logo

ཁ་སྒང་བཀྲ་ཤིས་ཚེ་རིང་ལགས་ཀྱི་དཔྱད་རྩོམ།

རྩོམ་པ་པོ།:ཁ་སྒང་བཀྲ་ཤིས་ཚེ་རིང་། ཡོང་ཁུངས།:བོད་ལྗོངས་ཞིབ་འཇུག དུས་ཚོད།:2023-08-23 ཀློག་གྲངས།:
༄༅། །ཨམ་སྐད་དུ་དགྲ་ལ་དགྱ་ཟེར་བ་ནི་རྒྱ་ཞེས་པའི་དོན་ལ་མི་འཇུག་པའི་སྐོར་གླེང་བ།
ཁ་སྒང་བཀྲ་ཤིས་ཚེ་རིང་།

[ནང་དོན་གནད་བསྡུས།] ཉེ་རབས་ཀྱི་མཁས་དབང་དགེ་ཆོས་མཆོག་གིས་ཨམ་སྐད་དུ་དགྲའི་ཀློག་ལ་རྒྱའམ་དགྱ་བཞིན་འདོན་པ་རྒྱུ་མཚན་དུ་མཛད་ནས་བོད་སྐད་དུ་རྒྱ་དང་དགྲ་དོན་གཅིག་པར་གསུངས་པ་ནས་བཟུང་། རྗེས་བྱུང་བོད་ཀྱི་གཞོན་ནུ་མི་ཉུང་བ་ཞིག་གིས་བཞེད་ཚུལ་དེའི་རྗེས་སུ་འབྲངས་པ་མ་ཟད། མིག་སྔར་རྒྱ་དང་རྒྱ་ནག་ཅེས་པའི་མིང་དེ་དག་བོད་རྩོམ་གང་རུང་དུ་བྱུང་ཚེ། རྒྱ་བོད་མི་རིགས་དབར་འགལ་བ་བཟོ་བྱེད་ཀྱི་མིང་བརྡ་ཆེས་མི་རིགས་པ་ཞིག་ཏུ་འདོད་བཞིན་ཡོད། རྩོམ་ཡིག་འདིར་སྣང་ཚུལ་དེ་རིགས་ལ་གཞིགས་ཏེ། བོད་སྐད་དུ་ཤར་ཕྱོགས་མི་རིགས་ཀྱི་མིང་དུ་རྒྱ་ཟེར་བ་ནི་རྒྱའི་རབས་ལ་སྔ་བ་ཞ་རྒྱལ་རབས་ཀྱི་སྒྲ་ལས་བྱུང་ཞིང་། རྒྱ་ཞེས་པའི་ཡི་གེ་འགོད་ཚུལ་དེ་ནི་ལེགས་སྦྱར་གྱི་རྒྱལ་པོའི་སྐད་དོད་ར་ཛནྲ་ཞེས་པ་བོད་ཀྱི་སྐད་དུ་ཟུར་ཆག་པའི་ར་ཙ་དང་ར་གྱ། ར་ཇ་སོགས་འབྲི་ཚུལ་དུ་མ་བྱུང་བའི་ཁྲོད་ཀྱི་ར་ལྡན་གྱ་ལ་རྒྱ་ཞེས་པའི་འབྲི་སྲོལ་ཡིན་པ་དང་། དོན་གྱི་ངོས་ནས་ཆེ་བ་དང་ཆེན་པོར་འཇུག་ཚུལ་གྱི་སྐོར་གླེང་བརྗོད་བྱས་ཡོད།
[གནད་ཚིག] རྒྱ། ཙི་ན། རྒྱ་ནག སྨན་ཙེ།

       ཉེ་རབས་ཀྱི་མཁས་དབང་དགེ་ཆོས་མཆོག་གི་ཕྱག་རྩོམ«གསེར་གྱི་ཐང་མ»རུ། “རྒྱ་ནག་ལ་རང་རེས་འཁྲུག་ཆེན་བྱས་པ་ནི་གནམ་རི་སྲོང་བཙན་གྱི་དུས་ཙམ་ནས་ཡིན་ཀྱང་། དེའི་གོང་ཡུན་རིང་པོ་ནས་རྒྱ་དང་འགྲས་ཆེ་བས་རྒྱ་ལ་འཛིང་ཡ་བྱས་ཙམ་དགྲ་གཞན་ལ་བྱས་པ་མེད་ཅིང་