logo

བོད་ཀྱི་གོ་ལ་དང་སྐར་མའི་སྐོར།

རྩོམ་པ་པོ།:བན་ཤུལ་དཔལ་མཁར་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-05-12 ཀློག་གྲངས།:
བོད་ཀྱི་གོ་ལ་དང་སྐར་མའི་སྐོར་གྱི་བརྗེད་ཐོ།
བན་ཤུལ་དཔལ་མཁར་རྒྱལ།

       སྤྱིར་ན། གོ་ལ་དང་སྐར་མའི་སྐོར་ནི་འཇིག་རྟེན་ཆགས་རབས་ཀྱི་རྣམ་གཞག་ལ་འབྲེལ་བ་ཆེན་པོ་ཡོད། དེ་ལྟ་ནའང་། སྐབས་འདིར་གནའ་བོའི་ལོ་རྒྱུས་དང་འབྲེལ་ནས་བརྗེད་ཐོ་ཉུང་བསྡུས་ཙམ་འགོད་པ་ལས། བྱེ་བྲག་གི་ཞིབ་ཆ་ནི་གཞུང་རྣམས་ལ་གོ་བ་བསྐྱེད་ནས་ཤེས་པར་བྱའོ། །
       སྲིད་པའི་བོན་རྣམས་ཀྱི་ལུགས་ལྟར་ན། འཇིག་རྟེན་འདི་ནི་སྒོ་ང་ཞིག་ལས་གྲོལ་བར་བཤད་ཡོད། དེའི་ལུགས་ཀྱི་བརྡ་ཆད་ལའང་། “སྲིད་པ་སྒོ་ང”ཞེས་འབོད། གནམ་ས་གཉིས་ནི་གའུ་ཁ་སྦྱར་ལྟ་བུའི་སྒོ་ང་ཞིག་ཡིན་པ་ལ། གནམ་ས་གོ་འབྱེད་མཁན་ནི་ཕྱྭ་ཡེ་མཁྱེན་ཆེན་པོ་ཞེས་པའི་ལྷ་དེ་ཡིན་ཞེས་བཤད་ཡོད། དེ་ལྟ་བུའི་བཞེད་ཚུལ་ནི། བོན་གྱི་ཡིག་ཆ་ཧ་ཅང་པོར་འབྱུང་ནའང་། མཚན་གཞི་ལ་ཆེ་དགུ་རིང་བཅུས་མཛད་པའི«དབུ་ནག་མིའུ་འདྲ་ཆགས»དང«སྲིད་པའི་མཛོད་ཕུག» «ལྟ་བའི་ཕྱོགས་སོ»སོགས་ཡོད། བོན་ལུགས་ཀྱི་སྲིད་པ་སྒོ་ང་ལས་གྲོལ་ཚུལ་དེ་ནི། དུས་རབས་བཅུ་གཉིས་པ་ཙམ་ལ་བྱུང་བའི་དཔེ་རྙིང«རླངས་ཀྱི་པུ་ཏི་བསེ་རུ»ལ་དྲངས་པར་སུམ་པ་ཡེ་ཤེས་དཔལ་འབྱོར་གྱི«དཔག་བསམ་ལྗོན་བཟང»ན་བཀའ་བཀྱོན་ཚད་མེད་གནང་བ་ལྟ་བུ་ཡིན། མདོར་ན། ལྟ་གྲུབ་དེ་རྒྱུན་བསྐྱངས་མི་ཆོག་པའི་དོན་བཤད་ཡོད།
       དྲང་པོར་བཤད་ན། བོན་གྱི་སྲིད་པ་སྒོ་ང་ལས་གྲོལ་རབས་འདི་ནི་གནའ་བོའི་གཉུག་མའི་བོད་རྒན་གྱི་དྲན་ཚུལ་ཐུན་མོང་མ་ཡིན་ཞིག་ཡིན་ནའང་། དུས་རབས་བཅུ་གཉིས་པའི་ནང་དེར་དཔལ་ལྡན་རྙིང་མའི་མཁས་གྲུབ་ཉང་རལ་པ་ཅན་གྱི«མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད»དང་བཀའ་གདམས་པའི་དགེ་བཤེས་འཆད་ཁ་བའི«གྲུབ་མཐའི་རྣམ་བཤད»སོགས་སུ་ཕྱི་རོལ་མུ་སྟེགས་པའི་འདོད་པར་བརྩིས་ནས་དགག་པ་ཚ་ནན་གནང་ཡོད། དེའི་ཉེར་ལེན་གྱིས་གནའ་བོའི་འཇིག་རྟེན་ཆགས་རབས་ཀྱི་འདོད་ཚུལ་རྙིང་པ་བཞག་ནས། གནའ་བོའི་རྒྱ་གར་གྱི་འཇིག་རྟེན་ཆགས་རབས་དང་ལེན་གནང་དགོས་བྱུང་ཡོད་ལ། རྒྱལ་རབས་ལོ་རྒྱུས་སྨྲ་བ་ཕལ་མོ་ཆེ་ལའང«གདགས་པའི་མདོ»དང«མངོན་པ་མཛོད»ཀྱི་འཇིག་རྟེན་ཆགས་རབས་དབུ་ལ་འགོད་པའི་ཕྱག་སྲོལ་བྱུང་ཡོད།
       བོད་ཀྱི་ཕལ་སྐད་རྙིང་པར་འཇིག་རྟེན་འདི་ལ་སྲིད་པའི་སྒོ་ང་ཞེས་གདགས་ཡོད་ནའང་། རེ་ཞིག་ལེགས་སྦྱར་སྐད་ཀྱི“གོ་ལ”ཞེས་པའི་ཐ་སྙད་ཅིག་སྤྱད་ཡོད། ཐ་སྙད་འདིའི་ཁུངས་གཙོ་བོ་ནི་དཔལ་ལྡན་དུས་ཀྱི་འཁོར་ལོ་ནས་བྱུང་བ་ཞིག་ཡིན། དུས་འཁོར་ནི་ཕྱི་འཇིག་རྟེན་ཁམས་ཀྱི་ཉི་ཟླ་གཟའ་སྐར་སོགས་ཀྱི་འཁོར་ཚུལ་རྣམས་དང་། དེའི་ནང་དུ་འགྲོ་བ་མིའི་ལུས་ཀྱི་འབྱུང་བ་ལྔ་དང། རྩ་རླུང་ཐིག་ལེ་བཅས་ཀྱི་ཆགས་ཚུལ་ངེས་ཅན་ཡོད་པར་འབྲེལ་ནས་གསང་སྔགས་ཀྱི་ལམ་སྒོམ་ཚུལ་བཤད་པའི་གཞུང་ཞིག་ཡིན། གཞུང་དེ་ཡང་རྩ་བ་དང་འགྲེལ་བ། ལག་ལེན་དང་སྐར་རྩིས་ཀྱིས་གྲུབ་ཅིང་གཏན་ལ་དབབ་པ་ཞིག་ཡིན། གཞུང་འདི་བོད་དུ་དར་བའི་སྐོར་ལ་འཆད་ཚུལ་སྣ་ཚོགས་ཤིག་ཡོད་ནའང་། སྤུ་རྒྱལ་བཙན་པོའི་དུས་སུ་འགྱུར་མིན་གྱི་སྒྲུབ་བྱེད་འབད་པས་བཙལ་ཡང་མ་རྙེད་མོད། དུས་རབས་བཅུ་གཅིག་པར་གྱི་ལོ་ཙཱ་བ་ཟླ་བའི་འོད་ཟེར་གྱིས་ཀསྨི་རའི་པཎ་ཆེན་ཁ་ཆེ་ཤཱཀྱ་ཤྲིའི་ལུགས་ལྟར་གྱི་མེ་ཡོས་ལ་བོད་ནས་འཕེལ་རྒྱས་བྱུང་བ་ཞིག་ཡིན་ནམ་སྙམ།
