར་བྱར་རུང་བའི་སྙན་ངག་ལེགས་པོ་ཞིག་ཡིན་ཏེ། གྱེར་མཁན་དང་ཀློག་པ་པོ་སུ་ཞིག་ཡིན་རུང་སྒྱུ་རྩལ་གྱི་རོ་བྲོ་ཕུན་སུམ་ཚོགས་པ་ཞིག་གནང་ཐུབ་པ་རེད། རྦབ་ཆུ་ནི་སྟོབས་ཤུགས་དང་ལྡན་པ། ལྡོག་ཏུ་མེད་པ་ཞིག་ཡིན་པས་ང་ཚོས་ཀློག་མ་ཐག་ནས་སེམས་སུ་ལྡོག་མེད་ཀྱི་སྟོབས་ཤུགས་ཤིག་ལྷོད་ཀྱིས་གྲུབ་ཐུབ་པ་དེས་གྱེར་མཁན་སུ་ཞིག་ཡིན་རུང་དགའ་སྐྱོ་ཆགས་སྡང་སོགས་ཡིད་ཀྱི་འགྱུར་བ་དག་རང་བཞིན་གྱིས་ཕྱི་རུ་མངོན་དུ་འཇུག་སྲིད་པ་རེད། དཔེར་ན«ལང་ཚོའི་རྦབ་ཆུ»ལས། “དཔྱིད་གསུམ་མཁའ་ནས་བབས་པའི་ཆར་ཆུ། དབྱར་གསུམ་ས་ནས་བརྡོལ་བའི་ཆུ་མིག སྟོན་གསུམ་སད་དང་སེར་བའི་སྙིང་བཅུད། དགུན་གསུམ་ཁངས་དང་ཁ་བའི་ཡང་བཅུད།”ལྟ་བུ། ཡང“སྙན་ངག་གི་རྟ་མཆོག་སྐོམ་པས་གདུང་ན་ཇི་ལྟར་བྱ། སྡེབ་སྦྱོར་གྱི་གླང་ཆེན་ཚ་བས་གཙེས་ན་ཇི་ལྟར་བྱ། མངོན་བརྗོད་ཀྱི་སེང་གེ་དྲེགས་པས་གཟིར་ན་ཇི་ལྟར་བྱ། ཟློས་གར་གྱི་བུ་ཆུང་དྭ་ཕྲུག་ཏུ་ལུས་ན་ཇི་ལྟར་སྐྱོང་།”[12]ཞེས་པ་ལྟ་བུས་སྙན་ཚིག་གི་འདེགས་འཇོག་དེ་རླབས་གཉེར་གཅིག་རྗེས་གཅིག་གིས་འདེད་པའི་རྦབ་ཆུའི་འབབ་ཚུལ་དང་མཐུན་པར་བྱེད་པས། རྗོད་བྱེད་ཚིག་གི་འདེགས་འཇོག་དེ་བརྗོད་བྱའི་དོན་གྱི་མཚོན་བྱེད་ཀྱིས་ཁ་ཇེ་གསལ་དང་ཇེ་དྲག་ཏུ་བཏང་ཡོད། རྦབ་ཆུའི་འབབ་རྒྱུན་དང་རྩོམ་གྱི་སྒྲིག་གཞི་དེས་སྙན་ངག་གི་ནང་ན་གནས་པའི་དབྱངས་འགྲོས་དེ་སྟོབས་དང་ལྡན་པར་བྱས་འདུག
ད་དུང་སྙན་ངག་འདིའི་སྒྱུ་རྩལ་གྱི་ཁྱད་ཆོས་གཞན་ཞིག་ནི“ཨེ་མ། ལྟོས་དང་། ཀྱེ། ཀྭ་ཡེ”སོགས་ལས་མཚོན་ཐུབ་ལ། རྩོམ་པ་པོའི་བཅོས་མིན་གྱི་བརྩེ་དུངས་ཟབ་མོ་དེ་སྙན་རྩོམ་ནང་ན་ངང་གིས་མཆེད་ཀྱིན་ཡོད་པས་གྱེར་མཁན་གྱིས་གྱེར་སྐབས་རྩོམ་པ་པོའི་བརྩེ་དུང་དང་ཉེ་བར་བཅར་ཐུབ་པ་རེད། དེ་བས་རྒན་བདུད་ལྷ་རྒྱལ་ལགས་ཀྱིས«ལང་ཚོའི་རྦབ་ཆུ»ནི་གྱེར་འདོན་སྙན་ངག་གི་མཚོན་བྱེད་བརྩམས་ཆོས་སུ་བགྲང་བའང་དོན་ལ་གནས་སོ། །
