དགེ་ཆོས་ཀྱིས་རཱ་ཧུ་ལ་དང་མཉམ་དུ་བོད་ཀྱི་དགོན་སྡེ་ཁ་ཤས་ལ་རྟོག་དཔྱོད་དུ་ཕྱིན་པ་ལས་འཕྲོས་པ།
རྩོམ་པ་པོ།:ཆོས་སྐྱོང་སྐྱབས།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2023-01-19
ཀློག་གྲངས།:
དང་པོ། དགེ་ཆོས་དང་རཱ་ཧུ་ལ་གཉིས་ཐོག་མར་འཕྲད་པ།
དགེ་ཆོས་ལ་ཕལ་མོ་ཆེ་དང་མི་མཚུངས་པའི་སྒེར་ཚུགས་ཀྱི་བསམ་བློ་དང་གཤིས་ཀ་ལྡན་ཞིང་། ཁོང་གི་ཞལ་ནས“ང་ཆུང་དུས་དཔེ་མི་སྲིད་པའི་འཚུབས་པོ་དང་ངན་པོ་ཡོད”ཅེས་པ་བཞིན། གཞན་དབང་དུ་མི་ཚུད་པར་རླབས་ཆེའི་འདུན་མའི་རྗེས་ལ་མུ་ནས་བསྙེག་རྒྱུ་ནི་ཁོང་གི་ཚེ་གང་གི་དགའ་ཕྱོགས་ཉག་ཅིག་ཡིན། ལྷན་སྐྱེས་ཀྱི་ཤེས་རབ་ལྡན་ཞིང་བོད་ཀྱི་རིག་གཞུང་སྤྱི་ལ་མཁྱེན་རྒྱ་ཡངས་པར་མ་ཟད།དབྱིན་ཡིག་དང་ལེགས་སྦྱར་ཡི་གེ་སོགས་ལའང་ཆུ་ཚད་ངེས་ཅན་ལྡན་པ་དང་། དང་པོ་ཉིད་ནས་སངས་རྒྱས་བསྟན་པའི་འབྱུང་ཁུངས་རྒྱ་གར་འཕགས་པའི་ཡུལ་ལ་ལན་གཅིག་འགྲོ་ཐུབ་ན་སྙམ་པའི་འདུན་པ་ཤུགས་དྲག་ཡོད་པ་ནི། དགེ་ཆོས་རཱ་ཧུ་ལ་དང་འཕྲད་ངེས་པའི་རྒྱུ་རྐྱེན་གཙོ་བོ་དག་རེད་སྙམ་ལ། རཱ་ཧུ་ལས་སྐབས་དེའི་བོད་ཀྱི་མཁས་པ་རྣམས་ལས་དགེ་ཆོས་རོགས་དན་ལ་བསྟེན་པའི་རྒྱུ་རྐྱེན་ཡང་རེད་འདོད།
རཱ་ཧུ་ལ་བོད་དུ་ཕེབས་པའི་སྐབས་དེར་རྒྱ་གར་དུ་མི་རིགས་རིག་གནས་མྱུར་སྐྱོབ་བྱེད་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་བྱ་གཞག་གལ་ཆེན་ཞིག་ཏུ་གྱུར་ཡོད་ལ། རིག་རྩལ་བསྐྱར་དར་ལྟ་བུའི་གནའ་བོའི་ཤེས་རིག་བསྐྱར་སྤེལ་གྱི་ཚ་རླབས་འཕྱུར་བཞིན་ཡོད། རཱ་ཧུ་ལ་ནི་དེ་ལྟ་བུའི་དགོས་མཁོར་དམིགས་ནས་བོད་ལ་རྒྱ་དཔེ་འཚོལ་དུ་ཡོང་ཞིང་།ཁོང་གིས་རྒྱ་གར་དུ་སྔ་མོ་ནས་ནུབ་ཟིན་པའི་ནང་པའི་ཆོས་གཞུང་སླར་གསོ་བྱེད་པའི་ཆེད་དུ། བོད་ཀྱི་ཡུལ་ལུང་དང་དགོན་སྡེ་གང་མང་ལ་ཉུལ་ཡང་གནའ་དཔེ་ལག་བྲིས་མ་འགའ་རེ་ལས་རྒྱ་དཔེ་པོད་གཅིག་ཀྱང་མ་རྙེད་ལ། དེ་ལྟར་ཁོང་ལ་མཚོན་ན་ལེགས་སྦྱར་དང་བོད་ཡིག་གང་ལའང་བྱང་ཆ་ལྡན་ཞིང་རྒྱལ་ཁམས་རིག་པས་བསྐོར་བར་མོས་པ་ཆེ་བའི་རོགས་དན་ཞིག་ནི་མེད་དུ་མི་རུང་བར་གྱུར།
དེ་ལྟར་རཱ་ཧུ་ལར་མཚོན་ན་དགེ་ཆོས་ལྟ་བུ་ཞིག་དང་དགེ་ཆོས་ལ་མཚོན་ན་རཱ་ཧུ་ལ་ལྟ་བུ་ཞིག་ནི་སྐོམ་པ་ཆུ་འདོད་ཀྱི་རེ་བ་ཆེ་སྟེ། གཏམ་རྒྱུད་གསེར་ཐང་ལས། “དེ་ཡང་ཁོ་བོ་གཞོན་ནུ་ཞིག་ནས་རྒྱ་གར་གྱི་ཡུལ་དེར་ལན་གཅིག་སླེབས་ན་སྙམ་པ་ཡང་ཡང་ཡོད་ཅིང་། དབུས་སུ་སླེབས་ནས་ལོ་བདུན་ཙམ་སོང་བ་ན། རྒྱ་གར་ནས་པཎྜི་ཏ་རཱ་ཧུ་ལ་བྱ་བ་ཞིག་བོད་དུ་བྱོན་པ་དང་འཕྲད་ནས་འགྲོ་བའི་སྐུལ་མ་བཏབ་པ་བཞིན་འདོད་ཐོག་ཏུ་སྨིན་ཏེ་ཆས་སོ”ཞེས་པ་དང་། རཱ་ཧུ་ལའི་རང་རྣམ་དུ། “བདག་གིས་ལེགས་སྦྱར་སཾ་སྐྲྀ་ཏའི་སྐད་དུ་བྲིས་པའི་རྒྱ་གཞུང་ངམ་རི་མོའི་རིགས་ལ་ཞིབ་འཇུག་བྱེད་དུས་ཕྱོགས་དེར་མཁྱེན་རྒྱ་ཡངས་པའི་མཁས་པ་ཞིག་གི་རོགས་དན་ཡོད་ན་སྙམ་པའི་རེ་འདུན་ཡོད་སྟབས།ཁོང་ནི་ཆ་རྐྱེན་ལྷན་འཛོམས་ཀྱི་ཚུལ་དུ་བདག་གི་མདུན་དུ་ལྷགས།”ཞེས་ཁོང་གཉིས་ཐོག་མར་ཡུལ་དབུས་ལྷ་ལྡན་ནས་ཞལ་མཇལ་བ་ནི་མཐུན་རྐྱེན་ལྷན་འཛོམས་ལྟ་བུ་ལས་མ་འདས་སོ། །
གཉིས་པ། དགེ་ཆོས་དང་རཱ་ཧུ་ལ་གཉིས་མཉམ་དུ་བོད་ཀྱི་དགོན་སྡེ་ཁག་ལ་བསྐྱོད་པ།
དགེ་ཆོས་ཉིད་རཱ་ཧུ་ལ་དང་མཉམ་དུ་བོད་ཀྱི་དགོན་སྡེ་ཁག་ལ་རྒྱ་དཔེ་འཚོལ་དུ་སྔ་ཕྱིར་ཐེངས་གཉིས་ལ་ཕེབས་ཤིང་། “ཐེངས་དང་པོ་ནི1934ལོའི་ཟླ7པའི་ཚེས30ཉིན་ལམ་ལ་ཆས་ཏེ་ལོ་དེའི་ཟླ8པའི་ཚེས8ཉིན་ཕྱིར་ལྷ་སར་འབྱོར་ལ།”སྔ་ཕྱིར་ཉིན10ཡི་རིང་ལ་དགོན་རྙིང་གྲགས་ཅན་དག་ཏུ་ཕྱིན་ཏེ་རྒྱ་དཔེ་འཚོལ་ཞིབ་བྱས་པ་དང་།དགོན་སྡེ་དེ་རིགས་