གླིང་སྐལ་བཟང་ལེགས་བཤད་རྒྱ་མཚོ་དང་ཁོང་གི་ཟློས་གར་བསྟན་བཅོས་སྐོར་གླེང་བ།
རྩོམ་པ་པོ།:བན་དེ་མཁར།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2023-04-17
ཀློག་གྲངས།:
གཅིག གླིང་སྐལ་བཟང་ལེགས་བཤད་རྒྱ་མཚོ།
གླིང་སྐལ་བཟང་ལེགས་བཤད་རྒྱ་མཚོ་ནི་རབ་བྱུང་བཅོ་ལྔ་པའི་ལྕགས་བྱི་སྤྱི་ལོ1900ལོའི་ཟླ3པའི་ཚེས11ཉིན་མདོ་སྨད་མཛོད་དགེ་སྨད་ཀྱི་དམེ་བོ་ཤོག་པའི་ཨ་ཡོན་ཚོ་བའི་ཐེ་བོ་ཟེར་བའི་ཁྱིམ་གཞིར་ཡབ་སངས་རྒྱས་སྐྱབས་དང་ཡུམ་ལྷ་མོ་ཐར་གཉིས་ཀྱི་སྲས་སུ་སྐུ་བལྟམས། 1906ལོའི་ཟླ2པའི་ཚེ11ཉིན་ཀུན་མཁྱེན་བཞི་པ་ཆེན་པོས་གླིང་ཚང་གི་སྤྲུལ་བའི་སྐུར་ངོས་འཛིན་གནང་། “རྗེ་འདི་གླིང་རྗེ་གེ་སར་དང་རུས་གཅིག་པ་ཡིན་པར་གླེང་བ་བདེན་རྫུན་ཤན་འབྱེད་དཀའ་ཚུལ་གདན་རབས་ལས་གསུངས། ཆུང་ངུའི་དུས་ནས་གདན་ས་འདིར་ཞུགས། གཞོན་དུས་རྩུབ་སྤྱོད་ཆེ་ཡང་ཕྱིས་སུ་ཞི་དུལ་བག་ཡོད་ཀྱིས་གཞུང་ལུགས་ལ་སྦྱངས་པས་ཀུན་གྱིས་བསྔགས་བརྗོད་དང་མཁས་པའི་གྲགས་པ་རྒྱས།”ཞེས་གསུངས་ཡོད། ལོ་དེའི་ཟླ9པའི་ཚེས22ཉིན་གླིང་ཚང་བླ་བྲང་གི་ཚོགས་ཆེན་ལ་ཞབས་པད་བཀོད་དེ་ཁྲི་སྟོན་བྱས་པ་དང་གླིང་ཚང་གི་ནང་ཆེན་ནས་བཞུགས། དགུང་ལོ་བཅུའི་ཐོག་རྨད་བྱུང་ཐོས་བསམ་གླིང་དུ་ཞུགས་གནང་མཛད་ཅིང་། ཟླ་བཅུ་པའི་ཚེས་བཅུ་གཉིས་ཉིན་ཀུན་མཁྱེན་བཞི་པ་ཆེན་པོའི་མདུན་སར་རབ་ཏུ་བྱུང་སྟེ་གླིང་སྐལ་བཟང་ལེགས་བཤད་རྒྱ་མཚོ་ཞེས་པའི་མཚན་གསོལ། དགེ་བའི་བཤེས་གཉེན་གྲགས་པ་མཐའ་ཡས་དང་ཨ་ཁུ་བསྟན་འཕེལ། ཨ་ཁུ་སྨོན་ལམ་སོགས་ལས་མདོ་སྔགས་ཀྱི་གཞུང་ཆེན་རྣམས་ལ་ཐོས་བསམ་རྒྱ་ཆེར་གནང་སྟེ་ཕར་ཕྱིན་དམ་བཅའ་བཞག “1920ལོར། ཁོང་ཀུན་མཁྱེན་སྐུ་ཕྲེང་ལྔ་བ་ཁྲི་ལ་འགོད་པའི་གོ་རིམ་ཆ་ཚང་ལ་ཞུགས་པ་དང་། ལོ་རྗེས་མའི་ཟླ2པའི་ཚེས8ཉིན་རབ་ཏུ་བྱུང་བ་ལ་ལྷ་སྐུ་ཕུལ་ནས་གུས་འདུད་དང་བདེ་ཐང་ཡོང་བའི་སྨོན་འདུན་ཞུས།”ཞེས་གསུངས། གླིང་ཚང་ཆོས་གྲྭ་འགྲིམས་ཏེ་རིག་པའི་གནས་མཐའ་དག་ལ་ནང་བྱན་ཆུད་རྗེས་དགུང་ལོ་ཉི་ཤུ་པ་ལྕགས་སྦྲུལ་སྤྱི་ལོ1920ལོར་བྲག་དཀར་དགོན་གསང་སྔགས་སྨིན་རྒྱས་གླིང་གི་ཁྲིར་བཞུགས་ཏེ་ལོ་ངོ་གསུམ་གྱི་ཡུན་ལ་དགོན་སྡེ་ཆོས་བཞིན་བསྐྱངས། དེའི་སྐབས་སུ་གནས་དེར་བླ་བྲང་བཀྲ་ཤིས་འཁྱིལ་ལྟར་ཚོགས་སྲོལ་བཏོད་ཅིང་། དེ་ནས་རྡོ་རམས་པ་མཛད་དེ་ཆོས་གྲྭ་ཆགས་མེད་གནང་།
ཀྲང་ཆིང་ཡོའུ་ཡི«ཨ་མདོའི་ཟློས་གར་གསར་གཏོད་མཛད་མཁན་ལས་གླིང་ཚང་སྤྲུལ་སྐུ»ཞེས་པར“1928ལོར། ཁོང་གིས་སྨད་སོག་གི་ཧུའུ་ལོན་པེ་ཨེར་ས་ཆར་སྐྱེ་འགྲོ་ཡོངས་ལ་དུས་འཁོར་དབང་ཆེན་གནང་། སྨད་སོག་ཏུ་ལོ་ངོ་བཅུ་ཕྲག་ལ་བཞུགས་པའི་དུས་སུ་ལོ་རེ་བཞིན་པེ་ཅིན་དུ་ཕེབས་ཏེ་དགུན་ཁར་རོལ་ཞིང་། དེའི་སྐབས་སུ་མེ་ལན་ཧྥང་དང་ཧྲང་ཞའོ་ཡུན། ཅིན་ཧྲའོ་ཡི། ལི་ཏུའོ་ཁུའེ། ལི་ཝན་ཁྲུན་སོགས་མིང་དུ་གྲགས་པའི་ཟློས་གར་སྒྱུ་རྩལ་པས་ཅིན་ཅུས་ཟློས་གར་འཁྲབ་སྟོན་བྱས་པར་གཟིགས་མོལ་གནང་། ཁྱད་པར་དུ་མེ་ལན་ཧྥང་དང་འབྲེལ་ཟབ་ཆེ་བས་ཁོང་གཉིས་ཟློས་གར་སྐོར་གྱི་གླེང་མོལ་མང་པོ་བྱས་པར་གྲགས། ཁོང་གིས་པེ་ཅིན་དུ་འཁྲབ་པའི་ཅིན་ཅུས་ཟློས་གར་ལ་གཟིགས་མོལ་གནང་ཞིང་ཟློས་གར་མཁན་པོ་དང་གླེང་མོལ་བྱས་པའི་གོ་རིམ་ཁྲོད་ཅིན་ཅུས་ཟློས་གར་ལ་རྒྱུས་མངའ་ཆེན་པོ་བྱུང་བར་བཤད་པས། རྗེས་སུ་ཁོང་གི་ཟློས་གར་གསར་རྩོམ་གྱི་ཁྲོད་དུའང་འདིའི་སྐོར་གྱི་རིག་གནས་ཀྱིས་ཤན་ཤུགས་ཐེབས་པར་བཤད། 1944ལོ་ནས་ཁོང་གིས་ཨ་མདོའི་ཁྱད་ཆོས་ལྡན་པའི་ཟློས་གར«སྲོང་བཙན་སྒམ་པོ»གར་སྟེགས་སྟེང་འཁྲབ་སྟོན་བྱས་པར་མ་ཟད། སྔ་གཞུག་ཏུ«དད་པ་བརྟན་པོ»དང«རཱ་མ་ཎའི་རྟོགས་བརྗོད»སོགས་ཟློས་གར་འཁྲབ་གཞུང་གསར་རྩོམ་དང་འཁྲབ་སྟོན་བྱས་ཏེ་བོད་ཀྱི་ཟློས་གར་རིག་གནས་འཕེལ་རྒྱས་སུ་འགྲོ་བར་བྱས་རྗེས་ཆེན་པོ་བཞག་མྱོང་། མཐར་དགུང་ལོ་གྱ་བརྒྱད་པ་རབ་བྱུང་བཅུ་བདུན་པའི་ས་འབྲུག་སྤྱི་ལོ1988ལོའི་དཔྱིད་ཟླ་གསུམ་པའི་ཚེས་བརྒྱད་ཉིན་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་བསྟན།