། རྒྱ་ནག་པོ་དང་སོག་སེར་པོ་ཞེས་འབོད་པ་ཡིན་ལ། དེ་ཡང་སྔོན་གྱི་སྐད་ལ་ཡ་སྒྲ་ཅི་བས་མང་ཞིང་གྲི་ལ་གྱི། བཀྲོགས་ལ་བཀྱོགས་སོགས་ར་བཏགས་ཕལ་ཆེར་ཡ་བཏགས་སུ་ཡོད་པས། ཨ་མདོ་བ་རྣམས་ད་དུང་ཡང་དགྲ་ལ་རྒྱ། དགྲ་ཡ་ལ་རྒྱ་ཡ། དགྲ་ཐུ་ཤོས་ལ་རྒྱ་ནག་པོ་སོགས་སུ་འབོད་པ་ཡིན་ནོ།....... དེས་ན་རྒྱ་ནག་ཅེས་འབོད་པ་ཡང་དང་པོ་ངན་སྨྲས་ཡིན་མོད་ཕྱིས་འདོད་རྒྱལ་དུ་སོང་བ་ཡིན”ཞེས་ཨ་མདོ་བའི་ངག་ཏུ་དགྲ་ལ་དགྱའམ་རྒྱ་ལྟ་བུའི་སྒྲ་གདངས་ཐོན་པ་དང་། སྔོན་གྱི་སྐད་དུ་གྲི་ལ་གྱི་ཟེར་བ་སོགས་ཡ་སྒྲ་ཅི་བས་མང་བ་རྒྱུ་མཚན་དུ་མཛད་ནས་བོད་སྐད་དུ་རྒྱ་དང་དགྲ་དོན་གཅིག་པར་གསུངས་པ་ནས་བཟུང་། རྗེས་བྱུང་བོད་ཀྱི་གཞོན་ནུ་མང་པོ་ཞིག་གིས་བཞེད་ཚུལ་དེ་ཉིད་བདེན་པར་སེམས་ནས་གང་སར་སྒྲོག་པ་དང་། ཁྱད་པར་བློ་བློང་བ་ཁ་ཅིག་གིས་རྒྱ་བོད་མི་རིགས་ཀྱི་མཛའ་བརྩེར་གནོད་པའི་བརྡ་ཞིག་ཏུ་སེམས་ཏེ། དེང་རྩོམ་སྒྲིག་ཁང་སོགས་སུ་རྒྱ་དང་རྒྱ་ནག་ཅེས་པའི་ཡིག་འབྲུ་མཐོང་ཚེ། འདྲེ་མཐོང་བ་ལྟར་རྒྱོབ་སོད་ཀྱི་ཚ་རྟགས་དམར་པོ་རྒྱག་པའི་ལོ་རྒྱུས་ཀྱི་སྐྱོ་གར་ཞིག་འཁྲབ་དང་འཁྲབ་བཞིན་ཡོད། ཁོ་བོས་གནས་ཚུལ་དེ་རིགས་མཐོང་སྐབས། མ་ཤེས་པ་ནི་ཉེས་པ་ཆེན་པོའོ་སྙམ་ཞིང་། དེ་ལྟར་ངོ་མ་ཡིན་མིན་བདེན་ཐག་གཅོད་པའི་བློ་ཞིག་ཀྱང་སྐྱེས་བྱུང་།
       རྒྱ་ཞེས་པའི་ཐ་སྙད་འདི་བོད་ཀྱི་སྐད་དུ་ཇི་ལྟར་བྱུང་ཚུལ་གྱི་ཐད་རྒྱ་རིགས་ལོ་རྒྱུས་མཁས་ཅན་ཝུའུ་ཅུན(吴均)མཆོག་གིས། “བོད་ཀྱི་རིག་གནས་དང་སྐད་དུ་ཧྭ་ཞ་མི་རིགས་དང་རྗེས་ཀྱི་རྒྱ་རིགས་ལ་རྒྱ་ཞེས་འབོད་པ་ནི་ཞ་མིའི(夏人)སྒྲ་འགོད་ཚུལ་ཞིག་སྟེ། རྒྱའི་གནའ་རབས་ཀྱི་ཡི་གེར་ཞ་ལ་རྒྱ(jia)ཞེས་པའི་སྒྲ་བཞིན་ཀློག་པས་ཡིནཞེས་གསལ་བར་གསུངས་པས། དེ་ལྟར་ན། ཧ་ལམ་སྤྱི་ལོའི་སྔོན་གྱི་ལོ༢༠༧༠ནས་སྤྱི་ལོའི་སྔོན་གྱི་ལོ༡༦༠༠ཡི་དུས་ཏེ། རྒྱ་ནག་གི་ཡུལ་དུ་ཞ་རྒྱལ་རབས(夏朝)ཚུགས་པའི་དུས་སུ་ད་ལྟའི་རྒྱ་མི་རིགས་ཀྱི་མིང་ལའང་ཞ་ཟེར་བའི་མིང་ཐོགས་ཤིང་། དུས་སྐབས་དེར་ཞ་དང་རྒྱ་ནི་སྒྲ་གདངས་གཅིག་པར་ཀློག་པའི་ཡི་གེ་ཡིན་པ་ལྟར་བོད་ཀྱི་སྐད་དུའང་རྒྱུ་ཞེས་པའི་མིང་འབོད་དེ་འདྲ་བྱུང་བར་མངོན། དེ་ཡང་དེ་ལྟར་ཡིན་ངེས་སྙམ་སྟེ། ཤར་ཕྱོགས་མི་རིགས་ཀྱི་གནའ་བོའི་སྐད་དུ་ཞ་ལ་རྒྱ་བཞིན་ཀློག་ཚུལ་ཡོད་པ་ནི་ད་ལྟའི་ཝུའུ་ཧན་ས་ཆའི་ཧྲང་ཆིའུ་ཀྲོའུ་ཁུག་གྲོང་ཁྱེར(商丘周口市)གྱི་མིང་ལ་དབྱང་ཞ(阳夏yang jia)ཟེར་བའི་མིང་མཐའི་ཞ་ལ་ད་ལྟའང་རྒྱ་ཞེས་ཀློག་བཞིན་ཡོད་པ་དང་། དེ་བཞིན་སྔོན་མི་ཉག་རྒྱལ་རབས་ལ་རྒྱའི་ཡི་གེར་ཞི་ཞ(西夏)ཟེར་ཞིང་། དེའི་མིང་མཐའི་ཞ་ལ་བོད་ཀྱི་ཡི་གེར་མཐུག་པོའི་ཡི་གེ་གྷ་འདི་འདྲ་འབྲི་ཡང་། ཡུལ་དེའི་མི་རྣམས་ཀྱི་ངག་ལ་ད་ལྟའང་རྒྱ་ལྟར་ཀློག་པ་ནི་ལོ་རྒྱུས་སྨྲ་བ་རྒྱལ་མོ་འབྲུག་པ་མཆོག་ཡུལ་དེར་བརྟག་དཔྱད་དུ་ཕེབས་སྐབས་རྒྱུས་ལོན་བྱུང་བ་སོགས་ལས་ཤེས་ཐུབ། དེ་མིན་སྐུ་ཞབས་ཡོན་ཝེ(袁炜)མཆོག་གིས། ཏ་ཞ་ལ“大夏 Tochari”ཟེར་བ་ལས། སྒྲ་ཡང་བའི་ཞ་ནི་ཆའམ་གྱ་ལྟ་བུར་ཀློག་ཚུལ་ཡོད་པའང་ཤེས་ཐུབ། མདོར་ན། རྒྱའི་སྐད་དུ་ཞ་ཟེར་བ་དང་བོད་ཀྱི་སྐད་དུ་རྒྱ་ཟེར་བ་སྒྲ་མཚུངས་ཀྱི་ཡི་གེ་ཐ་དད་པ་གཉིས་ཡིན་པ་རྟོགས་ཐུབ།
       རྗེ་སྲོང་བཙན་གྱི་སྐུ་དུས་སུ་བོད་ལ་ཡི་གེ་དར་བ་ཡོངས་སུ་གྲགས་ཀྱང་། མིག་སྔར་སྐབས་དེའི་བོད་ཡིག་འདི་ཡིན་ཟེར་བ་བསྟན་དུ་མེད་པས། དུས་སྐབས་དེར་བོད་ཀྱི་ཡི་གེར་རྒྱ་ཞེས་པའི་ད་ལྟའི་འབྲི་ལུགས་འདི་སྤྱད་ཡོད་མེད་ཀྱང་དཔྱོད་པའི་ཡུལ་ལས་འདས། དེ་ལྟར་ནའང་། «སྒྲ་སྦྱོར་བམ་པོ་གཉིས་པ»ལས། “གཟུགས་ལ་སོགས་པ་དག་ལ་འདི་