logo

མཉམ་འདྲེས་སྨྱན་སྦྱོར་འོག་གི་གསར་འགྱུར་བརྒྱུད་སྒྲོག་དང་གསང་བའི་ཁེ་དབང་སྐོར་གླེང་བ།

རྩོམ་པ་པོ།:ཕག་མོ་བྱམས་སྐྱིད། ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2023-07-31 ཀློག་གྲངས།:
       བཅོས་བསྒྱུར་སྒོ་འབྱེད་བྱས་ཚུན་དུ་རང་རྒྱལ་གྱི་གསར་འགྱུར་བརྒྱུད་སྒྲོག་གི་ལག་རྩལ་དང་ཐབས་ལམ་སྣ་མང་ཅན་དུ་གྱུར་པ་དང་། གསར་འགྱུར་ལས་དོན་ལ་ཡང་ཐོད་བརྒལ་རང་བཞིན་གྱི་འབྲས་བུ་སྨིན་ཏེ། ཅུང་ཟད་གུ་ཡངས་པའི་རྣམ་པར་འཕེལ་ནས་དམངས་ཀྱི་འཚོ་བའི་ཁྲོད་གོ་གནས་གལ་ཆེན་ཟིན་མོད། གསར་འགྱུར་བརྒྱུད་སྒྲོག་གི་གོ་རིམ་ཁྲོད། མི་སྒེར་གྱི་གསང་བའི་ཁེ་དབང་ལ་གནོད་པ་ཐེབས་པའི་གནས་ཚུལ་བྱུང་དང་འབྱུང་བཞིན་ཡོད་པས། གནད་དོན་འདིར་སྤྱི་གཞུང་གཉིས་ནས་དོ་སྣང་བྱ་རྒྱུ་ནི་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད།
དང་པོ། སྤྱི་དམངས་ཀྱི་གསང་བའི་ཁེ་དབང་གི་གོ་དོན།
       དེ་ཡང་རང་རྒྱལ་གྱི«དམངས་དོན་ཁྲིམས་གཞུང»དུ། “གསང་བའི་ཁེ་དབང་ཞེས་པ་ནི་སྤྱི་དམངས་ལ་ལོངས་སུ་སྤྱོད་དབང་ཡོད་པའི་སྒེར་གྱི་འཚོ་བ་དང་ཆ་འཕྲིན་ལ་ཁྲིམས་ལྟར་སྲུང་སྐྱོབ་ཐོབ་པ་ལས། ཁྲིམས་འགལ་གྱིས་བཙན་འཛུལ་དང་ཤེས་རྟོགས། འཚོལ་སྡུད་དང་བེད་སྤྱོད། ཕྱིར་སྒྲོག་སོགས་བྱས་མི་ཆོག་པའི་མིའི་ཐོབ་ཐང་གི་ཁེ་དབང་ཞིག་ལ་ཟེར”ཞེས་གཏན་ལ་ཕབ་ཡོད་པ་བཞིན། སྤྱི་དམངས་ཀྱི་གསང་བ་ཞེས་པ་ནི་ནམ་རྒྱུན་འཚོ་བའི་ཁྲོད་མི་གཞན་ལ་ཤེས་སུ་འཇུག་འདོད་མེད་པའམ་སྤྱི་བསྒྲགས་བྱེད་འདོད་མེད་པའི་དོན་དག་ལ་ཟེར། དེར་མི་སྒེར་གྱི་ལུས་སེམས་བདེ་ཐང་གི་གནས་ཚུལ་དང་འཚོ་བའི་གོམས་གཤིས། སྒེར་གྱི་ཉིན་ཐོ་དང་འཕྲིན་ཡིག ནང་གི་བསམ་བློ། ལུས་ཀྱི་སྐྱོན་ཆ་སོགས་ནང་དོན་མང་དུ་འདུས་ལ་སྤྱི་དམངས་རེ་རེར་སྒེར་གྱི་གསང་བ་སྲུང་སྐྱོབ་བྱེད་པའི་ཁེ་དབང་ཡོད།
