logo

༄༅། །འགོ་བརྗོད་ཚངས་པའི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ། །

རྩོམ་པ་པོ།:དོར་ཞི་གདོང་དྲུག་སྙེམས་བློ། ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2023-04-11 ཀློག་གྲངས།:
༄༅། །ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསུང་རབ་དཔེ་ཚོགས་རྒྱ་བོད་ཤན་སྦྱར་པར་གཞིའི་སྤྱིའི་འགོ་བརྗོད།

༄༅། །འགོ་བརྗོད་ཚངས་པའི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ། །
       དེ་ཡང་མགོ་ལོག་རྣམ་རྒྱལ་ཟེར་བའི་བོད་རིགས་ཀྱི་མཁས་པ་འདི་ཉིད་ལྷན་སྐྱེས་ཀྱི་བློ་གསལ་ཞིང་མཛངས་པའི་ཡོན་ཏན་གྱིས་རྒྱུད་ཕྱུག་པ། བརྩོན་པ་ཆུ་བོ་བཞིན་དུ་བསྟེན་པས་རྒྱ་བོད་ཀྱི་སྐད་ཡིག་རིག་གནས་ཀུན་ལ་ནང་བྱན་ཆུད་པ། ཆབ་སྲིད་དང་རིག་གནས་ཀྱི་བྱ་བ་གང་ལ་ཁ་སྐོར་ཀྱང་འཕེར་ནུས་ཆེ་བ། ན་མཉམ་བོད་མིའི་ཁྲོད་དུ་ཡར་ཐོན་རྩེ་བུད་ཀྱི་གྲལ་ཟིན་མཁན་ཞིག་ཡིན་པར་སྨོས་མ་དགོས། དེ་ཡང་སྙིང་སྟོབས་ལྡན་པའི་སྐྱེས་བུ་ཡིས། །བསྒྲུབ་ན་མི་འགྲུབ་གང་ཡང་མེད། །ཅེས་གསུངས་པ་ལྟར། མགོ་ལོག་རྣམ་རྒྱལ་ཁོ་རང་མགོ་ལོག་ཁུལ་གྱི་སྲིད་གཞུང་གི་འགོ་འཛིན་འགན་ཆེན་ཐེག་པའི་ཞར་ཞོར་ཁབ་འགྲོ་འབིགས་འགྲོའི་ཚུལ་དུ་དཔེ་ལྟོས་བྱེད་ཅིང་རྒྱ་ནག་གི་གནའ་དཔེ་རྩ་ཆེན་འབོར་ཆེན་ཞིག་དག་བདེ་གསལ་གསུམ་གྱི་ཁྱད་ཆོས་ལྡན་པར་ཡིག་བསྒྱུར་འགྲུབ་ལེགས་བྱུང་བ་འདི། མིག་གི་མངོན་སུམ་དུ་བཀྲམ་པ་མིན་ན་རྣ་བར་མི་འགྲོ་བའི་རླབས་ཆེན་བྱས་རྗེས་ཞིག་རེད། འཛམ་གླིང་མཐོ་སྒང་དུ་ཆགས་པའི་བོད་མི་རིགས་འདི་རྩྭ་ཐང་ཡངས་པོ་ནམ་མཁའི་མཐའ་ལ་འབྲེལ་བའི་ཁོར་ཡུག་ཏུ་གནས་པའི་རྐྱེན་གྱིས་སེམས་ཁོང་ཤིན་ཏུ་ཡངས་ཤིང་། རང་གི་རིག་གནས་རྐྱང་བ་འཛིན་ཅིང་རིགས་གཞན་གྱི་སྐད་ཡིག་རིག་གནས་སོགས་ལ་མཐོང་ཆུང་བྱེད་པ་དང་མེད་བརླག་ཏུ་བཟོ་འདོད་སེམས་ཁོང་དོག་པའི་འབའ་འབུའི་རྣམ་འགྱུར་དེ་རིགས་མེད་པས། གནའ་དུས་ནས་འདབས་འབྱར་དུ་གནས་པའི་རྒྱ་གར་རྒྱ་ནག་ཞང་ཞུང་འ་ཞ་བལ་བོ་ཧོར་སོག་སོགས་ཀྱི་རིག་གནས་ལག་རྩལ་ལེན་ཅི་ཐུབ་བྱས་ནས་བོད་རང་གི་རིག་གནས་ཀྱི་རི་གླིང་བཀོད་པའི་རྩིག་རྨང་བརྟན་རླིང་བརྗིད་ཆགས་བཏིང་། གཞན་དག་གི་རིག་གནས་ཀྱི་འབྲུ་རིགས་ཟས་རིགས་སྔོ་ཚོད་ལྟ་བུ་སྣ་མང་ཟས་སུ་བསྟེན་པས་རང་རིགས་ཀྱི་ཤེས་རབ་ཀྱི་ལུས་སྟོབས་ཤེད་ཤུགས་འཕེལ་རྒྱས་སུ་སོང་བ་ཡིན་པ་བསྙོན་པར་མི་ནུས་སོ། །མཐའ་སྐོར་གྱི་རིག་གནས་བླངས་པ་དེ་རིགས་རིམ་བཞིན་རང་གི་རིག་གནས་སུ་གྱུར་པ་ཡིན་ལ། དེ་ཡང་ཁོར་ཡུག་གི་གནས་ཚུལ་གནམ་རྩའི་དྲོས་འཁྱག་དད་མོས་སོགས་ཀྱི་སྣོད་བཅུད་ཀྱི་རྟེན་འབྲེལ་ལས་ཟས་གོས་གནས་མལ་ནོམ་རྫས་ཅ་ལག་ཀུན་སྤྱོད་འདུ་ཤེས་སོགས་གཞན་དང་མི་འདྲ་བའི་རང་མཚན་གྱི་ཁྱད་ཆོས་དང་ལྡན་པར་གྱུར་བ་ཡིན་ལ། དེ་ལས་འཛམ་གླིང་ན་གྲགས་སྙན་གྱི་འབྲུག་སྒྲ་སྒྲོགས་པའི་བོད་གངས་ཅན་གྱི་རིག་གནས་རིན་ཆེན་གཏེར་མཛོད་འདི་གྲུབ་པ་རེད། དེ་ཡང་བོད་ཀྱི་རིག་གནས་ཀྱི་རྩ་བ་སྙིང་རྗེ་ཆེན་པོས་སེམས་ཅན་ཐམས་ཅད་ཀྱི་ཕན་བདེ་སྒྲུབ་པའི་སངས་རྒྱས་ཀྱི་ཐེག་པ་ཆེན་པོའི་ཆོས་ལུགས་འདི་ཡིན་ལ། ཆོས་འདིའི་དམིགས་ཡུལ་ནི་སེམས་ཀྱི་རྨོངས་པ་སེལ་ཞིང་ཤེས་བྱ་ཐམས་ཅད་མཁྱེན་པའི་རྣམ་མཁྱེན་གྱི་གོ་འཕང་སྒྲུབ་པ་ཡིན་པས་འཇིག་རྟེན་གྱི་ཤེས་བྱ་གང་ཡང་ཤེས་དགོས་ལ། ས་པཎ་གྱིས། མ་བསླབ་པ་ལ་ཀུན་མཁྱེན་དུ། །འགྲོ་ན་རྒྱུ་འབྲས་ག་ལ་བདེན། །ཞེས་གསུངས་པ་ལྟར། ཤེས་བྱ་གང་ཡང་བསླབ་དགོས།
       དེང་གི་དུས་རབས་འདི་ཤེས་བྱ་སྣ་ཚོགས་ཀྱི་ཀློང་བརྡོལ་ཞིང་རིག་རྩལ་སྣ་ཚོགས་ཀྱི་མཚོ་མཆེད་པའི་ཤེས་རིག་གི་དུས་རབས་ཡིན་ལ། བོད་རང་གི་བཅུ་ཕྲག་རིག་གནས་ཀྱི་སྐེད་རགས་བཅིང་ཡང་། དེང་རབས་ཀྱི་ཤེས་བྱ་དང་ཚན་རིག་མ་ཤེས་ན་མིག་ཡས་ཞར་བའི་གཡག་དང་གཤོག་ཡས་ཆག་པའི་རྒོད་པོ་དང་འདྲ་བས། ཕྱི་ན་ཡོད་པའི་གྲྭ་ས་སེ་འབྲས་སོགས་ན་ཚན་རིག་གི་དཔེ་ཁྲིད་དང་དབྱིན་ཇི་སོགས་སྦྱོང་གི་ཡོད་ལ། དེ་ནི་གཟིགས་རྒྱངས་རིང་བའི་ཇུས་བཀོད་