ནི་དཀར་པོའོ། །འདི་ནི་སྔོན་པོའོ། །འདི་ནི་བཟང་ངོ་། །འདི་ནི་ངན་ནོ་ཞེས་མཚན་མར་འཛིན་པའི་དམིགས་ཡུལ་དང་། དེ་མ་ཐག་པའི་རྐྱེན་ལ་སོགས་པའི་འདུ་བ་ལས་ཤེས་པ་འབྱུང་ཞིང་འདི་ཡིན་ནོ་སྙམ་དུ་མཚན་མར་འཛིན་པ་ལ་བྱ་བས་ན་སྙམ་ཤེས་ཞེས་སུ་ཡང་དྲང་དུ་རུང་གིས་ཀྱང་མིང་སྔར་བཏགས་པ་བཞིན་དུ་འདུ་ཤེས་སུ་བཏགས”ཞེས་བཙན་པོའི་དུས་སྐབས་སུ་སྔོན་ལ་བརྡ་གང་ཞིག་གྲགས་པ་དང་ཁྱབ་ཆེ་བ་སྤྱོད་པའི་རྩ་དོན་གཏན་འབེབས་ཡོད་པ་ལྟར་ན། སྐབས་དེར་བོད་ཀྱི་སྐད་དུ་སྔར་བཞིན་རྒྱ་ཞེས་པའི་ད་ལྟའི་མིང་བརྗོད་འདི་སྤྱོད་བཞིན་ཡོད་པར་སེམས།
       བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་བསླངས་པའི་ཞོལ་རྡོ་རིང་གི་ལྷོ་ངོས་ཐིག་ཕྲེང་༤༦པར། “རྒྱ་རྗེ་ཧེའུ་འགྀ་འྭང་ཏེ་རྗེ་བློན”ཞེས་དང་། བཙན་པོ་ཁྲི་གཙུག་ལྡེ་བཙན་རལ་པ་ཅན་གྱི་སྐུ་རིང་སྟེ། སྤྱི་ལོ༨༢༢ལོར་བསླངས་པའི་ཐང་བོད་རྡོ་རིང་གི་ནུབ་ངོས་ཐིག་ཕྲེང༥༨ནས༦༡བར་ན། “བོད་བོད་ཡུལ་ན་སྐྱིད་རྒྱ་རྒྱ་ཡུལ་ན་སྐྱིད་པའྀ་སྲིད་ཆེན་པོ་སྦྱར་ནས་གཙྀགས་བཅས་པ་འདྀ། །ནམ་ཞར་མྱྀ་འགྱུར་བར། །”ཞེས་དང་། དེ་བཞིན་ཏུན་ཧོང་ནས་ཐོན་པའི་བཙན་པོའི་སྐུ་དུས་ཀྱི་ཤོག་དྲིལP. T. 1263པའི་ཐིག་ཕྲེང་༧པར། རྒྱ་རྗེ་དང汉天子ཤན་སྦྱར་དུ་བཀོད་ཡོད་པ་སོགས། དེ་དག་ནི་དུས་རབས་བརྒྱད་པའི་ཡས་མས་སུ་ཤར་ཕྱོགས་ཙི་ནའི་མི་རིགས་ལ་རྒྱ་ཞེས་འབོད་པའི་དཔང་རྟགས་ཡིན་ལ། རྒྱ་ཞེས་པའི་ཐ་སྙད་འདི་ལ་དགྲའི་དོན་མེད་པའང་མི་ལོ་སྟོང་གི་སྔོན་གྱི་ཐང་བོད་མཐུན་འབྲེལ་རྡོ་རིང་ལས་བདེན་དཔང་བྱ་ཐུབ། དུས་སྐབས་དེར་ཞའི(夏)སྒྲ་གདངས་དང་མཚུངས་པའི་ཡི་གེ་གཞན་ཏེ། དགྱ་དང་སྒྱ། ལྒྱ་དང་ལྗ་ལྟ་བུ་རྣམས་མ་བཀོད་པར་རྒྱ་འདི་ཁོ་ན་བཀོལ་བར་དོན་སྙིང་ཆེན་པོ་ཡོད་དེ། ཅི་ཞེ་ན། ལེགས་སྦྱར་ཡི་གེར་རྒྱལ་པོའི་སྐད་དོད་ར་ཛནྲ་ཞེས་པ་ནི་རིགས་མཐོ་བ་དང་ཁྱད་དུ་འཕགས་པ། ཆེ་བ་རྗེ་རྒྱལ་སོགས་ཀྱི་མིང་དུ་སྤྱོད་པའི་ཡི་གེ་ཡིན་ཞིང་། སྐད་དོད་དེ་བོད་ཀྱི་སྐད་དུ་ཟུར་ཆག་སྟེ་ར་ཙ་དང་ར་ཇའམ་ར་གྱ་ལྟ་བུའི་འབྲི་ལུགས་བྱུང་བ་རྣམས་སོ་སོར་བརྩེགས་པ་དང་རང་སྐད་ལ་མཐུན་པའི་མིང་མཐའ་པ་པོ་སོགས་སྦྱར་བས་རྩན་པོ་དང་རྗེ་བོ། རྒྱ་དང་རྒྱལ་པོ་སོགས་ཀྱི་འགོད་ལུགས་བྱུང་བ་ཡིན་པས། རྒྱ་ཞེས་པ་ནི་ལེགས་སྦྱར་ཡི་གེའི་རྒྱལ་པོའི་སྐད་དོད་ར་ཛ་འགྱུར་བའི་འབྲི་ཚུལ་ཡིན་པ་ཤེས་ཐུབ་ལ། ཤར་ཕྱོགས་མི་རིགས་ཀྱི་མིང་དུ་ཆེ་བ་རྗེ་རྒྱལ་སོགས་ཀྱི་དོན་ལྡན་པའི་མིང་དེ་འདྲ་སྤྱད་པ་ནི་རྒྱའི་ཡིག་ཚང་ལ་སྔ་བ«ཨརྱ»ལས། “ཞ་ནི་ཆེན་པོའི་དོན་ནོ”ཞེས་དང་། ཡིག་ཚང«ཡིག་འགྲེལ»ལས། “ཞ་ནི་ཀྲུང་གོའི་མིའོ”ཞེས་པ་སོགས་ཀྱི་དོན་ལ་སྦྱོར་བཏུབ་པའི་ཡི་གེ་དམིགས་བསལ་བ་ཞིག་ཆེད་སྤྱོད་བྱས་ཡོད་པས། སྐབས་དེའི་བོད་ཀྱི་མཁས་པ་རྣམས་ཀྱིས་ཤར་ཕྱོགས་མི་རིགས་ཀྱི་མིང་དུ་ཞ་ཟེར་བའི་སྒྲ་ཡི་གེར་འགོད་དུས་སྐད་གདངས་ཁོ་ནར་ཐུགས་ཡིད་བཞག་གནང་བ་ཙམ་མ་ཡིན་པར་ཤར་ཕྱོགས་མི་རིགས་ཀྱི་སྐད་དུ་ཞ་ཞེས་པར་དོན་ཅི་ཡོད་པ་བཞིན་དུ་བོད་ཀྱི་ཡི་གེར་ཡང་དེ་མཚུངས་ཀྱི་སྒྲ་གདངས་དང་དོན་ལྡན་པ་འགོད་པར་གཙིགས་འཛིན་གནང་བ་མཚོན་ལ། བོད་མི་རིགས་ནི་གནའ་བོའི་དུས་ནས་འདྲ་མཉམ་གྱི་བསམ་བློ་ལྡན་ཞིང་གཞན་ལ་གུས་བརྩི་ཆེ་བའི་མི་རིགས་ཤིག་ཡིན་པ་ཞོར་ནས་ཤེས་ཐུབ།
       རྒྱ་ནག་གི་རྒྱ་ལ་དེ་ལྟར་མཐོན་པོ་དང་ཆེ་བའམ་འཕགས་པའི་དོན་ཡོད་པ་བཞིན་དུ་རྒྱ་གར་གྱི་རྒྱར་ཡང་དེ་མཚུངས་ཀྱི་དོན་ལྡན་པ་ནི་རྗེ་ས་པཎ་གྱི«སྒྲ་ཉེ་བར་བསྡུས་པ་བཞུགས»ལས། “འཕགས་པ(ཨརྱ)ཨརྒྱར་བཀླགས་པས་འཁྲུལཞེས་དང་། སྤྱི་ལོ༢༠༡༡ལོར་ང་རང་མངའ་རིས་འཁོར་ཆགས་དགོན་པར་སྐྱོད་པའི་སྐབས་སུ་རྙེད་པའི་ཤོག་ལྷེ་ཞིག་ལས། “༄༅། ། ། །རྒྱ་གར་སྐད་དུ་། ཨ་རྒྱ་འཛམ་པ་ལ་ས་ཏ་ན་མ། །བོད་སྐད་དུ་། འཕགས་པ་འཛམ་པ་ལ་འི་སྒྲུབ་ཐབས་ཞེས་བྱ་བ་། །”ཞེས་གསལ་བས། བོད་ཀྱི་སྐད་དུ་རྒྱ་གར་ཞེས་པའི་རྒྱ་ནི་འཕགས་པའི་སྐད་དོད་ཨརྱ་ཞེས་པ་བོད་སྐད་དུ་ཟུར་ཆག་སྟེ་ཨ་རྒྱ་ཞེས་འབོད་པའི་མིང་ཟུར་ལས་བྱུང་བ་ཞིག་ཡིན་པ་ཤེས་ཐུབ་ལ། བོད་ཀྱི་སྐད་དུ་རྟག་ཏུ་རྒྱ་གར་འཕགས་པའི་ཡུལ་ཞེས་པའི་ཚིག་བྱུང་བ་དེ་ཡང་རྒྱུ་མཚན་དེ་འདྲ་ལ་བརྟེན་པའི་བརྗོད་ཚུལ་ཞིག་རེད། ཕྱིས་སུ་རྗེ་ས་པཎ་གྱིས་འཕགས་པའི་སྐད་དོད་ཨ་རྒྱར་འབོད་པའི་ཡི་གེའི་འགོད་ཚུལ་བསྒྱུར་གནང་ནས་ཨརྱ་ཞེས་མཛད་ཀྱང་དོན་ལ་འགྱུར་བ་མེད་པ་ནི་ཏུན་ཧོང་ནས་ཐོན་པའི་P.T.0849ཤོག་དྲིལ་གྱི་ཐིག་ཕྲེང་༡༠པར། “འཛོ་ག་ལ་ཡང་རྣམ་པ་བཞི་། འཛོ་ག་དང་། མ་ཧ་འཛོ་ག་དང་། ཨ་ནུ་འཛོ་ག་དང་། ཨ་ཏི་འཛོ་ག་དང་། བཞི”ཞེས་དང། ཐིག་ཕྲེང་༧པ་ནས་༩པའི་བར་ན།“ཐེག་པ་རིམ་པ་དགུ་གང་ལ་བྱ་ཞེ་ན་། །མྱི་འི་ཐེག་པ་དང་། །ལྷའི་ཐེག་པ་དང་། ཉན་ཐོས་ཀྱི་ཐེག་པ་དང་། །རང་སང་རྒྱས་ཀྱི་ཐེག་པ་དང་། མདོ་སྡེའི་ཐེག་པ་དང་། བྱང་ཆུབ་སེམས་པའི་ཐེག་པ་དང་། །མཛོ་ག་དང་། ཀྱྀར་ཡཱ་དང་། ཨུ་པ་ཡ་དང་། དེ་རྣམས་ནི་ཐེག་པ་རིམ་པ་དགུ་”ཞེས་སོགས་བྱུང་བའི་ཁྲོད་ཀྱི་མཛོ་ག་དང་མ་ཧ་འཛོ་ག་ནི་ད་ལྟ་བརྗོད་བཞིན་པའི་ཡོ་ག་དང་མ་ཧ་ཡོ་ག་ཞེས་པའི་འབྲི་ཚུལ་ཡིན་ཞིང་། དེ་བཞིནP.T.0849ཤོག་དྲིལ་གྱི་ཐིག་ཕྲེང༣༢པར། གཤིན་རྗེའི་སྐད་དོད་ཡ་མ་རཱ་ཛཿལ་“འཛ་མ་ར་ཛའ”ཞེས་བཀོད་པ་སོགས། དཔེ་དེ་དག་གི་ཁྲོད་དུ་ཡ་ཛ་ཕན་ཚུན་བརྗེས་ཀྱང་དོན་ལ་འགྱུར་བ་མེད་པ་རྟོགས་ཐུབ། དེ་ལྟ་བུ་བོད་རང་སྐད་དུའང་སྐྱེས་གཟུགས་མཚར་བའི་གཞོན་ནུ་མར་ཡག་མ་དང་མཛེས་མ་ཞེས་ཡ་ཛ་ཕན་ཚུན་བརྗེས་པའི་མིང་ཐོན་ཞིང་། ཡོན་ཏན་དང་མཛངས་པ་སོགས་དོན་གཅིག་ལ་བྱེད་པ་དང་། དེ་བཞིན་ཀུན་སྤྱོད་བཟང་བ་ལ་ཡ་རབས་དང་། ལེགས་སོ་ལ་ཡ་ཡ། གོང་འཕེལ་དུ་འགྲོ་བར་ཡར་རྒྱས། སྐྱེས་བུ་དཔའ་རྩལ་ཅན་ནམ་རྣམ་པར་རྒྱལ་བའི་དོན་ལ་ཙ་ཡ་ཞེས་པ་སོགས་འཕགས་པའམ་ལེགས་པོའི་དོན་ལ་སྦྱར་བའི་མིང་བརྡ་མང་པོ་ཞིག་བྱུང་ཡོད། དེ་མིན་«ཐ་སྙད་རིག་གནས་ལྔའི་བྱུང་ཚུལ»ལས། “ཙ་ཚ་ཛ་རྣམས་རྒྱ་གར་ཤར་ཕྱོགས་པ་འགའ་ཞིག་ཅ་ཆ་ཇ་ཞེས་ཏེ་གསུམ་བཀོད”ཅེས་ཇ་དང་ཛ་ཕན་ཚུན་བརྗེ་ཆོག་པའི་ཡི་གེར་གསུངས་པ་དང་། འབྲུག་པ་པད་དཀར་གྱིས།“ཙ་དང་ཛ་ནི་ཡུལ་དུས་ལས་སྐད་ཀྱི་འགྱུར་བར་ཟད་དོ”ཞེས་ཙ་དང་ཛ་ཡང་ཕན་ཚུན་བརྗེ་ཆོག་ཅིང་དོན་ཡང་གཅིག་པའི་ཡི་གེར་གསུངས་པ་ལྟར། «དེབ་དམར»སོགས་བོད་ཀྱི་ལོ་རྒྱུས་དེབ་ཐེར་དུ་རྒྱལ་པོ་ར་ཙ་ཞེས་ར་ཛ་དང་ར་ཙ་གཅིག་ཏུ་བྱེད་པའི་མིང་གི་འབྲི་ལུགས་བྱུང་ཞིང་། ལེགས་སྦྱར་ཡི་གེ་རྒྱལ་པོའི་སྐད་དོད་ར་ཛའམ་ར་ཙ་བརྩེགས་པ་ལས་རྩན་པོ་ཞེས་དང་། མགོ་ཅན་དོར་ཏེ་སྔོན་འཇུག་བ་བཀོད་པས་བཙན་པོ་ཞེས་དང་། ཛ་དང་ཇ་ཕན་ཚུན་བརྗེ་ཆོག་པའི་ཡི་གེར་གསུངས་པ་ལྟར། ར་ཇ་བརྩེགས་པས་རྗེ་བོ་དང་། ར་ཛའི་སྒྲར་ར་གྱ་ཞེས་གདངས་ལ་སྦྱར་ཏེ་བརྩེགས་པས། རྒྱ་དང་རྒྱལ་པོ་སོགས་ཀྱི་མིང་བརྡ་དེ་དག་བྱུང་བ་ཡིན་པས། རྒྱ་དཀར་ནག་གི་རྒྱ་ལ་མཐོན་པོ་རྗེ་རྒྱལ་སོགས་ཀྱི་དོན་ལྡན་པ་ནི་གོང་གསལ་ཡི་གེའི་འགྱུར་ལུགས་མི་འདྲ་བ་དེ་རྣམས་ལས་ཤེས་པར་འགྱུར།
       མར་མེ་གཅིག་ལས་མར་མེ་སྟོང་ཕྲག་ཟེར་བའི་དཔེ་བཞིན་བོད་ཀྱི་སྐད་དུ། རྒྱ་མ་དང་། གན་རྒྱ། ཕྱག་རྒྱ། གསང་རྒྱ། དམ་རྒྱ། རི་རྒྱ་དང་ཀླུང་རྒྱ། འཚང་རྒྱ། ལ་རྒྱ། ཀླད་རྒྱ། རྒྱ་རིམ་པ་བདུན། འཕགས་པའི་རིགས་ལ་ཨ་རྒྱ། ཨ་མདོའི་རོང་འབྲོག་ཁུལ་