       རང་རྒྱལ་གྱིས1982ལོའི«རྩ་ཁྲིམས»ནང་འདིའི་ཐད་ནས་ཐོག་མར་གཏན་འབེབས་བྱས་ཡོད་དེ། “ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཀྱི་མིའི་ཐོབ་ཐང་ལ་གཏན་དུ་སྲུང་སྐྱོབ་ཐོབ་ཅིང་། སྒེར་དང་ཚོགས་པས་བརྙས་དམོད་དང་། སྐུར་འདེབས། མ་ཉེས་ཁ་གཡོགས་སོགས་བྱེད་ཐབས་གང་རུང་སྤྱད་ནས་བཙན་གནོད་བྱེད་མི་ཆོག་པ་སོགས་གཏན་འབེབས་བྱས་ཡོད”པས། གསང་བའི་ཁེ་དབང་ལའང་ཁྲིམས་ཀྱིས་ཐད་ཀར་སྲུང་སྐྱོབ་ཐོབ་པ་ནི་ཞར་ལ་རྟོགས་འོས།
གཉིས་པ། གསར་འགྱུར་བརྒྱུད་སྒྲོག་དང་གསང་བའི་ཁེ་དབང་བར་གྱི་འགལ་བ།
       གཅིག འགལ་བ་གྲུབ་པའི་རྒྱུ་རྐྱེན།
     
 ༡ རིན་ཐང་ལྟ་བའི་ཁྱད་པར།
       གསར་འགྱུར་བརྒྱུད་སྒྲོག་དང་གསང་བའི་ཁེ་དབང་གཉིས་ནི་སྤྱི་དམངས་ཀྱི་གཞི་རྩའི་ཁེ་དབང་རིགས་ཤིག་ཡིན་ལ། ཁྱབ་ཁོངས་ངེས་ཅན་ནང་འགལ་ཟླའི་རང་བཞིན་མངོན་གསལ་དུ་གནས། གསར་འགྱུར་བརྒྱུད་སྒྲོག་གི་དམིགས་ཡུལ་ནི། སྤྱི་དམངས་ཀྱི་གནས་ཚུལ་ཤེས་པའི་འདུན་པ་བསྐང་ཆེད་དང་། ཆ་འཕྲིན་གྱི་མཐོང་རྒྱ་བསྐྱེད་ཆེད། གསར་འགྱུར་ལས་རིགས་འཕེལ་རྒྱས་གཏོང་ཆེད་དུ། བརྒྱུད་སྒྲོག་མཁན་གྱིས་ཆ་འཕྲིན་སྣ་ཚོགས་སྤྱི་དམངས་ལ་སྒྲོག་གང་ཐུབ་བྱས་ནས། སྤྱི་པའི་སྒྲིག་སྲོལ་དང་རྒྱལ་ཁབ་ཀྱི་དོ་དམ་ལ་ཤུགས་སྣོན་པ་ཞིག་ཡིན། དེའི་གོ་རིམ་ཁྲོད་གསར་འགྱུར་བརྒྱུད་སྒྲོག་མཁན་གྱིས་མི་སྒེར་གྱི་གསང་བའི་ཆ་འཕྲིན་ཅི་ཐུབ་ཀྱིས་ཐོབ་ཐབས་བྱས་ཏེ་གསང་བའི་ཁེ་དབང་ལ་གནོད་པ་བཟོ་བཞིན་ཡོད། གསང་བའི་ཁེ་དབང་གིས་སྒེར་གྱི་འཚོ་བའི་བདེ་འཇགས་སྲུང་སྐྱོབ་དང་། སྒེར་གྱི་འཚོ་བའི་གསང་བ་སྲུང་འཛིན། སྒེར་གྱི་ཆ་འཕྲིན་ཕྱིར་སྒྲོག་བྱེད་པར་གཏན་འགོག་བཅས་བྱས་ཏེ། མིའི་ཐོབ་ཐང་སྲུང་བ་གལ་ཆེན་དུ་འཛིན་པས། དེ་གཉིས་བར་རིན་ཐང་ལྟ་བའི་ཁྱད་པར་ཤོར་ཏེ་འགལ་བའི་རྣམ་པ་གྲུབ།
       ༢ ཁྲིམས་ལུགས་ཐད་ཀྱི་ཆད་ལྷག
       རང་རྒྱལ་གྱི་བཅའ་ཁྲིམས་སུ་གསང་བའི་ཁེ་དབང་ཐད་ཀྱི་ཐག་གཅོད་ཐབས་འཐུས་ཚང་མིན་པའི་གནས་ཚུལ་སྔར་བཞིན་མཆིས་ལ། དེའི་ཁྲོད་མངོན་གསལ་དོད་པའི་གནས་ཚུལ་ཞིག་ནི། གསར་འགྱུར་བརྒྱུད་སྒྲོག་དང་སྒེར་གྱི་གསང་བའི་ཁེ་དབང་བར་གྱི་དབང་ཆ་དང་འོས་འགན་གཉིས་དབྱེ་འབྱེད་གསལ་པོ་ཞིག་བྱས་མེད་པ་དེ་རེད། 2005ལོར་བཟོ་བཅོས་བྱས་པའི«བུད་མེད་ཀྱི་ཁེ་དབང་འགན་སྲུང་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས»ཀྱི་དོན་ཚན་ཞེ་གཉིས་པའི་ནང“སྒེར་གྱི་གསང་བའི་ཁེ་དབང”ཞེས་པའི་མིང་བརྡ་དེ་ཐེངས་དང་པོར་གསལ་པོར་བེད་སྤྱད་ཡོད་མོད། རང་རྒྱལ་གྱི་ད་ལྟའི་ཁྲིམས་འཛུགས་ཁྲོད། གསང་བའི་ཁེ་དབང་དེ་ཉིད་རང་ཚུགས་ཀྱི་མི་གཤིས་ཁེ་དབང་ཞིག་ཏུ་བརྩིས་ནས། རྒྱལ་ཁབ་ཀྱི་གཞི་རྩའི་བཅའ་ཁྲིམས་ནང་ཐག་གཅོད་ཐབས་ཧ་ཅང་གསལ་པོ་ཞིག་གཏན་འབེབས་བྱས་མེད།
       ༣ ཁེ་ཕན་གཙུགས་སུ་བཟུང་བ།
       དཔལ་འབྱོར་ཁེ་ཕན་གྱི་སྐུལ་འདེད་འོག་གསར་འགྱུར་བརྒྱུད་སྒྲོག་དང་གསང་བའི་ཁེ་དབང་གཉིས་ཀྱི་འགལ་བ་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་འགྱུར་བཞིན་ཡོད་དེ། ཕྱོགས་གཅིག་ནས་འབྲེལ་ཡོད་ལས་ཁུངས་དང་གསར་འགྱུར་ལས་བྱེད་མི་སྣས་ཀློག་པ་པོ་འགུག་ཆེད་དང་ཤུགས་རྐྱེན་རྒྱ་བསྐྱེད་ཆེད་དུ། མི་སྣ་གྲགས་ཅན་གྱི་སྒེར་གྱི་འཚོ་བའི་ཆ་འཕྲིན་གང་འདོད་ཀྱིས་སྔོག་པ་དང་། ལྷག་པར་ཆ་འཕྲིན་དེ་རིགས་ཁེ་ཕན་གཉེར་བྱེད་དུ་སྤྱད་དེ་མི་སྒེར་གྱི་གསང་བའི་ཁེ་དབང་ལ་གནོད་སྐྱོན་ཚད་མེད་བཟོ་བཞིན་ཡོད་དེ། ལ་ལ་ཞིག་གིས་བཅར་འདྲི་དང་ལེན་མཁན་གྱིས་བཤད་པའི་གནས་ཚུལ་མཐའ་དག་བསྒྲག་ཆོག་པར་བསམས་པ་དང་། བརྒྱུད་སྒྲོག་མཁན་གསང་བའི་ཁེ་དབང་ཐད་ཀྱི་འབྲེལ་ཡོད་བཅའ་ཁྲིམས་ལ་རྒྱུས་མངའ་ཆེར་མེད་པ། ཡང་ཁ་ཅིག་གིས་ཆ་འཕྲིན་ཀློག་གྲངས་མཐོ་རུ་འདེགས་ཆེད། མི་སྒེར་གྱི་གསང་བའི་ཆ་འཕྲིན་དག་གང་འདོད་ཀྱིས་ཕྱི་རུ་བསྒྲགས་ཏེ་ཕན་ཚུན་བར་འགལ་བའི་རྣམ་པ་བཟོས་པ་རེད།
