༄༅། །སྨར་ཁམས་རྫོང་རྩེ་ཤོད་ཀྱི་རྡོ་བརྐོས་རྣམ་སྣང་དང་ཉེ་སྲས་བརྒྱད་ལ་ཉམས་ཞིབ་མདོ་ཙམ་བྱས་པའི་ཐོ་ཡིག
རྩོམ་པ་པོ།:ཚངས་དབང་དགེ་འདུན་བསྟན་པ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-02-01
ཀློག་གྲངས།:
གཙོ་སྐུ་རྣམ་པར་སྣང་མཛད། རྡོ་རྗེ་སྐྱིལ་ཀྲུང་། ཕྱག་གཉིས་མཉམ་བཞག །དབུ་ལ་རིན་པོ་ཆེའི་དབུ་རྒྱན་རྩེ་གསུམ་གྱི་དབུས་སུ་ལ་ཐོད་དཀྲིས་པ། སྙན་ཤལ་གྱི་ངོས་སུ་རིན་པོ་ཆེའི་འཕྲ་རྒྱན་དང་སྙན་ཤལ་གྱི་མཇུག་མ་ཕྲག་སྟེང་ལ་དཔྱངས་པ། སྙན་ཤལ་གྱི་མདུད་པའི་སྣེ་མོ་ལ་རིན་པོ་ཆེ་མུ་ཏིག་ལྟ་བུ་བཞི་ཡོད་པ། དབུ་སྐོར་གྱི་རིམ་པ་དང་པོ་ནི་མེ་སྐོར་དང་། གཉིས་པར་མེ་ཏོག་གི་ཕྲེང་བ། གསུམ་པ་ལ་རི་མོ་མེད། གོང་ཁ་རིམ་པ་ཉིས་བརྩེགས་ཅན། ན་བཟའ་ལ་གནོད་སྐྱོན་བྱུང་ཡོད་པས་མཐུ་བཟློག་ཅན་ཡིན་མིན་བཤད་དཀའ།
གདན་གྱི་པད་མ་ནི་ཡ་པད་ཉིས་བརྩེགས་ཅན། དེའི་ཞོལ་ནི་སེང་ཁྲི་ཡིན། སེང་གེ་གཉིས་འབུས་རྣམ་སྣང་གི་སེང་གེ་དང་ཧ་ལམ་འདྲ། འོན་ཏེ། གཡས་ཀྱི་སེང་གེའི་གདོང་ལ་ཆག་སྐྱོན་བྱུང་ཡོད་པས། འབུས་རྣམ་སྣང་གི་སེང་གེ་བཞིན་གདོང་ནི་གཡོན་གྱི་སེང་གེ་ལ་འཁོར་ཡོད་མེད་ཤེས་དཀའོ། །
རྣམ་པར་སྣང་མཛད་ཀྱི་གཡོན་དུ།༡ གཡོན་གྱི་སྟེང་གི་དང་པོ། ནཾ་ཀའྀ་སྙིང་པོ། ཀེར་བཞེངས་ཀྱི་ཚུལ་དུ་བཞུགས་པ། ཕྱག་གཡས་ན་རལ་གྲི་བསྣམས་པ།
༢ གཡོན་གྱི་སྟེང་གི་གཉིས་པ། མེ་ཏི་བྱམས་པ། ཀེར་བཞེངས།
༣ ཞོལ་གྱི་དང་པོ། ཨ་རྒྱ་པ་ལོ། ཀེར་བཞེངས། ཕྱག་གཡོན་ན་པད་མ་བསྣམས་པ།
༤ ཞོལ་གྱི་གཉིས་པ། སའི་སྙིང་པོ། ཀེར་བཞེངས། མཉམ་བཞག་གི་སྟེང་ན་ནོར་བུ་ཞིག་བསྣམས་ཡོད་པ་འདྲ།(བརྟག)
༥ གཡས་ཀྱི་སྟེང་གི་དང་པོ། ཀུན་ཏུ་བཟང་པོ། ཀེར་བཞེངས། ཕྱག་གཡས་ན་པད་མའམ་ཨུཏྤལ་འཛིན་པ།
༦ གཡས་ཀྱི་སྟེང་གི་གཉིས་པ། ཕྱག་ན་རྡོ་རྗེ། ཀེར་བཞེངས། ཕྱག་གཡོན་ན་རྡོ་རྗེ་བྲང་ཀར་འཛིན་པ།
༧ ཞོལ་གྱི་གཡས་དང་པོ། འཇམ་དཔལ་གཞོན་ནུ། ཀེར་བཞེངས། ཆུ་སྐྱེས་པདྨའམ་ཨུཏྤ་ལ་བསྣམས་པ།
༨ ཞོལ་གྱི་གཡས་གཉིས་པ། སྒྲིབ་ཅིང་རྣཾ་པར་སེལ་པ། ཀེར་བཞེངས། རིན་པོ་ཆེའི་པྲོག་ཞུ།(ད་དུང་བརྟག་དགོས།)
ཉེ་སྲས་བརྒྱད་པོའི་ཆ་ལུགས་ནི་བོད་བཙན་པོའི་སྐབས་ཀྱི་རྒྱལ་བློན་ཚོའི་གོན་པ་ལྟར་ཡིན། འདིར་མཚན་བྱང་གི་ཡི་གེ་ལས་གཞན་མཐོང་མ་སོང་། ཐད་ཀར་བལྟས་ན་འབུས་རྣམ་སྣང་དང་འདི་གཉིས་མི་གཅིག་གིས་བཞེངས་པ་ཡིན་འདུག་སྙམ་པའི་ཚོར་སྣང་སྟེར་རོ། །
«དཀར་ཆག་འཕང་ཐང་མ»རུ། འཕགས་པ་སངས་རྒྱས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དང་། འཁོར་སེམས་དཔའ་བརྒྱད་དང་བཅས་པ་སོ་སོར་བསྟོད་པ་དང་། ཞེས་པ་དང་། འཕགས་པ་རྣམ་པར་སྣང་མཛད་དང་། ཤཱཀྱ་ཐུབ་པ་དང་། བྱང་ཆུབ་སེམས་དཔའ་བརྒྱད་ལ་བསྟོད་པ། ཞེས་པའི་བསྟོད་པ་ཚན་པ་གཉིས་ནི་བཙན་པོའི་དུས་ནས་བསྒྱུར་ཡོད་པར་བཤད་ཀྱང་། དེང་གི་བཀའ་བསྟན་རྣམས་སུ་བཞུགས་ཡོད་མེད་རང་གིས་ཐེངས་གཉིས་དང་གཞན་ལ་ཐེངས་གཅིག་བཅས་བསྡོམས་པས་ཐེངས་གསུམ་ལ་བཙལ་ཀྱང་མ་རྙེད་དོ། །ཧ་ལམ་མི་བཞུགས་པ་འདྲའོ། །
འབྲེལ་ཡོད་འོས་སྦྱོར།