ཅིག་རེད། མགོ་ལོག་རྣམ་རྒྱལ་ལགས་ནས་ཡིག་བསྒྱུར་བྱས་པའི་རྒྱ་ནག་གི་གནའ་དཔེ། རུའུ་ལུགས་ཀྱི་གཙུག་ལག་པོ་ཏི་བཞི་བ་ཞེས་པ་འདི་ནི་རྒྱ་ནག་གི་ལོ་རྒྱུས་སྟེང་དུ་འཕྲིན་ལས་ཧ་ཅང་རྒྱས་པའི་འཇིག་རྟེན་གྱི་མི་ཡ་རབས་ཀྱི་བསམ་པ་དང་སྤྱོད་སྟངས་སྟོན་པའི་འཇིག་རྟེན་ལུགས་ཀྱི་བསྟན་བཅོས་སྐོར་ཅིག་ཡིན་ལ། ཕལ་ཆེར་སངས་རྒྱས་བཅོམ་ལྡན་འདས་དང་དུས་མཉམ་པའི་རྒྱ་ནག་གི་སྟོན་པ་ཁུང་ཙི་ཟེར་བ་འདི་བོད་ཀྱི་ནག་རྩིས་དང་ཀླུང་རྟའི་བསྐྱེད་ཆོག་སོགས་ཀྱི་ནང་ན་ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་ཞེས་པ་དེ་དང་མི་གཅིག་རེད་ཅེས་བཤད་རྒྱུན་ཡོད་ཀྱང་དེ་བདེན་མིན་ཐག་མི་ཆོད་ལ། དཔེར་ན། གཅོད་ཡུལ་གྱི་སློབ་དཔོན་ཕ་དམ་པའམ་དམ་པ་སངས་རྒྱས་ཟེར་བའི་རྒྱ་གར་བ་དེ་རྒྱ་ནག་ཏུ་ཁྲན་ཙུང་ཟེར་བའི་ཏིང་འཛིན་སྒོམ་སྲོལ་སྤེལ་མཁན་གྱི་སློབ་དཔོན་དྷརྨ་ཡིན་ཤེས་བཤད་མཁན་ཡོད་ཀྱང་དེ་ནི་ནོར་འཁྲུལ་ཆེན་པོ་སྟེ། སློབ་དཔོན་དྷརྨ་ཟེར་བ་དེ་དུས་རབས་དྲུག་པའི་དཀྱིལ་དུ་བྱུང་ཞིང་། ཕ་དམ་ནི་དུས་རབས་བཅུ་གཅིག་པའི་དཀྱིལ་སྨད་ཙམ་ལ་བོད་དུ་ཕེབས་པ་ཡིན་པར་དེབ་ཐེར་སོགས་སུ་གསལ་བས་དེ་གཉིས་མི་གཅིག་ཡིན་པར་ཅི་ལྟར་འགྱུར། དེ་བཞིན་དུ་བོད་དུ་འགྱུར་བའི་རྒྱ་གར་གྱི་མཁས་པ་སྐོར་ཅིག་གི་ལོ་ཚིགས་ཀྱི་སྟེང་ན་ཡང་དེ་འདྲའི་ནོར་འཁྲུལ་མང་དུ་འདུག །ཁུང་ཙི་དང་དེའི་ཡང་སློབ་མེང་ཙི་གཉིས་ལ་ཁུང་མེང་རིང་ལུགས་ཟེར་བ་ཡིན་ལ། དེའི་རིང་ལུགས་ཀྱི་ལྟ་སྤྱོད་ཀྱི་ཉིང་ཁུ་ནི། བྱམས་བརྩེ། ཕན་སེམས། གུས་སྲོལ། ཤེས་རབ། ཡིད་བརྟན་འཕེར་བ་བཅས་དོན་ཚན་ལྔའམ། རྒྱལ་པོ་དང་བདག་པོ་སོགས་ལ་བློ་ཐུབ་པ། ཕ་མའི་དྲིན་བསབ་པ། འབངས་ལ་བྱམས་བརྩེས་སྐྱོང་བ། མཛངས་པའི་ལུགས་སྲོལ་ལ་གུས་བརྩི་བྱེད་པ། བྱ་སྤྱོད་གང་ལ་ཡང་ཤེས་རབ་ཀྱིས་དཔྱོད་དགོས་པ། ཡིད་ཆེས་དམ་ཚིག་བརྟན་པ། ཞི་བདེ་མཛའ་མཐུན་བྱེད་པ་སོགས་དོན་ཚན་བདུན་ཡི་གེ་བརྒྱད་དུ་བསྡུ་ཚུལ་ཡོད། ཁུང་ཙིའི་ལྟ་སྤྱོད་ཀྱི་གནད་འགག་དབུ་མ་ཞེས་པ་ཡིན་ལ། དེའི་དབུ་མའི་དོན་ནི། གནས་ལུགས་དང་མཐུན་པ། འོས་ཤིང་འཚམ་པ། ཐལ་ཆེ་བ་མ་ཡིན་པ་སོགས་ཀྱི་དོན་ཡིན་ལ། དེ་ནི་སངས་རྒྱས་ཆོས་ལུགས་ཀྱི་དབུ་མའི་ལྟ་བ་དང་དོན་གཅིག་ཡིན་ཟེར་མཁན་ཡོད་ཀྱང་སངས་རྒྱས་ཆོས་ལུགས་ཀྱི་དབུ་མའི་ལྟ་བ་ཟེར་བ་དེ་ཡོད་མཐའའམ་རྟག་མཐའ་དང་། མེད་མཐའའམ་ཆད་མཐའ་བཀག་པའི་དངོས་པོའི་གནས་ལུགས་ཀྱི་དོན་ཡིན་ལ་གོང་བཤད་དེ་དང་མི་འདྲའོ། །ཡིན་ན་ཡང་ཁུང་མེང་གི་ལྟ་བ་དེ་འཇིག་རྟེན་ཡ་རབས་ཀྱི་ལུགས་སྲོལ་ཞིག་ཡིན་པས། འཇིག་རྟེན་བྱ་སྤྱོད་ལ་རང་རེས་བསླབ་དགོས་པའི་ལེགས་བཤད་མང་དུ་ཡོད། སྙིགས་དུས་ཀྱི་འཁོར་སྒྱུར་ཧོར་རྒྱལ་ཆིང་གེ་སིས། སངས་རྒྱས་ཆོས་ལུགས་སེམས་སྦྱོང་བ་ལ་ཕན། རུའུ་ལུགས་རྒྱལ་སྲིད་སྐྱོང་བ་ལ་ཕན། ཞེས་གསུངས་པ་གནད་ལ་ཁེལ་བའི་གཏམ་དུ་སྣང་། འཇིག་རྟེན་བྱ་བ་འཇིག་རྟེན་གྲགས་ཚོད་དང་བསྟུན་དགོས་པ་ཐུབ་པའི་དགོངས་པ་ཡིན་ལ། དེའི་སྟབས་ཀྱིས་དཔལ་ལྡན་ཟླ་བ་གྲགས་པས། འཇིག་རྟེན་གྲགས་པའི་ཀུན་རྫོབ་མ་བརླག་ཅིག་ཅེས་གསུངས་པ་ཡིན་ལ། འཇིག་རྟེན་གྱི་ལྟ་སྤྱོད་གོམས་སྲོལ་ཐམས་ཅད་ཉིན་རེ་བཞིན་འགྱུར་གྱིན་ཡོད་པ་འདུས་བྱས་ཐམས་ཅད་མི་རྟག་པ་ཞེས་པའི་ལྟ་བའི་ཕྱག་རྒྱ་ལས་མ་འདས་ཤིང་། འཇིག་རྟེན་གྱི་དངོས་པོ་ཐམས་ཅད་དུས་སྐད་ཅིག་ཀྱང་རང་བཞིན་དེའི་སྟེང་དུ་མི་སྡོད་པར་འགྱུར་གྱིན་ཡོད་པས་མི་རྣམས་ཀྱི་བསམ་པ་དང་ལྟ་ཚུལ་ཚང་མ་དུས་དང་འགྲོས་མཐུན་དུ་འགྱུར་གྱིན་ཡོད་པ་ལྡོག་ཏུ་མེད་པའི་ཆོས་ཉིད་ཡིན་པས་རང་བཞིན་མེད་དང་རང་ངོས་ནས་མ་གྲུབ་པ། རང་མཚན་གྱིས་མ་གྲུབ་པ་སོགས་སུ་གསུངས་པ་ཡིན་ལ། དབུ་མ་ཐལ་འགྱུར་བས་ཀུན་རྫོབ་ཏུ་ཡང་རང་བཞིན་གྱིས་དང་རང་མཚན་གྱིས་མ་གྲུབ་པར་འདོད་པའི་གནད་ཅིག་དེ་ལ་ཐུག །ཚད་མ་བས་ཚད་མའི་མཚན་ཉིད་མི་བསླུ་བ་ལ་གསར་རྟོགས་སྣོན་པའི་རྒྱུ་མཚན་དངོས་པོ་རང་སྟེང་གི་འགྱུར་ལྡོག་དེ་ལ་ཐུག་ཡོད། སངས་རྒྱས་ཆོས་ཀྱི་ཟབ་གནད་མཐར་ཐུག་དབུ་མའི་ལྟ་བ་ཡིན་ལ་ཟབ་གནད་དེའི་ལྕགས་ཟ་འབྱེད་པའི་རིགས་ལམ་གྱི་ལྡེ་མིག་ཚད་མ་ཡིན་པས་གཞུང་དེ་གཉིས་མ་ཤེས་ན་སངས་རྒྱས་ཆོས་ལུགས་ཟབ་གནད་ཤེས་པའི་རེ་བ་མེད་དོ། །བོད་ཀྱི་རིག་གནས་བཅུ་ཟེར་བ་དེའི་ནང་གི་ནང་དོན་རིག་པ་སངས་རྒྱས་ཆོས་ལུགས་ཀྱི་གཞུང་ཡིན་པ་མ་གཏོགས་གཞན་ཚང་མ་ཕྱི་རོལ་བའི་རིག་གནས་དང་ཕྱི་ནང་ཐུན་མོང་གི་རིག་གནས་ཡིན་ལ། ཆོས་ལུགས་ཀྱི་གཞུང་གི་ནང་ན་ཡང་རྒྱ་གར་གནའ་དུས་ཀྱི་བཤད་ཚུལ་མང་དུ་འདྲེས་ཡོད་ལ། དཔེར་ན་འཇིག་རྟེན་ཆགས་ཚུལ་ལ་མཛོད་ཀྱི་ལུགས་དང་དུས་འཁོར་གྱི་ལུགས་གཉིས་ཡོད་ལ་དུས་འཁོར་གྱི་ལུགས་དེ་ཚན་རིག་གི་བཤད་ཚུལ་དང་བར་ཐག་ཉེ་བ་འདྲ། འཇིག་རྟེན་གྱི་རྣམ་བཞག་འཇིག་རྟེན་དང་བསྟུན་དགོས་པ་དང་། དེ་ཡང་རིགས་པའི་སྒྲུབ་བྱེད་རྣོན་པོ་དགོས་པས། མཛོད་ཀྱི་རི་གླིང་ཆགས་ཚུགས་སོགས་ཚན་རིག་པ་དང་བརྩད་ན་རྩོད་བཟློག་བྱེད་དཀའ། དེའི་སྟབས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ཀྱིས། འཇིག་རྟེན་ང་དང་རྩོད་ཀྱི། །ང་ནི་འཇིག་རྟེན་དང་མི་རྩོད་དེ། །དེ་ཅིའི་ཕྱིར་ཞེ་ན་འཇིག་རྟེན་ན་གང་ཡོད་པར་འདོད་པ་དེ་བདག་གིས་ཀྱང་ཡོད་པར་འདོད་ལ། འཇིག་རྟེན་ན་གང་མེད་པར་འདོད་པ་དེ་བདག་གིས་ཀྱང་མེད་པར་འདོད་དོ། །ཞེས་གསུངས་པ་མདོ་ལས་བྱུང་ངོ་། །དེ་ནི་འཇིག་རྟེན་གྱི་རྣམ་བཞག་འཇིག་རྟེན་དང་བསྟུན་དགོས་པའི་དོན་ཡིན་ལ། དེང་སང་འཇིག་རྟེན་ཁམས་ཀྱི་རྣམ་བཞག་ཚན་རིག་གཙོ་བོར་འཛིན་པས་ཚན་རིག་ལ་མ་བསྟུན་ཐབས་མེད་ཡིན། རྒྱའི་གནའ་དུས་ཀྱི་གཙུག་ལག་གི་གཞུང་འདི་ཚོའི་ནང་ན་ཡང་འཇིག་རྟེན་ལུགས་ཀྱི་ལྟ་སྤྱོད་ཕྱོགས་ལ་ཤེས་རབ་ཀྱི་འོད་ཟེར་འཕྲོ་བའི་ལེགས་བཤད་མང་དུ་ཡོད་ལ། ས་པཎ་གྱིས། དྲི་ཞིམ་བྱུང་ན་རི་དྭགས་ཀྱི། །ལྟེ་བ་ནས་ཀྱང་གླ་རྩི་ལེན། །ཞེས་གསུངས་པ་ལྟར། རིན་པོ་ཆེ་ཡོད་ན་དུད་འགྲོ་ཡིན་མ་ཡིན་མེད། ཤ་རྭ་གླ་རྩི་གྷི་ཝང་བ་སོ་སོགས་དུད་འགྲོའི་ལུས་ལས་བྱུང་བ་ཤ་སྟག་ཡིན་ལ། སངས་རྒྱས་ཆོས་ལུགས་ཀྱི་བདུད་རྩི་མྱངས་པའི་བོད་མི་རིགས་ནི་ཁོག་རྒྱ་ཤིན་ཏུ་ཡངས་པའི་མི་རིགས་ཤིག་ཡིན་པས་བོད་གངས་ཅན་པ་རིག་གནས་ཀྱིས་ཕྱུག་པའི་མི་རིགས་ཤིག་ཏུ་གྱུར་པ་རེད། དེ་ལྟ་བུའི་དོན་ལ་བསམ་ན་རྒྱ་ནག་གི་རིག་གནས་བསྡུ་ལེན་བྱེད་དགོས་པར་མ་ཟད། རྒྱ་སེར་གྱི་རིག་གནས་ཀྱི་ལེགས་ཆ་ཡང་ལེན་དགོས། འོན་ཀྱང་གཞན་གྱི་རིག་གནས་དེ་རིགས་རང་གི་རིག་གནས་ཀྱི་ཟུར་བརྒྱན་བྱེད་པ་ལས་རང་གི་རིག་གནས་ཀྱི་འཚབ་བྱེད་མི་རུང་ངོ་། །གལ་ཏེ་རང་གི་རིག་གནས་ཀྱི་རྒྱུན་བཅད་ནས་གཞན་ཞིག་གི་རིག་གནས་ཀྱིས་བདག་པོའི་གོ་ས་བཟུང་ན། ཉིན་མོ་དེ་ནི་མི་རིགས་དེ་ཡང་ཚེ་མཇུག་རྫོགས་པའི་ཤི་སྐར་ཡིན། སྲོལ་རྒྱུན་རིག་གནས་ནི་མི་རིགས་ཀྱི་བླ་སྲོག་ཡིན་པས་མི་རིགས་དེའི་རྒྱུན་གནས་དགོས་ན་རིག་གནས་དེ་ཡང་གནས་དགོས་པའི་སྟབས་ཀྱིས་ལྔ་བཞིའི་འགུལ་བསྐྱོད་སྐབས་གསར་བརྗེ་བ་རྣམས་ཀླད་པ་ངར་ལངས་ནས་རྒྱལ་ཡོངས་ཀྱི་སྲོལ་རྒྱུན་རིག་གནས་བསྣུབ་འགོ་བརྩམས། རིག་གནས་གསར་བརྗེ་སྐབས་ཀླད་པ་ལ་ཚ་ལོག་བརྒྱབ་ནས་སྲོལ་རྒྱུན་རིག་གནས་ཤུལ་མེད་དུ་བཟོས། ད་ལྟ་གོ་རྟོགས་སད་ནས་སྲོལ་རྒྱུན་རིག་གནས་མེད་དུ་མི་རུང་བར་མཐོང་ཞིང་སླར་གསོའི་འབོད་སྐུལ་དང་ལག་ལེན་བྱེད་པའི་སྦྱོར་བ་བརྩམས། དེའི་རྟགས་མཚན་གལ་ཆེན་ཞིག་ནི་གནམ་བདེ་སྒོ་མོ་ཆེའི་མདུན་དུ་ཁུང་ཙིའི་འདྲ་སྐུ་བཞེངས་པ་དེས་མཚོན་ཐུབ། འདི་དང་དུས་མཚུངས་སུ་བཀས་བཀོད་རྒྱུད་འཛིན་གྱི་བསམ་བློ་བར་ཞྭ་ནག་བསྐོན་ནས་ལོ་མང་པོར་དགག་པ་ཚ་ནན་བརྒྱབ་མྱོང་བའི་སྟོན་པ་ཁུང་ཧྥུ་ཙིའི་གཞུང་ལུགས་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་དྲིལ་བསྒྲགས་འགྲེམ་སྤེལ་བྱེད་པ་དང་། ཕྱིའི་རྒྱལ་ཁབ་མང་པོ་ཞིག་ན་ཁུང་ཙིའི་སློབ་གྲྭ་ཡང་གསར་འཛུགས་བྱས་འདུག །དེ་འདྲའི་གོ་སྐབས་ལ་ཁེལ་ཡོད་པས་སྲོལ་རྒྱུན་རིག་གནས་ཀྱི་གཞུང་ལུགས་ལོ་ཙཱ་སྒྱུར་བ་དང་དཔར་འདེབས་བྱེད་པའི་སྐལ་བ་ལྡན་པ་རེད། ལོ་རྒྱུས་སྟེང་དུ་རྒྱ་ཡུལ་ནས་རྒྱལ་བའི་གསུང་རབ་དང་སྨན་རྩིས་ཀྱི་སྐོར་ཁ་ཁར་དང་འཐབ་འཁྲུག་རྒྱལ་རབས་ཀྱི་ཐབས་བྱུས་ཟེར་བ་སོགས་ལས་གཙུག་ལག་པོ་ཏི་བཞི་བ་སོགས་བསྒྱུར་ཡོད་པ་མི་སྣང་ངོ་། །