ཀྱི་ནང་རྟེན་རྣམས་ལ་ཞིབ་ཏུ་མཇལ་ཐུབ་བྱུང་། “ཐེངས་གཉིས་པ་ནི1938ལོའི་ཟླ5པའི་ཚེས9ཉིན་བོད་དུ་ཕེབས་ནས་ཟླ9པའི་ཚེས25ཉིན་བོད་ནས་ཞལ་གྱེས་ཤིང་། ཐེངས་དེའི་རྟོག་དཔྱོད་ཀྱི་རིང་ཏ་ལའི་ལོ་མའི་དཔེ་ཆ་དང་རིག་དངོས་ཀྱི་པར་རིས་ཁག་ཁྱོན་བསྡོམས1500ཙམ་པར་ལེན་མཛད་ཡོད་དོ།།”
«གཏམ་རྒྱུད་གསེར་ཐང»ལས་ཐོག་མར་ལྷ་ས་ནས་ཕེབས་ཐོན་མཛད་ཚུལ་གྱི་གནས་གཞིའི་རིམ་པ་དེད་ན། ཐོག་མར་ལྷ་ས་ནས་ལམ་ལ་ཆས་ཏེ། རིམ་པར་གླང་ཐང་དང་པོ་ཏོ། དེ་ནས་བྲག་རྒྱབ། རྒྱལ་ལྷ་ཁང་། པ་ཚབ། སྟག་ལུང་། རྭ་སྒྲེང་། རྒྱལ་རྩེ་དཔལ་འཁོར་ཆོས་སྡེ། སྤོས་ཁང་དགོན། བཀྲ་ཤིས་ལྷུན་པོ། ཞ་ལུ། ངོར་ཨེ་ཝཾ་ཆོས་ལྡན། ས་སྐྱ། སྣར་ཐང་བཅས་སུ་རིམ་པ་བཞིན་གནས་མཇལ་དུ་བསྐྱོད་ཅིང་། སྤོས་ཁང་དང་། ཞ་ལུ། རི་ཕུག ངོར་ཨེ་ཝཾ། ས་སྐྱ་བཅས་ནས་རྒྱ་དཔེ་ལག་སོན་བྱུང་བ་མང་སྟེ། སྤོས་ཁང་ནས་རྒྱ་དཔེའི་བསྟན་བཅོས་མི་འདྲ་བ་ལྔ་དང་། ཞ་ལུ་ནས་པོད་ཆེ་ཆུང་བཞི་བཅུ་ཞེ་གཉིས། རི་ཕུག་ནས་བརྒྱ་དང་བཅུ་གསུམ། ངོར་ཨེ་ཝཾ་ནས་རྒྱ་དཔེ་པོད་ཆེ་ཆུང་བཞི་བཅུ་ལྷག ས་སྐྱ་ནས་པོད་ཆེ་ཆུང་བཞི་བཅུ་མ་ལོང་ཙམ་ལག་སོན་བྱུང་། ཡང་སྣར་ཐང་དང་པ་ཚབ། རྭ་སྒྲེང་སོགས་དགོན་སྡེ་ཁ་ཤས་ནས་རྒྱ་དཔེ་གཅིག་ཀྱང་ལག་སོན་མ་བྱུང་ཞིང་། རྒྱལ་ལྷ་ཁང་སོགས་བཀའ་གདམས་པའི་གདན་ས་རྙིང་པ་མང་ཤོས་སུ་རྒྱ་དཔེར་མཇལ་བའི་ཚུལ་འཁོད་མི་འདུག །
དགོན་རྙིང་ཁག་ནས་རྒྱ་དཔེ་འཚོལ་ཞིབ་བྱེད་པ་ནི་ཁོང་གཉིས་ཀྱིས་ཡུལ་ལུང་དེ་དག་གི་ལ་ཐང་བརྒལ་བའི་དམིགས་ཡུལ་གཙོ་བོ་ཡིན་ལ། ཞོར་དུ་དགོན་སྡེ་དེ་དག་གི་གནས་ཚུལ་ལ་རྒྱུས་ལོན་དང་ཞིབ་འཇུག་ཀྱང་བྱས་ཡོད་དེ། དཔེར་ན། ཞ་ལུར་སླེབས་པ་ན། “རི་ཕུག་ཏུ་མཇལ། ཀུན་མཁྱེན་བུའི་གཟིམ་ཤག་དེ་ཀ་བ་གཅིག་གི་ས།ཞལ་བ་ལ་ཚོན་