       གཉིས། འགལ་བའི་ཁྲོད་གསང་བའི་ཁེ་དབང་ལ་གནོད་སྐྱོན་ཐེབས་པའི་རྣམ་པ།
       གསར་འགྱུར་བརྒྱུད་སྒྲོག་གི་གོ་རིམ་ཁྲོད། གསང་བའི་ཁེ་དབང་ལ་གནོད་སྐྱོན་ཐེབས་པའི་རྣམ་པ་གཉིས་སུ་དགར་ཆོག་སྟེ། གཅིག་ནི་གསར་འགྱུར་བཅར་འདྲིའི་ཁྲོད་གསང་བའི་ཁེ་དབང་ལ་གནོད་སྐྱོན་ཐེབས་པ་དང་། གཉིས་ནི་གསར་འགྱུར་བརྒྱུད་སྒྲོག་གི་གོ་རིམ་ཁྲོད་གསང་བའི་ཁེ་དབང་ལ་གནོད་སྐྱོན་ཐེབས་པ་དེ་ཡིན། སྔ་མ་ནི་སྨྱན་སྦྱོར་ལས་ཁུངས་ལ་ལས་ཕ་རོལ་པོའི་ཆོག་མཆན་མ་ཐོབ་པར་ལྐོག་ཉན་དང་གཡོ་ལེན་སོགས་ཚུལ་མིན་དང་ཁྲིམས་འགལ་གྱི་བྱ་སྤྱོད་ལ་བརྟེན་ནས། མི་གཞན་གྱི་གསང་བའི་གནས་ཚུལ་རྣམས་གསོག་སྡུད་དང་རྟོགས་ཐབས་ཀྱིས་ཕྱི་རུ་བསྒྲགས་ཏེ། དཔལ་འབྱོར་གཉེར་བྱེད་དུ་སྤྱད་ནས་གསང་བའི་ཁེ་དབང་ལ་གནོད་སྐྱོན་བཏང་བ་ལ་ཟེར། དཔེར་ན་སྤྱི་ཚོགས་སྟེང་གི་མི་སྣ་གྲགས་ཅན་ལ་བཅར་འདྲིའི་བརྒྱུད་རིམ་ཁྲོད། བཅར་འདྲི་དང་ལེན་མཁན་གྱིས་བཤད་པའི་སྐད་ཆ་རྣམས་ཕ་རོལ་པོས་ངོ་བོ་གཞན་དུ་བསྒྱུར་ཏེ་གླེང་ཕྱོགས་སྣ་ཚོགས་བཟོ་བ་དང་། དེ་ལ་རྐྱེན་བྱས་ཏེ་མི་སྒེར་གྱི་གསང་བའི་གནས་ཚུལ་དང་འབྲེལ་བའི་ཆ་འཕྲིན་གཞན་རྣམས་ཀྱང་གང་འདོད་ཀྱིས་བསྒྲགས་ཏེ་གསང་བའི་ཁེ་དབང་ལ་གནོད་སྐྱོན་བཟོ་བ་ལྟ་བུ་ཡིན། ཕྱི་མ་ནི་ཐུན་མོང་འཚོ་བ་དང་འབྲེལ་བ་མེད་པའི་མི་སྒེར་གྱི་ཆ་འཕྲིན། གསང་བའི་དོན་དག་དང་གབ་པའི་གནས་ཚུལ་སོགས་གསར་འགྱུར་རང་དབང་ལ་ཁ་གཡར་ནས། ཕ་རོལ་པོ་མོས་མཐུན་མ་བྱུང་གོང་ཕྱིར་བསྒྲགས་ཏེ་མི་གཞིའི་ཁེ་ཕན་ལ་གནོད་སྐྱོན་བཟོས་པ་ལ་ཟེར།དཔེར་ན། གློག་དམར་བརྒལ་ཏེ་འགྲིམ་འགྲུལ་དོན་རྐྱེན་བཟོས་པའམ། སྤྱི་པའི་སྒྲིག་སྲོལ་དང་འགལ་བའི་བྱ་སྤྱོད་སོགས་བྱུང་ཚེ། ཕ་རོལ་པོས་གནས་ཚུལ་དངོས་ལ་རྒྱུས་ལོན་མ་བྱས་པར། དོན་རྐྱེན་དེ་དང་འབྲེལ་བའི་གནས་ཚུལ་རྣམས་སྒྲོ་འདོགས་ཆེན་པོས་གང་སར་བསྒྲགས་པ་དང་། ལྷག་པར་དོན་རྐྱེན་རང་ངོས་དང་འབྲེལ་བ་མེད་པའི་མི་སྒེར་གྱི་ཁྱིམ་ཚང་གི་གནས་ཚུལ། འཚོ་བའི་གོམས་གཤིས། ཐ་ན་བཟའ་བཏུང་ཉལ་འཆག་སོགས་ཀྱང་བསྔོགས་ཏེ་ཕྱིར་བསྒྲགས་པ་ལྟ་བུ་ཡིན།
གསུམ་པ། གསར་འགྱུར་བརྒྱུད་སྒྲོག་དང་གསང་བའི་ཁེ་དབང་བར་གྱི་འགལ་བ་ཐག་གཅོད་ཐབས།
       སྤྱི་དམངས་ཀྱིས་གསང་བའི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ་ནི་ཁྲིམས་ལུགས་ཀྱིས་ང་ཚོར་བསྩལ་བའི་ཁེ་དབང་ཡིན། གསང་བའི་ཁེ་དབང་ལ་སྲུང་སྐྱོབ་བྱ་དགོས་ན་བྱེད་ཐབས་ཆེས་ལེགས་ཤོས་ནི་ཁྲིམས་ལུགས་སྤྱོད་རྒྱུ་དེ་རེད། ད་ལྟ་རང་རྒྱལ་དུ་སྤྱི་དམངས་ཀྱི་གསང་བའི་ཁེ་དབང་ཐད་ལ་ཆེད་དམིགས་ཀྱིས་གཏན་འབེབས་བྱས་པའི་འབྲེལ་ཡོད་བཅའ་ཁྲིམས་ཤིག་མེད་ཀྱང་། ཁྲིམས་འཛིན་ལག་ལེན་ཁྲོད་ཁྲིམས་ཁང་གིས་རྒྱུན་དུ«དམངས་དོན་ཁྲིམས་གཞུང»གཞིར་བཟུང་ནས་མིང་གྲགས་ཐོབ་དབང་དང་རུས་མིང་ཐོབ་དབང་ངམ་འདྲ་པར་བདག་དབང་ལ་གནོད་འཚེ་བཏང་བའི་བྱ་སྤྱོད་ཐག་གཅོད་པའི་རྨང་གཞིའི་སྟེང་། བརྒྱུད་པའི་ཐབས་ལ་བརྟེན་ནས་སྤྱི་དམངས་ཀྱི་གསང་བའི་ཁེ་དབང་ལ་སྲུང་སྐྱོབ་བྱེད་བཞིན་ཡོད་ཅིང་། སྔར་བས་ལེགས་པའི་སྒོ་ནས་ཐག་གཅོད་དང་སྲུང་སྐྱོབ་བྱེད་པ་ལ་གཤམ་གྱི་བྱེད་ཐབས་འདི་དག་ལག་ཏུ་བསྟར་འོས།
       གཅིག འབྲེལ་ཡོད་བཅའ་ཁྲིམས་འཐུས་ཚང་དུ་གཏོང་བ།
       ཐོག་མར་སྒྲིག་གཞི་ཚགས་དམ་པའི་འབྲེལ་ཡོད་བཅའ་ཁྲིམས་མ་ལག་གཏན་འཁེལ་དང་། ཞིབ་ཕྲའི་སྒོ་ནས་བརྒྱུད་སྒྲོག་དང་གསང་བའི་ཁེ་དབང་བར་གྱི་འབྲེལ་བ། དེ་གཉིས་ཀྱི་དབང་ཆའི་ཁྱབ་ཁོངས་དང་ཁྲིམས་ལུགས་ཀྱིས་སྲུང་སྐྱོབ་ཐོབ་པའི་ཞིབ་ཕྲའི་ཐག་གཅོད་ཚད་གཞི་འཐུས་ཚང་དུ་གཏོང་བ། འབྲེལ་ཡོད་ལས་ཁུངས་དང་གསར་འགྱུར་ལས་བྱེད་མི་སྣའི་ཁེ་དབང་དང་འོས་འགན་གསལ་བོར་ཕྱེ་ནས། ལས་ཞུགས་ཀྱི་ཆ་རྐྱེན་དང་ཁྲིམས་སྲུང་གི་འདུ་ཤེས། ལས་རིགས་ཀྱི་ཀུན་སྤྱོད་བཅས་ཇེ་མཐོར་གཏོང་ཞིང་། གཞུང་ཕྱོགས་ནས་གསར་འགྱུར་བརྒྱུད་སྒྲོག་ལ་ལྟ་སྐུལ་དང་། དོ་དམ་ལམ་ལུགས་ཡང་དག་གཏན་འབེབས་བྱ་དགོས།
       གཉིས། གསར་འགྱུར་བརྒྱུད་སྒྲོག་ཚད་ལྡན་དུ་བསྒྱུར་བ།
       གསར་འགྱུར་བརྒྱུད་སྒྲོག་གི་འོས་འཚམ་རང་བཞིན་དང་དོ་སྙོམས་རང་བཞིན་ལ་ཐོག་མཐའ་ཀུན་ཏུ་བརྩི་སྲུང་བྱས་ཏེ། ཁྲིམས་དང་མཐུན་པར་སྒེར་གྱི་ཆ་འཕྲིན་བརྒྱུད་སྒྲོག་བྱེད་དགོས་ལ། གལ་སྲིད་དེ་གཉིས་བར་འགལ་ཟླ་བྱུང་ཚེ། དོན་རྐྱེན་གྱི་ལྕི་ཡང་དང་ཁེ་དབང་གི་ཆེ་ཆུང་སོགས་ལ་དམིགས་ཏེ། སྤྱི་པའི་ཁེ་ཕན་གཙུགས་སུ་བཟུང་ཐོག གསར་འགྱུར་བརྒྱུད་སྒྲོག་གི་དུས་ཐོག་རང་བཞིན་དང་གོ་ཆོད་རང་བཞིན། ཆ་འཕྲིན་གྱི་དོན་དངོས་རང་བཞིན་དང་ཁྲིམས་མཐུན་རང་བཞིན་སོགས་ཕྱོགས་མང་པོའི་སྤུས་ཚད་མཐོ་རུ་གཏོང་དགོས་ལ། འབྲེལ་ཡོད་ལས་ཁུངས་དང་གསར་འགྱུར་ལས་བྱེད་མི་སྣས་སྤྱི་དམངས་ཀྱི་གསང་བའི་ཁེ་དབང་ལ་གནོད་སྐྱོན་བཟོས་ཚེ། དུས་ལྟར་བཅོས་བསྒྱུར་དང་། ཁྲིམས་འགལ་བྱ་སྤྱོད་ཀྱི་ལྕི་ཡང་ལྟར་ཆད་པ་གཅོད་པ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་ཀྱིས་གསར་འགྱུར་བརྒྱུད་སྒྲོག་ཚད་ལྡན་ཅན་དུ་གཏོང་དགོས།
       གསུམ། སྲུང་སྐྱོབ་བྱ་ཡུལ་བྱེ་བྲག་ཏུ་དགར་བ།
       སྲུང་སྐྱོབ་བྱ་ཡུལ་གྱི་ཁྱད་པར་རང་བཞིན་ལ་དམིགས་ནས། སྲུང་སྐྱོབ་བྱ་ཡུལ་དེ་སྲིད་དོན་སྐྱོང་བའི་མི་སྣ་གྲགས་ཅན་དང་། སྤྱིར་བཏང་གི་མི་སྣ་གྲགས་ཅན། སྤྱི་དམངས་ཕལ་བ་དང་ནར་མ་སོན་པའི་མི་སྣ་སོགས་རིགས་དུ་མར་དབྱེ་ནས། མི་སྣའི་ལུས་སེམས་བདེ་ཐང་གི་གནས་ཚུལ་དང་། རིག་གནས་རྒྱབ་ལྗོངས། གཤིས་སྤྱོད། འཚོ་བའི་གོམས་གཤིས་སོགས་ཐོབ་ཐང་འདྲ་མིན་ལ་བརྟེན་ནས། ཁྲིམས་མཐུན་འོག་མི་སྒེར་གྱི་གསང་བའི་ཁེ་དབང་ལ་སྲུང་སྐྱོབ་བྱ་དགོས་སོ། །
འབྲེལ་ཡོད་འོས་སྦྱོར།