       དུས་འཁོར་ལུགས་ལྟར་བྱུང་བའི་གོ་ལ་ནི། བུ་སྟོན་རིན་ཆེན་གྲུབ་ཀྱི«གོ་ལའི་རྣམ་གཞག»ན་ལེགས་སྦྱར་སྐད་དེ། བོད་སྐད་དུ་བསྒྱུར་ན་ཟླུམ་བསྐོར་ཏེ་འཇིག་རྟེན་སྤྱིའི་གོ་ལ་ཞེས་པ་གངས་ཅན་ནས་མེ་བར་གྱི་ཟླུམ་བསྐོར་ཡིན་ཞེས་འགྲེལ་ཡོད་ལ། མདོར་དྲིལ་ན་ས་སྒང་ཟླུམ་པོ་འདིའི་དོན་ཡིན་ཞིང་། དུས་འཁོར་ལུགས་ལ་གོ་ལ་རྨོག་རྩེགས་མ་དང་། གོ་ལ་ཕྱིར་བསྐྱེད་མ། གོ་ལ་སྟེང་འགྱེད་མ། གོ་ལ་ལྕགས་སྒྲོག་མ་སོགས་ནི་བགྲོད་བྱ་བགྲོད་བྱེད་ཀྱིས་བསྡུས་པའི་ཁྱིམ་བཅུ་གཉིས་བརྩི་སྟངས་མ་འདྲ་བ་སོགས་ལ་བརྟེན་ནས་གོ་ལ་ཐ་དད་པ་བྱུང་ཡོད། མདོར་ན་དེ་ལྟ་བུའི་བདག་ཉིད་དུ་གྱུར་བའི་གོ་ལ་ཟླུམ་གཟུགས་ནི་རང་རེའི་བསྟན་བཅོས་དང་འཇིག་རྟེན་གཉིས་ལ་གྲགས་པ་དེ་བཞིན་ཡིན་ལ། བརྟན་གཡོས་བསྡུས་པའི་འཇིག་རྟེན་དེའི་ནམ་མཁར་རྒྱུ་སྐར་སྣ་ཚོགས་འཆར་བ་དང་། དེའི་བགྲོད་ལུགས་སོགས་ལ་བརྟེན་ནས་སྐར་མའི་ངོས་འཛིན་དང་སྐར་རྩིས་བཅས་ཀྱང་བྱུང་ཡོད། གནའ་བོའི་རྒྱ་གར་ནི་སྐར་མའི་ཤེས་རིག་གི་ལོ་རྒྱུས་ཕུན་སུམ་ཚོགས་པའི་རྒྱལ་ཁམས་ཞིག་ཡིན། སྒྲ་གཅན་ནི་གདོལ་བ་དང་། ཉི་མ་ཟླ་བ་ནི་རྒྱལ་པོ་དང་བཙུན་མོ། པ་སངས་ནི་བློན་པོ། མིག་དམར་ནི་དམག་དཔོན་སོགས་ནམ་མཁའི་རྒྱུ་སྐར་ལ་བརྟེན་ནས་མིའི་སྤྱི་ཚོགས་ལ་གྲལ་རིམ་བྱུང་ཡོད། དེའི་ཕྱིར་ན། ཟླ་བའི་ཆུང་མ་རྒྱུ་སྐར་ཉེར་བརྒྱད་ཀྱི་རྣམ་གྲངས་སོགས་བྱུང་ཡོད།
       རང་རེའི་བོད་ལའང་དཔལ་དུས་ཀྱི་འཁོར་ལོའི་གཞུང་སོགས་ཀྱི་ཤུགས་རྐྱེན་གྱིས་རྒྱུ་སྐར་ཉེར་བརྒྱད་བརྩི་སྟངས་བྱུང་ཞིང་། དེ་དག་ནི་སྨིན་དྲུག་དང་། སྣར་མ། མགོ ལག ནབས་སོ། རྒྱལ། སྐག ལྷོར། མཆུ། གྲེ། དབོ། མེ་བཞི། ནག་པ། ས་རི། ས་ག