གཉིས། གླིང་སྐལ་བཟང་ལེགས་བཤད་རྒྱ་མཚོ་དང«སྲོང་བཙན་སྒམ་པོ»ཡི་ཟློས་གར།
1944ལོའི་ཟླ10པའི་ཚེས16ཉིན། ཀུན་མཁྱེན་ལྔ་བ་ཆེན་མོས་བཀྲ་ཤིས་རབ་བརྟན་ནས་སློབ་གྲྭ་པ་ཀུན་ལ་རྣམ་ཐར་ཟློས་གར་གྱི་གལ་ཆེན་རང་བཞིན་དང་དད་ལྡན་ཡོངས་ཀྱི་མིག་ལམ་དུ་བསྟར་དགོས་ཚུལ་བསྟན་ལ། མི་རིགས་རིག་གནས་གོང་འཕེལ་དང་རྒྱ་བོད་མི་རིགས་མཐུན་སྒྲིལ་ཡོང་ཆེད། 1945ལོར་དངོས་སུ་སྲོང་བཙན་སྒམ་པོའི་རྣམ་ཐར་ཟློས་གར་གྱི་དོ་དམ་པ་དང་འཁྲབ་སྟོན་པ་བསྐོ་བཞག་མཛད་པ་དང་། “1945ལོར་ཀུན་མཁྱེན་སྐུ་ཕྲེང་ལྔ་པ་ཆེན་པོས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགོན་པའི་བྱ་གཞག་འཕེལ་རྒྱས་སུ་གཏོང་ཕྱིར་སྔར་ཡོད་ཀྱི་དགོན་པའི་སྒྲིག་གཞི་བསྒྱུར་བཅོས་གནང་སྟེ་གླིང་སྐལ་བཟང་ལེགས་བཤད་རྒྱ་མཚོ་མཆོག་སྐུ་བཅར་མཁན་པོར་བསྐོ་བཞག་གནང་ཞིང་། ལོ་དེར་ཀུན་མཁྱེན་སྐུ་ཕྲེང་ལྔ་པ་ཆེན་པོའི་བཀའ་གསུངས་བཞིན་བླ་བྲང་བཀྲ་ཤིས་འཁྱིལ་ནས་ཟློས་གར་མི་སྣ་རྩ་འཛུགས་བྱས་ཏེ་གར་སྟེགས་སྟེང་འཁྲབ་སྟོན་བྱས་ཆོག་པའི་ཟློས་གར་འཁྲབ་གཞུང«སྲོང་བཙན་སྒམ་པོ»བརྩམས་པར་མ་ཟད་འཁྲབ་ཁྲིད་པའི་འགན་གཅིག་ལྕོགས་སུ་བཞེས་ནས་ལོ་དེའི་ལོ་མཇུག་ཏུ་ཟློས་གར་འདི་དངོས་སུ་གར་སྟེགས་སྟེང་འཁྲབ་སྟོན་བྱས།”ཞེས་པ་དང་། “ཀུན་མཁྱེན་ལྔ་བ་མཆོག་གི་ཁྲིད་སྟོན་འོག་གླིང་སྤྲུལ་བའི་སྐུ་དང་བཅས་པས་བླ་བྲང་དགོན་པའི་རྣམ་ཐར་ཟློས་གར་ཐོག་མ«སྲོང་བཙན་སྒམ་པོ»འཁྲབ་གཞུང་དུ་བརྩམས་གནང་མཛད”ཞེས་གསུང་ཡོད་པ་བཞིན། འདི་ནི་ཁོང་གིས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཟློས་གར་གྱི་བྱ་བར་མགོ་འཛིན་བྱས་པའི་རྗེས་སུ་འཁྲབ་གཞུང་རྩོམ་པ་པོ་དང་འཁྲབ་ཁྲིད་པའི་འགན་གཅིག་ལྕོགས་སུ་བཞེས་ཏེ་གསར་རྩོམ་དང་འཁྲབ་སྟོན་བྱས་པའི་ཟློས་གར་བརྩམས་ཆོས་ཐོག་མ་ཡིན། གླིང་ཚང་བཀྲ་ཤིས་རབ་བརྟན་ཏུ་ཕེབས་ནས་ཉིན་རེ་བཞིན་རྣམ་ཐར་ཟློས་གར་པ་རྣམས་ལ་མིག་གི་ལྟ་སྟངས་དང་། ངག་གི་བརྗོད་ལུགས། ལུས་ཀྱི་རྣམ་འགྱུར་སོགས་གང་ཅིར་བཀའ་བཀོད་གནང་། སྲོང་བཙན་སྒམ་པོའི་རྣམ་ཐར་ཟློས་གར་ནི་ཀན་ལྷོའི་རྣམ་ཐར་ཟློས་གར་གྱི་སྲོལ་འབྱེད་དུ་གྱུར་པས།དེ་ནི་ཀན་ལྷོའི་རྣམ་ཐར་ཟློས་གར་གྱི་ཐོག་མའང་ཡིན།
གསུམ། གླིང་སྐལ་བཟང་ལེགས་བཤད་རྒྱ་མཚོ་དང«དད་པ་བརྟན་པོ»ཡི་ཟློས་གར།
1949ལོའི་ཟླ9པར་བླ་བྲང་ས་ཁུལ་ཞི་བདེས་བཅིངས་བགྲོལ་བྱས་པ་དང་། ཁྱད་པར་དུ་ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་བཟུང་དགོན་པའི་རྣམ་ཐར་ཟློས་གར་ལ་དངོས་དོན་གྱིས་འཕེལ་རྒྱས་ཆེན་པོ་བྱུང་། བསོད་བདེ་ལགས་ཀྱི་བླ་བྲང་རིག་གནས་སྒྱུ་རྩལ་གླེང་བ་ཞེས་པར“1955ལོར་བླ་བྲང་དགོན་པའི་རྣམ་ཐར་གཉིས་པ«དད་པ་བརྟན་པོ»འཁྲབ་སྟོན་བྱས།”ཞེས་པ་བཞིན་འཁྲབ་གཞུང་འདི་ནི་གླིང་སྤྲུལ་བའི་སྐུ་ཡིས་ཀུན་མཁྱེན་ཆེན་པོ་འཇམ་དབྱངས་དངོས་བཞད་པའི་རྡོ་རྗེས་རང་ཅག་གདུལ་བྱ་རྣམས་འདུལ་བའི་དོན་དུ། དག་པ་དང་མ་དག་པའི་ཞིང་ཁམས་མཐའ་ཡས། རང་སྤྲུལ་བའི་བཀོད་པ་རྒྱ་མཚོའི་རྡུལ་གྱི་གྲངས་ལྟར་འབྱམས་སུ་ཀླས་པ་ལས། འདིར་ཀུན་མཁྱེན་སྐུ་ཕྲེང་རིམ་བྱུང་ལ་དངོས་དང་བརྒྱུད་ནས་ལས་འབྲེལ་ཟབ་པའི་རྒྱལ་བུ་དད་པ་བརྟན་པའི་སྐུ་གསུང་ཐུགས་ཀྱི་མཛད་པ་ཆ་ཕྲ་མོ་ཙམ་སྟོན་པའི་རྣམ་ཐར་ཟློས་གར་འདི་བཀའ་གདམས་བུ་ཆོས་ལ་གཞི་བཅོལ་ནས་སྒྲིག་རྩོམ་གནང་། “གླིང་ཚང་གི་རཱ་མ་ཎའི་ཟློས་གར་འཁྲབ་སྟོན་ཁྲོད་ཀྱི་གོམ་སྟབས་དང་འཁྲབ་ཆས་ཕྱོགས་སུ་ཤུགས་རྐྱེན་ཐེབས་པ་ཡིན།”ཞེས་པ་ལས་གསལ་བ་ལྟར། འདི་ལས་གླིང་ཚང་གིས་ཅིན་ཅུས་ཟློས་གར་གྱི་གོམ་སྟབས་དང་འཁྲབ་ཆས་ལས་ལེགས་པའི་ཆ་བླངས་ཏེ«དད་པ་བརྟན་པོ»དང«རཱ་མ་ཎ»ཡི་ཟློས