ཀྱང་མེད་པ། སྒོ་ནས་འོད་འོངས་པ་མ་གཏོགས་སྐར་ཁུང་ཡང་མ་གཏོད་པ། ད་ལྟའི་གྲྭ་རྐྱང་དཀྱུས་མ་ཚོ་ཡང་སྡོད་མི་སྤྲོ་བ་དེ་འདྲ་ཞིག་རེད།”ཅེས་གང་ལ་སླེབས་ན་དེའི་ཡུལ་ལུང་གི་ལྗོངས་རྣམ་ཇི་མ་ཇི་བཞིན་དུ་བྲིས་པ་དང་། དགོན་སྡེ་དེ་དག་གི་ནང་རྟེན་བཞུགས་ཚུལ་དང་ཕྱི་རའི་བཀོད་པ།དགེ་འདུན་འདུས་ཚུལ་སོགས་གཙོ་བོ་ཆེད་འདོན་གྱིས་ངོ་སྤྲོད་བྱས་ཡོད་ལ། སྔོན་གྱི་བསྟན་བཅོས་དང་ངག་རྒྱུན་དག་གི་བཤད་ཚུལ་ཡང་གང་འཚམ་རེ་དྲངས་ནས་དེ་མ་ཐག་གི་ཡིད་འགྱུར་གྱི་ཁྲོད་ནས་ཞིབ་བསྡུར་ཕྲ་མོའང་བྱས་ཡོད།
གསུམ་པ། དགེ་ཆོས་དང་རཱ་ཧུ་ལ་གཉིས་བོད་ཀྱི་དགོན་སྡེ་ཁག་ལ་བསྐྱོད་པའི་དོན་སྙིང་།
དུས་རབས12པ་ནས་བཟུང་རྒྱ་གར་རང་ས་ནས་ནང་བསྟན་ཡོངས་སུ་ནུབ་ཀྱང་བོད་ཀྱི་ལོ་ཙཱ་བ་མང་པོས་གཅེས་པའི་སྲོག་ལའང་མ་འཛེམ་པར་རྒྱ་དཔེ་མང་པོ་བོད་ལ་དྲངས་པ་དང་། དམ་པ་དེ་དག་གིས་རྒྱ་དཔེ་ཚང་མ་རང་རང་གིས་བཏབ་པའི་དགོན་པ་ནས་ཕྱག་མཆོད་འབུལ་རྟེན་དུ་ཡུན་རིང་བཞུགས་སུ་གསོལ། དུས་འགྱུར་སོགས་ཀྱི་དབང་གིས་ཁ་ཐོར་བ་དང་སྡེབ་འཁྲུགས་པ་སོགས་ཀྱི་གོད་ཆག་ཕྲན་ཙམ་རེ་བྱུང་ཡོད་ཀྱང་། སྤྱིའི་ཆ་ནས་མི་རིགས་གཞན་དང་བསྡུར་ན་ཉར་ཚགས་བྱས་པ་ཆེས་ལེགས་ཏེ། གསེར་ཐང་ལས། “ད་ལྟ་སིངྒ་ལའི་སྡེ་སྣོད་གསུམ་མ་ག་དྷའི་སྐད་དུ་བཞུགས་པ་འདིའི་འོག་ན་ནང་པ་སངས་རྒྱས་པའི་རྒྱ་དཔེ་ཕྱོགས་གཅིག་ཏུ་བཞུགས་པ་ལ་རེ་ཞིག་ད་ལྟའི་རྙེད་ཟིན་པ་འདི་ཙམ་གྱི་དབང་དུ་བྱས་ཀྱང་བོད་ཀྱི་ཡུལ་འདི་མང་ཤོས་སུ་ཡོད་འདུག་ཅིང་། རྒྱ་དཔེ་འདི་དག་འགངས་ཆེ་བར་མ་ཟད་ཡུལ་ཡང་རང་རེའི་ཡུལ་དུ་ཡོད་པས་ཕན་ཆེ” ཞེས་གསུངས་པ་ནི་གསེར་དང་ར་གན་དབྱེ་བ་ལྟ་བུའི་དོན་སྙིང་ཆེ་ཞིང་། འཛམ་གླིང་ཤེས་རིག་གི་ངོས་ཐད་ནས་བོད་ཀྱི་རིག་དངོས་ལ་གདེང་འཇོག