དེ་བཞིན་དུ་འཇར་མན་གྱི་མཚན་ཉིད་རིག་པ་བ་ཧེ་གར(Hegel)ནས། “སྙན་ངག་གི་བརྗོད་དོན་ལེགས་པོ་ཞིག་འཁྱོངས་ཐུབ་མིན་གྱི་ཚད་གཞི་གལ་ཆེ་ཤོས་ནི་ཐ་སྙད་བཀོད་སྒྲིག་ལ་རག་ལས།”[13]ཞེས་པ་ལྟར། སྙན་ངག་མཆོག་གྱུར་ཞིག་དང་གྱེར་བྱའི་སྙན་ངག་མཆོག་གྱུར་གང་ཞིག་ཡིན་རུང་ཚིག་གི་སྡེབ་སྟངས་དང་ཐ་སྙད་བཀོད་སྒྲིག་བྱེད་སྟངས་སོགས་ལའང་དོ་སྣང་ངེས་ཅན་བྱེད་དགོས། དཔེར་ན། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་བོད་སྐད་རླུང་འཕྲིན་ཁང་གཉིས་ནས་མཉམ་སྒྲུབ་ཀྱིས་སྤེལ་བའི་ལོ་སར་དགོང་ཚོགས༼དུས་གསུམ་གྱི་སྨྲ་ལྕེ༽སྟེང་མདོ་འཛིན་པ་གནམ་སྐྱབས་རྒྱལ་སོགས་ཀྱིས་གྱེར་བའི«སྒྲ་དང་དབྱངས་ཀྱི་མཆོད་པ»ལྟ་བུ་ནི་དཔེ་གཞིར་བགྲང་རུང་བའི་བརྩམས་ཆོས་ཤིག་ཡིན། རྒྱུ་མཚན་སྙན་ངག་འདིའི་ཐ་སྙད་བཀོད་སྒྲིག་བྱེད་སྟངས་ལེགས་པོར་མཐོང་སྟེ།དཔེར་ན། “གངས་རི་མཐོན་པོ་སྟོབས་ཀྱིས་འགྱིང་བའི་ཡང་རྩེ་ནས། རྩྭ་ཐང་ཡངས་པོ་གོས་ཀྱིས་བཏང་བའི་གདན་སྟེང་ནས། གཙང་ཆུ་སྔོན་མོ་ལྷུང་ལྷུང་བཞུར་བའི་འགྲམ་ངོགས་ནས”ཞེས་པ་ལས“སྟོབས་ཀྱིས་དང་གོས་ཀྱིས། ལྷུང་ལྷུང”བཅས་ཀྱིས་ཡིད་ངོར་ཤར་བའི“གངས་རི་དང་རྩྭ་ཐང་། གཙང་ཆུ”དེ་དག་གཟུགས་ཅན་བཞིན་དུ་ཡིད་ངོར་གསལ་ལེར་འཆར་དུ་འཇུག་པ་དང་། མཐོ་ཞིང་བརྗིད་པའི་གངས་རི་དང་མཛེས་ཤིང་སྡུག་པའི་རྩྭ་ཐང་། དྭངས་ཤིང་བསིལ་བའི་གཙང་ཆུ་སོགས་ཕ་ཡུལ་གྱི་མཛེས་པའི་རྣམ་པ་མཐའ་དག་ཡང་བསྐྱར་སེམས་ངོར་ཤར་ཞིང་ཕ་ཡུལ་ལ་བཅངས་པའི་བརྩེ་སེམས་རྣལ་མ་ཞིག་ཀྱང་ངང་གིས་སྐྱེས་སུ་འཇུག་གོ། དེ་བས་རླུང་ཤུགས་ཆེ་ཆུང་གསལ་བའི་ཐ་སྙད་ཀྱི་བཀོད་སྒྲིག་དང་གདངས་མཚམས་ལྕི་ཡང་གསལ་བའི་སྙན་ཆ། གཟུགས་ཅན་བཞིན་དུ་འཆར་རྒྱུ་ཡོད་པའི་སྣང་བརྙན། བརྩེ་རླབས་རང་སྣང་མཚོན་པའི་ལས་ཀྱི་འཆིང་རྒྱ་མེད་པ། མི་སེམས་འགུག་ཤུགས་ཆེ་བའི་ཐབས་རྩལ་གསར་པའི་ཕྱུག་པ་སོགས་ལ་དོ་སྣང་བྱེད་དགོས་སོ། །
གཉིས། གྱེར་འདོན་གྱི་ཁམས་དང་བསྟུན་ཐུབ་བྱེད་དགོས་པ།
གྱེར་འདོན་གྱི་ཁམས་ཞེས་པ་ནི་གོང་ནས་གླེང་ཟིན་པ་ལྟར། རིག་རྩལ་དགོང་ཚོགས་སོགས་གར་སྟེགས་སྟེང་འཁྲབ་སྟོན་བྱེད་པའི་རྣམ་པ་ཅན་གྱི་བྱ་འགུལ་དག་ལ་བྱ། ཁམས་ནི་ལྟད་མོ་བ་དང་གློག་སྒྲོན་གྱི་འོད་སྣང་བཀོད་སྒྲིག་བྱེད་སྟངས། གར་སྟེགས་ཀྱི་རྣམ་པ་སོགས་ལ་གོ་བས། དེ་འདྲའི་རྒྱབ་ལྗོངས་དག་དང་མཐུན་པའི་གྱེར་བྱའི་སྙན་ངག་ཅིག་གདམ་པ་ཡིན་ན་བྱ་འགུལ་དེའི་ཡག་ཐོག་ཡག་གིས་བརྒྱན་པ་མ་ཟད། ཉན་མཁན་ཚོས་དགོང་ཚོགས་དེའི་བརྗོད་དོན་བདེ་ལེགས་སུ་རྟོགས་ཐུབ་རྒྱུར་ཡང་ནུས་པ་བླ་ལྷག་ཅིག་སྐྲུན་པ་རེད་འདུག དཔེར་ན། «སྒྲ་དང་དབྱངས་ཀྱི་མཆོད་པ»ཞེས་པའི་གྱེར་འདོན་སྙན་ངག་འདིའི་ཁ་བྱང་ལས་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གཉིས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་མི་དམངས་ལ་བཅངས་པའི་བརྩེ་སེམས་དང་ལྷག་བསམ་མཐའ་དག་མཚོན་ཡོད་དེ། གྱེར་འདོན་སྙན་ངག་འདི༼དུས་གསུམ་གྱི་སྨྲ་ལྕེ༽ཞེས་པའི་ལོ་སར་དགོང་ཚོགས་སྟེང་གྱེར་བ་རེད་ལ། དགོང་ཚོགས་དེ་ནི་ལས་ཁུངས་དབུ་བརྙེས་ནས་ལོ་འཁོར65འཁོར་བར་རྟེན་འབྲེལ་ཞུ་བའི་དགོང་ཚོགས་ཤིག་ཡིན་པས། དུས་གསུམ་གྱི་སྨྲ་ལྕེ་ནི་བགྲང་བྱ་རེ་ལྔ་འགོར་བའི་རིང་ནམ་ཡང་སེམས་ནས་བོར་མ་མྱོང་ཞིང་དཀའ་སྡུག་གི་གནས་གང་དུ་ཡོད་ཀྱང་མདུན་སྐྱོད་ལ་སྤོབས་པ་དང་དཔུང་རོགས་གནང་མཁན། དྲོད་ཀྱི་བཅུད་དུ་སྒོམ་མྱོང་བའི་ཉན་མཁན་ཁྲི་སྟོང་མང་པོར་བཏེགས་པའི་མཆོད་པ་ཡིན་ལ། འདས་པའི་བགྲང་བྱ་ཐམས་ཅད་དང་དཔུང་གདང་ལྷན་སྦྲེལ་གྱིས་བགྲོད་བཞིན་པའི་དུས་ད་ལྟ། རེ་བ་དང་ཡིད་ཆེས་ཀྱིས་ཆས་དགོས་པའི་མ་འོངས་བགྲོད་ལམ་ནང་ཉན་མཁན་དང་རྒྱབ་སྐྱོར་བྱེད་མཁན་མཐའ་དག་ནི་ནམ་ཡང་སེམས་གཏིང་དུ་ཉར་ཞིང་ཕ་ཡུལ་གྱི་རི་ཆུ་ལ་བཅངས་པའི་བརྩེ་སེམས་དེ་ཡང་དེ་ལས་མ་འདས་པས། ཉན་མཁན་མང་པོའི་སེམས་སུ་བརྗེད་དུ་མེད་པའི་དྲན་ཤིང་དང་སྔར་ལས་ལྷག་པའི་དུངས་སེམས་ཤིག་རང་བྱུང་གིས་སྩོལ་ཐུབ་པ་ནི་གྱེར་བྱའི་སྙན་ངག་དེ་གྱེར་འདོན་གྱི་ཁམས་དང་བསྟུན་པ་ལེགས་འགྲུབ་བྱུང་བའི་རྐྱེན་གྱིས་སོ། །
གསུམ། དུས་དང་འཚམ་པའི་གྱེར་བྱ་འདེམས་སྟངས།
འདིར་བརྗོད་པའི་དུས་དང་འཚམ་པ་ཞེས་པ་ནི་རང་གི་ལོ་ཚད་དང་ཁོར་ཡུག་སོགས་དང་འཚམ་དགོས་པར་བརྗོད་པ་ཡིན། གྱེར་བྱའི་སྙན་ངག་གདམ་སྐབས་རང་གི་ལོ་ཚད་དང་ཁོར་ཡུག་སོགས་དང་འཚམ་མིན་ལ་ངེས་པར་གཟབ་ནན་བྱེད་དགོས། སྙན་ངག་གི་བརྗོད་བྱའི་ནང་དོན་དང་ཚོགས་རའི་གར་སྟེགས་གཉིས་ཤིན་ཏུ་ཁ་འཕྲོད་དགོས་ཏེ། ཕུལ་བྱུང་གི་སྙན་ངག་མང་པོ་ཞིག་ནི་གར་སྟེགས་གང་རུང་སྟེང་གྱེར་བྱར་མི་རུང་། དེ་ནི་གཙོ་བོ་ཚོགས་རའི་གཞི་ཁྱོན་དང་གནས་ཚུལ་དངོས་ལ་གཞིགས་པ། དེ་མིན་ལྟད་མོ་བའི་གྲངས་དང་ལོ་ཚད་སོགས་ལ་འབྲེལ་བ་ངེས་ཅན་ལྡན། དཔེར་ན། ཕོ་མོའི་བར་གྱི་དུངས་པ་བརྗོད་པའི་སྙན་ངག་ཅིག་ཡིན་ན་སློབ་ཆུང་དང་དམའ་རིམ་སློབ་གྲྭའི་ཁོར་ཡུག་ནང་མི་འཚམ་པ་ཡིན་པས་དེ་འདྲའི་ཁོར་ཡུག་ནང་ཐུགས་སྣང་འཇོག་དགོས་པ་ལྟ་བུའི་མཚོན་ནོ། །
མཇུག་བསྡུའི་གཏམ།
གྱེར་བྱའི་སྙན་ངག་ལེགས་པོ་ཞིག་གདམ་རྒྱུ་ནི་གྱེར་མཁན་རང་གི་བྱ་བའི་བརྒྱུད་རིམ་ནང་གི་གལ་གནད་ཆེ་བ་ཞིག་ཡིན། སྙན་ངག་གྱེར་འདོན་ནི་རྣ་ཐོས་ཁ་བཤད་ཀྱི་ཤེས་བྱ་ཙམ་མ་ཡིན་པར་གྱེར་བྱའི་སྙན་ངག་གི་མ་ཡིག་གི་ནང་དོན་དངོས་དེ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ་མ་ཟད་གོ་བ་གཏིང་ཟབ་ལོན་དགོས། དེ་ལྟ་མ་ཡིན་པར་སྐད་གདངས་སྙན་རུང་སེམས་ཀྱི་འགྱུར་བ་གཅིག་ཀྱང་ཕྱིར་མངོན་མ་ཐུབ་པ་དང་བརྩེ་དུང་གི་ཉམས་ཀྱིས་དབེན་ཚེ་གྱེར་འདོན་དེ་ལེགས་འགྲུབ་མ་བྱུང་བའི་རྟགས་རེད།དོན་གྱིས་ཕྱུག་པ། བརྩེ་དུང་གི་ཤུགས་ཆེ་བ། གྱེར་མཁན་ལ་སྙན་གསལ་དག་གསུམ་འཛོམས་པ། ཉམས་ཀྱིས་བརྒྱན་པ་སོགས་ནི་གྱེར་འདོན་གྱི་རྩ་བའི་བླང་བྱ་ཡིན། དེ་ཡང་རྒྱ་དང་ཕྱི་གླིང་གི་གཙུག་ལག་མང་པོའི་ཁྲོད་ན་གྱེར་བྱའི་སྙན་ངག་གི་ཐབས་ལམ་དང་ལག་ལེན་བྱེད་ཐབས་སྐོར་བྲིས་པའི་གཞུང་ལུགས་མང་པོ་ཡོད་ཀྱང་། བོད་རང་གི་སྐད་ཡིག་གི་ལམ་ནས་མཛད་པ་དང་བསྒྱུར་བའི་གཞུང་ལུགས་དང་དཔྱད་རྩོམ་སོགས་གཅིག་ཀྱང་མཐོང་དུ་མེད་པ་ནི་ཅོལ་ཆུང་ང་འདྲར་མཐོང་ཐོས་ཞན་པས་རྐྱེན་མིན་ན་ཧ་ཅང་འཕང་སེམས་སྐྱེ་དགོས་པའི་གནས་སོ།། དེ་བས་འདིར་སྙན་ངག་གྱེར་འདོན་གྱི་ཐབས་ལམ་དང་ལག་ལེན་སོགས་ལས་གྱེར་བྱའི་སྙན་ངག་འདེམ་སྟངས་སྐོར་ནས་རྒྱ་མཚོའི་ཆུ་ཐིགས་ཙམ་ཞིག་མི་རིགས་གཞན་གྱི་སྐད་ཡིག་གི་ལམ་ནས་བྲིས་ཡོད་པའི་དཔྱད་གཞི་རེ་གཉིས་ལ་ཁུངས་བཅོལ། རང་གིས་བསགས་པའི་ཉམས་མྱོང་བཅས་གཞིར་བཟུང་ནས་བོད་སྐད་ཀྱི་ལམ་ནས་གྱེར་བྱ་ལེགས་པོ་ཞིག་གདམ་དགོས་ན་ཆ་རྐྱེན་གང་དག་ཅིག་ལྡན་དགོས་པ་འབྲི་ཁུལ་བྱས་ཡོད། སྒོས་སུ་ད་ལྟའི་སྤྱི་ཚོགས་སུ་གྱེར་འདོན་གྱི་བྱེད་སྒོའི་རིགས་འདི་གང་ས་གང་དུ་སྤེལ་དང་སྤེལ་བཞིན་ཡོད་པ་དང་གཞོན་སྐྱེས་གང་མང་ཞིག་ཀྱང་ལས་དེར་གཞོལ་གྱིན་མཆིས་པས། རྗེས་མར་འདིའི་ཕྱོགས་ཀྱི་གཞུང་ལུགས་དང་དཔྱད་རྩོམ་རེ་འགའ་བྱུང་ན་སྙམ་པའི་ཀུན་སློང་གཙང་མ་ཞིག་གིས་མདུན་བསྐུལ་བཞིན་ལས་དང་པོ་བ་དག་གི་མདུན་ལམ་ལའང་འོད་སྣང་རེ་ལྡན་སྲིད་སྙམ་ནས་འདི་ཙམ་འབྲི་ཁུལ་བྱས་པ་ཡིན།
མཆན་དང་དཔྱད་གཞིའི་ཡིག་རིགས།
[1] རྒན་སྨན་བླ་སྐྱབས་ཀྱིས་སྐབས་གཉིས་པའི་གངས་རྒྱན་མེ་ཏོག་རྟགས་མའི་རྒྱལ་ཡོངས་བོད་ཀྱི་སློབ་ཆེན་སློབ་མའི་གསར་རྩོམ་སྙན་ངག་གྱེར་འདོན་འགྲན་ཚོགས་སྟེང་ནས་གསུང་པའི་སྐད་ཆ།
[2] 路英著 «朗诵语言技巧与实践» [M] 湖南师范大学出版社2011年8月 p001
[3] «现代汉语词典» [G] 商务印刷馆 2012年6月 p1238
[4] «དག་ཡིག་གསར་བསྒྲིགས»(དག་བཅོས་མ) [G] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2014.12 ཤ118
[5] 苏珊·萨默斯·威利特著 «诗歌大满贯» [EP] 密歇根大学出版社 2009年
[6] 李洪岩著 «诗歌朗诵技巧» [M] 中国广播电视出版社 2012年6月 p002
[7] མཁར་རྨེའུ་བསམ་གཏན་གྱིས་བརྩམས། «ཡུལ་ལྷ་གསོལ་བ་དང་ཤུག་བསང་གཏོང་བའི་སྲོལ་ལ་དཔྱད་པ» [J] བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་དེབ། 2002.1 ཤ19
[8] «རླུང་རྟའི་ཀྭ་འཛུགས་བསོད་ནམས་དཔུང་བསྐྱེད»བྲིས་མ།
[9] «མདོ་གཟེར་མིག» [M] ཀྲུང་གོའི་བོད་ཀྱི་ཤེས་རིག་དཔར་སྐྲུན་ཁང་། 1991 ཤ497
[10] ཚངས་པོས་བསྒྲིགས། «གངས་ལྗོངས་རིག་བཅུའི་རྩ་བ་ཕྱོགས་བསྒྲིགས»(སྒྲ་རིག་སྐོར།) [G] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2006.8 ཤ9
[11] དུང་དཀར་བློ་བཟང་འཕྲིན་ལ། «སྙན་ངག་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད»(གསུང་འབུམ་ཀ་པ) [M] མི་རིགས་དཔེ་སྐྲུན་ཁང་། 2004.3 ཤ21
[12] བདུད་ལྷ་རྒྱལ། «བོད་ཀྱི་རྩོམ་རིག་གསར་པའི་བརྩམས་ཆོས་བདམས་བཀོད་དང་དེ་དག་གི་བཤད་པ» [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1998.10 ཤ327
[13] སྨད་པའི་དཀོན་མཆོག་སྐྱབས། «སྙན་ངག་གི་རྣམ་བཤད» [M] བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་། 2003.6 ཤ152
ཡོང་ཁུངས། ༢༠༢༠ལོའི«བོད་ལྗོངས་སློབ་གསོ»དེབ་དང་པོ།
འབྲེལ་ཡོད་འོས་སྦྱོར།