       གཙུག་ལག་པོ་ཏི་བཞི་བ་ཕན་ཆད་མགོ་ལོག་རྣམ་རྒྱལ་ལགས་ཀྱིས་ཐང་རྒྱལ་རབས་ཀྱི་སྙན་ངག་སུམ་བརྒྱ་པ། སློབ་བུའི་བསླབ་བྱ། བྱིས་པའི་གཙུག་ལག་འབྲུ་གསུམ་པ། བྱིས་པའི་སྙན་ངག་བརྒྱ་རྩ། སློབ་གསོའི་ཟིན་ཏིག །ལའོ་ཙི། སུན་ཙིའི་དམག་ཇུས་དང་ཇུས་བློའི་ཁུག་པ་སོ་དྲུག །ཐང་སུང་མཁས་མཆོག་བརྒྱད་ཀྱི་ལྷུག་རྩོམ་བདམས་བསྒྱུར། ལིའོ་ཀྲའེ་གཏམ་རྒྱུད་བདམས་སྒྱུར་སོགས་རྒྱའི་བསྟན་བཅོས་དགུ་ཙམ་བདམས་བསྒྱུར་ཡོད་པ་འདི་དག་ཡང་། རྒྱའི་སྲོལ་རྒྱུན་རིག་གནས་ཀྱི་སྙིང་བཅུད་ཤ་སྟག་ཡིན་ཞིང་། བགྱི་བ་འདི་ཡིས་འབྱུང་འགྱུར་སྒེར་དང་ཐུན་མོང་གང་དེའི་རིག་གནས། མི་གཞི། ཕུགས་བསམ། ཁྲིམས་ལུགས་སོགས་འདུ་བའི་བསམ་བློ་ཀུན་སྤྱོད་སྣ་ཚོགས་འཛུགས་སྐྲུན་བྱེད་པར་ཕན་འདྲོང་བསམ་གྱིས་མ་ཁྱབ་ལ། སྒོས་སུ་མི་རིགས་རང་གི་ཆབ་སྲིད། དཔལ་འབྱོར། ཆོས་ལུགས། སློབ་གསོ། རྩོམ་རིག །སྒྱུ་རྩལ་སོགས་ཀྱི་སྒོ་ཀུན་ལ། གནའ་དེང་ཟུང་འབྲེལ་དང་བདག་གཞན་བརྗེ་རེས་ཀྱི་འགྲོས་ལྟར་རིག་ཚན་བྱེ་བྲག་གང་དེ་སྔར་བས་མ་ལག་ཅན་དང་ཚན་རིག་ཅན་དུ་ཕྱོགས་པར་མཛུབ་སྟོན་དང་ཕྱོགས་སྟོན་བྱེད་པར་རྔོ་ཤིན་ཏུ་ཐོགས་པར་མ་ཟད། གཞན་སྨྲ་བའི་ཁྱུ་མཆོག་མགོ་ལོག་རྣམ་རྒྱལ་ཉིད་ཁུལ་དཔོན་གྱི་ལས་གནས་ལས་གཟུར་ཏེ། དམངས་ཆེན་གྱི་ཀྲུའུ་རེན་རྒན་པ་དང་ཞིང་ཆེན་སྲིད་གཞུང་གི་བློ་འདོན་པའི་འགན་བཞེས་པའི་ཁོམ་གསེང་དང་། ལས་འཁྱེར་ངལ་གསོ་གནང་རྗེས་ཀྱི་དུས་སྐལ་སོགས་དམ་དུ་བཟུང་ནས་ལེགས་པར་སྤྱད་ཅིང་། ཤེར་བརྩོན་ཟུང་འབྲེལ་གྱིས་བསྟན་བཅོས་སུམ་ཅུ་ལྷག་ཡིག་བསྒྱུར་གནང་ཡོད་ལ། དེ་དག་ནི་བསྟན་ཆོས་ཆེན་མོ་ལྔ་སྟེ། སྙན་ངག་བསྟན་ཆོས། ལོ་རྒྱུས་ཡི་གེ། གུས་ལུགས་བསྟན་ཆོས། སྤོར་ཐང་རྩིས་ཀྱི་བསྟན་ཆོས། དུས་བསྟན་ལོ་རྒྱུས་དེབ་ཐེར་རྣམ་གསུམ་དང་། ཀྲོང་ཙི། སྲི་ཞུའི་གསུང་རབ། ཀྲོའུ་ཙིའི་ཁྱིམ་སྐྱོང་ལེགས་བཤད། གདམས་པ་རྣམ་བཞི། དཔོན་པོའི་བསྟན་ཆོས། སྔོ་ཚད་ཀྱི་རྩ་བ་བརྗོད་པ། རྒྱལ་པོའི་སྨན་གྱི་བེ་བུམ། སློབ་བུའི་ཁུར་ཐང་། སློབ་བུ་ལ་གདམས་པ། གནའ་དེང་འཕགས་པའི་གཏམ་ཚོགས། ཕུག་པ་ཞིག་རལ་ལ་སྦྱར་བ། བགྲེས་པོ་ཁུང་ཙིའི་གཏམ། བགྲེས་པོ་ལིའོ་ཙིའི་གཏམ། བགྲེས་པོ་ཀྲོང་ཙིའི་གཏམ། བགྲེས་པོ་མེང་ཙིའི་གཏམ། བགྲེས་པོ་སུན་ཙིའི་གཏམ། བགྲེས་པོ་ཧན་ཧྥེ་ཙིའི་གཏམ། བགྲེས་པོ་ཞིན་ཙིའི་གཏམ། བགྲེས་པོ་ཀོན་ཙིའི་གཏམ། བགྲེས་པོ་མའོ་ཙིའི་གཏམ། བགྲེས་པོ་ཡན་ཙིའི་གཏམ་སྟེ་བགྲེས་པོ་བཅུ་ཡི་གཏམ་དང་། གཙུག་ལག་པོད་བཞི་མ་དང་བསྟན་ཆོས་ལྔ་ལས་ཚིག་རྐང་ཉིས་བརྒྱ་པ། གནའ་རྩོམ་གྲགས་ཆེན་བཞི་ལས་ཐོག་ཁང་དམར་པོའི་རྨི་ལམ་དང་། རྒྱལ་ཁབ་གསུམ་གྱི་སྤྲོས་སྒྲུང་བཅས་འགྱུར་འབྲས་སྤམ་མཐོ་བ་བརྩིགས་ཡོད་པ་དག་ལྔ་ཚན་བཅུ་བཞི་པའི་རྒྱལ་ཁབ་ཀྱི་གཙོ་གནད་དཔེ་སྐྲུན་འཆར་འགོད་རྣམ་གྲངས་སུ་བཞག་ནས་ད་ལོ་ནས་དཔེ་སྐྲུན་བྱེད་འཆར་ཡོད་པ་སོགས་ནི། ཅིས་ཀྱང་སྐུ་ཞབས་རྣམ་རྒྱལ་རང་ངོས་ཙམ་མིན་ཞིང་། བསིལ་ལྡན་ཁ་བ་ལྗོངས་ཀྱི་ཡིག་བསྒྱུར་བྱ་གཞག་སྤྱིའི་མཐོངས་ནས་ལོ་རྒྱུས་རང་བཞིན་ཅན་དང་ཐོད་བརྒལ་རང་བཞིན་ཅན་གྱི་གྲུབ་འབྲས་འབའ་ཞིག་ཏུ་འགབ་པས། མ་འོངས་བོད་རིགས་གཞོན་ནུ་རྣམས་ཀྱིས་སྐུ་ཞབས་ཁོང་གི་རིག་གནས་སྙིང་སྟོབས་དཔེ་རུ་བཟུང་སྟེ། བོད་ཀྱི་རིག་གནས་བྱ་བའི་དགའ་ཚལ་ཆེན་མོ་འདིར་ཤེས་བྱའི་འབྲས་བུ་གསར་པ་སྨིན་པར་འབད་འབུངས་ཡོད་པར་ཤོག །
       མདོར་ན་གཞུང་ལུགས་འདི་དག་བོད་ཡིག་ཏུ་བསྒྱུར་བ་འདི་ནི་རིག་གནས་ཀྱི་ལག་རྗེས་གཟི་འོད་བསྐལ་པར་གནས་པ་ཞིག་རེད། ང་རང་བོད་ཀྱི་གཞུང་ལུགས་སྨྲ་བ་ཞིག་ཡིན་པའི་ངོས་ནས་བསྒྱུར་རྩོམ་འདིའི་ཆེ་བརྗོད་ཀྱི་འགོ་བརྗོད་དང་འབྲེལ་བར་སྐད་གཉིས་སྨྲ་བའི་མཁྱེན་ཡངས་རྣམ་རྒྱལ་ལགས་ལ་ཐུགས་རྗེ་ཆེ་ཞུ་གི་ཡིན།
ཞེས་དོར་ཞི་གདོང་དྲུག་སྙེམས་བློས་བྲིས།
འབྲེལ་ཡོད་འོས་སྦྱོར།