་དང་རིན་ཐང་གཏན་འཁེལ་བྱས་པ་ནི་སྔར་བྱུང་མ་མྱོང་བ་ཞིག་ཡིན་ལ། གཅིག་ནས་རྒྱ་བོད་རིག་གནས་བརྗེ་རེས་ཀྱི་འཕེལ་འགྱུར་དཔྱོད་པ་ལ་ལོ་རྒྱུས་ཀྱི་བདེན་དཔང་སྤྲད་ཅིང་། གཉིས་ནས་བོད་ཀྱི་དགོན་སྡེ་ཁག་ཏུ་དུས་ཡུན་རིང་པོར་གསོག་པའི་བསྟན་བཅོས་མང་པོར་དག་བསྒྲིགས་ཐེངས་ཤིག་བྱས་པ་ཡིན་པས།བོད་རྒྱའི་དཔེ་རྙིང་གི་བླ་སྲོག་ཕྱིར་འགུག་དང་རིན་ཐང་བསྐྱར་འགྲེམ་གྱི་དོན་སྙིང་ཤིན་ཏུ་ཆེ།
ད་ལྟའི་སློབ་གཉེར་པ་དག་གིས་ཟང་ཟིང་འབའ་ཞིག་གི་ཆེད་དུ་སྦྱངས་པ་ཨུ་ཚུགས་ཀྱིས་བྱེད་པ་དང་། མི་ཚེའི་འདུན་མ་དངོས་པོའི་ལོངས་སྤྱོད་ཁོ་ནར་བཅོལ་ནས་རིག་གཞུང་དང་ལྟོ་གོས་དོ་མཉམ་དུ་འཇལ་བའི་སྐབས་འདིར། ཁོང་གིས་ལྷོ་ལམ་བྱེ་མ་ཅན་གྱི་ཐང་དུ་ངལ་དུབ་ཀྱི་རྐང་འགྲོས་བཀོད་ཅིང་། ངམ་ནག་རྒྱ་མཚོའི་འོབས་ཀྱིས་བསྐོར་བའི་ས་ཡི་མུ་ཁྱུད་རིང་མོ་མངོན་པར་བརྒལ་ཏེ། ཐ་ན་གཅེས་ཤིང་ཕངས་པའི་ཉམ་ཐག་གི་ཚེ་སྲོག་ཕྲ་མོ་རལ་གྲིའི་སོ་ལ་དྲངས་པར་ཡང་ཐེ་ཚོམ་མེད་པར་ཕུགས་འདུན་མངོན་འགྱུར་ཡོང་བའི་ཆེད་དུ་འབད་འབུངས་བྱས་པ་ནི། ང་ཚོའི་རིན་ཐང་ལྟ་བའི་མིག་རྐྱེན་ཡིན་ལ། དུས་རབས་གསར་པའི་བོད་ཀྱི་རིག་གཞུང་དོན་གཉེར་བ་དག་གི་སྙིང་སྟོབས་ཀྱི་འབྱུང་སའང་ཡིན་ནོ་སྙམ།
མཇུག་སྡུད་པ།
དུས་རབས་ཉི་ཤུ་པར་དགེ་ཆོས་ཀྱིས་པཎྜི་ཏ་རཱ་ཧུ་ལ་དང་མཉམ་དུ་བོད་ཀྱི་དགོན་སྡེ་ཁག་ནས་རྒྱ་དཔེ་འཚོལ་ཞིབ་བྱས་པ་ནི། ཡུན་རིང་རྡུལ་དུ་ཉལ་བའི་དཔེ་རྙིང་འབུམ་ཕྲག་ལ་རྡུལ་དཀྲུགས་ཐེངས་ཤིག་བྱས་པ་ཡིན་ལ། བོད་ན་བཞུགས་པའི་རྒྱ་དཔེའི་རིན་ཐང་ཐོག་མར་སྲང་ལ་བཅལ་བའང་ཡིན་པས། ཁོང་ནི་བོད་ཀྱི་རྒྱ་དཔེ་རྩད་གཅོད་དང་ཞིབ་འཇུག་གནང་མཁན་གྱི་ཐོག་མ་དང་ཆེས་རླབས་ཆེ་བའི་མི་དེ་ཡིན་པར་བརྗོད་ཆོག །

འབྲེལ་ཡོད་འོས་སྦྱོར།