ལྷ་མཚམས། ན། བས། ཆུ་སྟོད། ཆུ་སྨད། གྲོ་བཞིན། བྱི་བཞིན། མོན་གྲེ། མོན་གྲུ། ཁྲུམས་སྟོད། ཁྲུམས་སྨད། ནམ་གྲུ། ཐ་སྐར། བྲ་ཉེ་བཅས་ཡིན་ལ། རྒྱུ་སྐར་འདི་དག་གི་མིང་ནི་བོད་ཀྱི་ཕལ་སྐད་ཡིན་ནམ། ཡང་ན་ལེགས་སྦྱར་སྐད་ནས་བོད་དུ་འགྱུར་བ་ཡིན་མིན་སོགས་ལ་དཔྱད་ཞིབ་ནན་ཏན་བྱེད་དགོས། ཅིའི་ཕྱིར་ཞེ་ན། ཐ་སྐར་དང་བྲ་ཉེ་སོགས་ཤིན་ཏུ་སྔ་མོའི་དུས་ཀྱི་ཕལ་སྐད་ལའང་མཐོང་རྒྱུ་ཡོད་ལ། «འཇམ་དཔལ་རྩ་རྒྱུད»ལས་རྒྱུ་སྐར་ཉེར་བརྒྱད་ལ་མིང་གཞན་ཡང་བྱུང་ཡོད་པ་དེས་སོ། །
       དམིགས་བསལ་ཞིག་ལ། སྤུ་རྒྱལ་བཙན་པོའི་དུས་སུ་གོ་ལའི་དབུས་རྩོད་པ་དང་དེའི་རྟགས་མཚན་ནམ་མཁའི་སྐར་མའི་རྩོད་པ་བྱུང་ཡོད། སྐབས་དེའི་བརྡ་ལ་ཆད་པ་ནི“གནམ་གྱི་དབུས”དང“ས་ཡི་དཀྱིལ”ཞེས་སུ་རྩོད་པ་དེ་ཡིན། དཔའ་བོ་གཙུག་ལག་ཕྲེང་བའི«མཁས་པའི་དགའ་སྟོན»ལ་རྩོད་པ་དེའི་ལོ་རྒྱུས་ཀྱི་ས་བོན་བཀོད་པ་ནི་འདི་ལྟ་སྟེ། རེ་ཞིག་གི་ཚེ་རྒྱ་དཀར་ནག་དང་ཏ་ཟིག ཁྲོམ། སྤུ་རྒྱལ་བཅས་ཀྱིས་འདུན་མ་བསྡུས་ནས། སུ་ཞིག་གི་ཡུལ་ནི་འཛམ་གླིང་གི་ལྟེ་བ་ཡིན་པ་དང་དེའི་ཁྱད་ཆོས་གང་ཡིན་སོགས་ཀྱི་སྐོར་ལ་བགྲོ་གླེང་བྱས་ཡོད། རྒྱ་རྣམས་ཀྱིས་ཉི་ཟླ་གཟའ་སྐར་ནི་ངེད་རྣམས་ཀྱི་ཡུལ་ནས་འཆར་བས་འཛམ་གླིང་གི་ལྟེ་བ་ངའི་ཡུལ་ཡིན་ཟེར། ཧོར་རྣམས་སྐར་མ་སྨེ་བདུན་གནམ་གྱི་གཞུང་ཕུར་ཡིན་ཞིང་དེ་ནི་ངེད་ཀྱི་ཡུལ་ནས་འཆར་བས་འཛམ་གླིང་གི་ལྟེ་བ་ངའི་ཡུལ་ཡིན་ཟེར། ཁྲོམ་རྣམས་དགུ་ཚིགས་སྐྱ་མོ་གནམ་གྱི་གཞུང་ཐིག་ཡིན་པས་དེ་ནི་ངེད་ཀྱི་ཡུལ་ན་ཡོད་པས་འཛམ་གླིང་གི་ལྟེ་བ་ངའི་ཡུལ་ཡིན་ཟེར། རྒྱ་གར་པ་རྣམས་ཀྱིས་སྐར་མ་ལག་སོར་གནམ་གྱི་རྟེན་ཕུར་ཡིན་ཞིང་དེ་ནི་ངེད་ཀྱི་ཡུལ་ནས་འཆར་བས་འཛམ་གླིང་གི་ལྟེ་བ་ངའི་ཡུལ་ཡིན་ཟེར། དེ་ལྟར་འདུམ་བྱས་ཀྱང་མ་འཆམ་པས་དྲག་པོའི་སྟོབས་ཀྱི་རྩོད་པའི་འཐབ་མོ་ཤུགས་ཆེར་བྱུང་ཡོད། མཐའ་མ་སྤུ་རྒྱལ་གྱི་བློན་པོ་ཁྲི་སུམ་རྗེ་མཆོག་གི་དབུ་རྨོག་མ་ཐུབ་ཏེ། སྐར་མ་སྨེ་བདུན་གནམ་གྱི་རྟེན་ཕུར་ཡིན་པ་དང་། དེ་ནི་སྤུ་རྒྱལ་གྱི་ཡུལ་ནས་འཆར་བར་ཐམས་ཅད་ཁ་འཆམ་ཞིང་། དེ་ནས་བཟུང“བྱང་སྐར་སྨེ་བདུན་འཆར་བའི་བོད་ཀྱི་ཡུལ”ཞེས་སུ་བོས་ཡོད། རྒྱལ་རབས་དང་ཡིག་རྙིང་ཅི་རིགས་སུའང་དེ་ལྟར་བཀོད་པ་མངོན་སུམ་དུ་མཐོང་རྒྱུ་ཡོད།
       མདོར་ན། སྲིད་པའི་བོན་རྣམས་ཀྱིས་འཇིག་རྟེན་ཐམས་ཅད་སྒོ་ང་ལས་གྲོལ་བའི་ལུགས་དང་། བར་དུ་རྒྱ་གར་ནང་བའི་མངོན་པ་འོག་མ་དང་གདགས་པའི་མདོ་སོགས་སུ་བྱུང་བའི་འཇིག་རྟེན་ཆགས་རབས། ཕྱི་ནང་ཐུན་མོང་གི་རྒྱུད་དུས་འཁོར་ལུགས་སུ་བྱུང་བའི་འཇིག་རྟེན་ཆགས་རབས་དང་། དེའི་གཟའ་སྐར་རྒྱུ་སྟངས་སོགས་ནི་གནའ་བོའི་ཤེས་རིག་གི་བྱུང་བ་དང་འགྱུར་བ་མཚོན་པའི་སྒྲུབ་བྱེད་ཁུངས་མ་ཡིན་ལ། འདིར་དམངས་ཁྲོད་ཀྱི་སྐར་མའི་བརྟག་ཐབས་བཀོད་པ་སྟེ། སྲོད་ལ་སྐར་མདའ་ཙམ་ནི་བཀྲ་ཤིས་ལ། །ནམ་ཕྱེད་ཙམ་གྱི་སྐར་མདའ་ཅི་ཙམ་ན། །སྐར་མདའ་ཕན་ཚུན་ཚུར་འཁྲུག་མང་བྱེད་ན། །ཡུལ་ཕྱོགས་དེ་ནི་ཐན་པ་ཆེ་བའི་ངོ་། །སྐར་མ་མང་ཞིང་དལ་ན་མཆོག་ཏུ་བཟང་། །སྐར་མདའ་སྒྲ་དང་བཅས་ཏེ་ཚུར་ལྷུང་ན། །ཆུ་སྐམ་རྩི་ཤིང་འཆག་པའི་ཐན་ཆེའམ། །སོགས་དང་འབྲེལ་བའི་སྐར་མའི་གཏམ་རྒྱུད། ངོས་འཛིན། གདགས་མིང་སོགས་ཡུལ་སྲོལ་ནས་བྱུང་བ་གང་ཡོད་བསྡུ་རུབ་གནང་ནུས་ན། བོད་ཀྱི་རིག་གཞུང་དང་ལོ་རྒྱུས་ཀྱི་ངོ་བོ་གསལ་བོ་ཡོང་བར་ཕན་ཐོགས་ཅི་བས་ཆེ་སྙམ།

ཕྱི་ལོ༢༠༢༣ལོའི་ཟླ༥ཚེས༡༠ལ་ཡུལ་དབུས་ལྷ་སར།
འབྲེལ་ཡོད་འོས་སྦྱོར།