་གར་འཁྲབ་སྟོན་སྟེང་བཀོལ་བ་ལས་གླིང་ཚང་གིས་གཞན་རིགས་ཀྱི་ལེགས་ཆ་བླངས་ཏེ་རང་ཉིད་ཀྱི་ཟློས་གར་གསར་རྩོམ་ལ་བཀོལ་མཁས་པའི་སྦྱངས་སྟོབས་ཀྱི་ཡོན་ཏན་རྟོགས་ལ། སྐབས་ཐོག་འདིའི་མྱོང་བ་ཟབ་མོས་ཁོང་གི་ཟློས་གར་གསར་རྩོམ་ལ་ཤུགས་རྐྱེན་ཐེབས་པའང་རྟོགས་ཐུབ།
1960ལོ་ནས་བླ་བྲང་དགོན་པས་རྣམ་ཐར་ཟློས་གར་གྱི་འཁྲབ་སྟོན་སླར་གསོ་བྱས་པ་དང་། «རྒྱལ་པོ་རཱ་མ་ཎའི་གཏམ་རྒྱུད་ལས་བརྩམས་པའི་ཟློས་གར་གྱི་ཚིག་རྒྱན»ཞེས་པའི་ཟློས་གར་འཁྲབ་གཞུང་འདི“སྤྱི་ལོ1960ལོར་གླིང་སྐལ་བཟང་ལེགས་བཤད་རྒྱ་མཚོ་མཆོག་གིས་ཟློས་གར་འཁྲབ་གཞུང་རྩོམ་མཁན་དང་འཁྲབ་ཁྲིད་པའི་འགན་གཅིག་ལྕོགས་སུ་བཞེས་ཏེ་གསར་རྩོམ་བྱས་ཤིང་། ལོ་དེར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགོན་པའི་ཟློས་གར་རུ་ཁག་གི་ཡེ་ཤེས་དང་སྨོན་ལམ། བསང་རིག སངས་རྒྱས། སྐལ་བཟང་བསྟན་པ་སོགས་ཀྱིས་ཟློས་གར་འཁྲབ་སྟོན་བྱས”ཞེས་པ་ལྟར1960ལོར་རཱ་མ་ཎའི་གཏམ་རྒྱུད་གཞིར་བཟུང་སྟེ་འཁྲབ་གཞུང་དུ་བཅོས་སྒྲིག་བྱས་ཤིང་། ཁོང་སྐུ་དངོས་སུ་འཁྲབ་ཁྲིད་པ་མཛད་དེ་ལོ་དེར་འཁྲབ་སྟོན་བྱས། དེ་ཡང་དུས་རབས་དགུ་པའི་སྐབས་ནས་བཟུང་རྟོགས་བརྗོད་འདི་བོད་དུ་དར་བར་མ་ཟད། བོད་ཀྱི་མཁས་དབང་རིམ་བྱོན་གྱིས་རྟོགས་བརྗོད་འདི་དང་འབྲེལ་བའི་ལེགས་བཤད་བརྩམས་པ་དང་སྙན་རྩོམ་གྱི་གཞུང་ལུགས་བསྒྱུར་པར་བརྟེན་ནས་རིག་གནས་པའི་ཁྲོད་སྔར་ལས་ཁྱབ་ཆེ་བར་དར་ཞིང་། ཁྱད་པར་དུ་དུས་རབས་བཅོ་ལྔ་པར་ཞང་ཞུང་ཆོས་དབང་གྲགས་པས«རྒྱལ་པོ་རཱ་མ་ཎའི་གཏམ་རྒྱུད་ལས་བརྩམས་པའི་སྙན་ངག་གི་བསྟན་བཅོས་དྲི་ཟའི་བུ་མོའི་རྒྱུད་མང་གི་སྒྲ་དབྱངས»བྱ་བ་མཛད་དེ་རྟོགས་བརྗོད་འདིའི་སྙན་གྲགས་གངས་ཅན་བོད་དུ་ཁྱབ་པར་བྱས་པ་སོགས་ཀྱིས་གླིང་སྐལ་བཟང་ལེགས་བཤད་རྒྱ་མཚོ་མཆོག་ལ་ཟློས་གར་འཁྲབ་གཞུང་གསར་རྩོམ་བྱེད་པར་གཞུང་ལུགས་ཀྱི་རྨང་གཞི་བརྟན་པོ་བཏིངས་པ་རེད། ལོ་རབས་བརྒྱད་ཅུའི་སྐབས་སུ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགོན་པའི་ཟློས་གར་རུ་ཁག་གིས་ཟློས་གར་འཁྲབ་ཚན་འདི་སྔགས་པ་གྲྭ་ཚང་དང་ཉེ་འགྲམ་ཨ་མཆོག་སྡེ་བའི་དམངས་ཁྲོད་ཟློས་གར་རུ་ཁག་ལ་སྤེལ་མོད། རྗེས་སུ་སྔགས་པ་གྲྭ་ཚང་དུ་ཁྱོན་ཡོངས་ནས་འཁྲབ་མཚམས་བཞག་ཅིང་ཉེ་འགྲམ་ཨ་མཆོག་སྡེ་བས་ཀྱང་མཚམས་ཆད་ལ་ཁད་དུ་ལོ་འགར་འཁྲབ་སྟོན་བྱས་མོད། ལོ་རབས་དགུ་བཅུ་ནས་བཟུང་འཁྲབ་སྟོན་བྱེད་མཚམས་ཡོངས་སུ་ཆད་དེ་འཁྲབ་གཞུང་འདིའི་འཁྲབ་སྟོན་ལོ་རྒྱུས་ལ་རྫོགས་ཚིག་བཀོད། འོན་ཀྱང་འཁྲབ་གཞུང་འདི་ནི་དེང་རབས་ཟློས་གར་གྱི་མཚན་ཉིད་ཡོངས་སུ་ཚང་བའི་ཟློས་གར་རྩོམ་རིག་ཅིག་ཡིན་པའི་ཆ་ནས་སྔར་བཞིན་གསོན་ཤུགས་ཆེན་པོ་རྒྱས་ཏེ་དམངས་ཁྲོད་ཀྱི་རྒན་པོའི་ངག་རྒྱུན་དུ་རླུང་ལྟར་གྲགས་ཤིང་མཁས་པའི་གྲལ་དུའང་རིན་ཆེན་གཏེར་ཁ་སློག་གིན་སློག་གིན་ཇེ་མང་ཞེས་པ་བཞིན་ཤེས་ལྡན་པའི་ཞིབ་འཇུག་བྱ་ཡུལ་དུ་གྱུར་པར་མ་ཟད། ཟློས་གར་ལ་དགའ་ཞིང་དུང་བའི་མཁས་པ་མང་པོའི་ཟློས་གར་རིག་གནས་སློབ་བྱེད་ཀྱི་འཁྲབ་གཞུང་གལ་ཆེན་ཞིག་ཏུའང་གྱུར་ཡོད།
མདོར་ན་གླིང་སྐལ་བཟང་ལེགས་བཤད་རྒྱ་མཚོའི་མི་ཚེ་ནི་མཉྫུ་མི་རིགས་ཀྱིས་བཙུགས་པའི་ཆིན་རྒྱལ་རབས་དང་ཀྲུང་ཧྭ་མིན་གོ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཅས་ངོ་བོ་མི་འདྲ་བའི་སྤྱི་ཚོགས་གསུམ་བརྒལ་ཞིང་། སྐུ་ཚེ་གང་བོར་སྔ་གཞུག་ཏུ«སྲོང་བཙན་སྒམ་པོ»དང«དད་པ་བརྟན་པོ» «རྒྱལ་པོ་རཱ་མ་ཎའི་གཏམ་རྒྱུད་ལས་བརྩམས་པའི་ཟློས་གར་གྱི་ཚིག་རྒྱན»སོགས་འཁྲབ་གཞུང་མང་པོ་བརྩམས་པར་མ་ཟད། འཁྲབ་ཁྲིད་པའི་འགན་གཅིག་ལྕོགས་སུ་མཛད་དེ་ཟློས་གར་འཁྲབ་སྟོན་བྱས་པ་འདིས་ཨ་མདོའི་ས་ཁུལ་དང་། ཁྱད་པར་དུ་བོད་ཀྱི་ཟློས་གར་རིག་གནས་འཕེལ་རྒྱས་སུ་འགྲོ་བར་བྱས་རྗེས་བླ་ན་མེད་པ་བཞག་ཡོད་དོ། །

འབྲེལ་ཡོད་འོས་སྦྱོར།