དུ་ཆེས་བཀུར་བར་འོས་པའི་ཕ་དང་ཕུ་བོར་ཨ་རྒྱ། རྒྱལ་ས་ལ་རྒྱ་ས། དེ་བཞིན་སྦས་རྒྱ་དང་། གཏད་རྒྱ། གཏེར་རྒྱ། ཆེས་གསང་བར་བྱ་བར་རྒྱ་རྒྱ་ཞེས་པ་སོགས་དང་། མངའ་ཁོངས་ཆེན་པོར་མངའ་ཁོངས་རྒྱ་ཆེ་བ།ས་གཞི་ཡངས་པོར་ས་རྒྱ་ཆེ་བ། མཚོ་ཆེན་པོར་རྒྱ་མཚོ་ཆེན་པོ། སྐྱེས་བུ་བློ་ཁོག་ཡངས་པར་བློ་རྒྱ་ཆེ་བ། སྟོབས་རྩལ་སོགས་གཞན་ལས་ཆེ་བའི་སྐྱེས་བུར་རྒྱ་སྟག་ངར་མ། རང་ཉིད་ཆེ་བར་རློམ་པར་ང་རྒྱལ་ཆེ་བ། ཆུ་བོ་ཆེ་བར་འཕེལ་བར་ཆུ་རྒྱས།ཁྱད་པར་སྐྱེས་རབས་ལས། “རྒྱ་ཆེན་སྒྲོའི་ཁུར་གྱིས་ནོན་པའི་རྨ་བྱ་ནི་”ཞེས་སྒྲོ་མདོངས་སྟུག་པོར་རྒྱ་ཆེན་ཞེས་པ་སོགས། མདོར་ན། ཚད་མ་དང་ཚད་བཀག སྟུག་པོ་དང་ཡར་ཐོན།སྤོབས་པ་དང་མཐོན་པོ་སོགས་དང་། ཆེ་ཆུང་གི་རྣམ་གཞག་སྟོན་པར་རྟག་ཏུ་རྒྱ་འདི་ཉིད་མིང་གཞི་དང་མིང་མཐར་སྦྱར་བའི་སྣང་ཚུལ་ཞིག་མཐོང་དུ་ཡོད་ཅིང་། ཏུན་ཧོང་ནས་ཐོན་པའིP.T. 0997ཤོག་དྲིལ་གྱི་ཐིག་ཕྲེང་༤པར། “ཆོས་ཀྱྀ་གཞྀ་འཛྀན་བན་དེ་མཆོག་གྀ་དབང་པོ་དང། ཨ་རྒྱ་དང། དམག་པོན་དང་”ཞེས་བྱུང་བའི་ཨ་རྒྱ་ནི་བཙན་པོའི་དུས་སྐབས་སུ་གོ་གནས་ངེས་ཅན་ཞིག་ཏུའང་སྤྱོད་པ་བཅས། གོང་གསལ་དཔེ་དེ་དག་ནི་ལེགས་སྦྱར་ཡི་གེར་རྒྱལ་པོའི་སྐད་དོད་ར་ཛ་དང་འཕགས་པའི་སྐད་དོད་ཨརྱ་ཞེས་པར་མཐོན་པོ་དང་ཁྱད་འཕགས་ཀྱི་དོན་ལྡན་པར་གཞིགས་པའི་མིང་བརྡའི་སྤྱོད་ཚུལ་ཞིག་ཡིན་པར་སྣང་།
       དེ་ལྟར་རྒྱ་ཞེས་པའི་དོན་ལ་དཔྱད་པ་རགས་ཙམ་སྔོན་དུ་བྱས་ཏེ། ད་ནི་རྒྱ་གར་ནག་ཅེས་པའི་མིང་མཐའི་དོན་ལ་དཔྱད་པར་བྱ་སྟེ། སྔོན་གྱི་དུས་སུ་ཁ་ཅིག་གིས་རྒྱ་གར་ཞེས་པའི་མིང་མཐའི་གར་ནི་ཕྱི་རྒྱ་མཚོ་ལས་རིང་དུ་གར་བས་རྒྱ་གར་དང་།དུས་རྒྱུན་གླུ་གར་ལ་རོལ་བས་གར་ཟེར་ཚུལ་སོགས་ཀྱི་སྒྲ་བཤད་མང་དུ་བྱུང་བར་མཁས་དབང་ཚེ་ཏན་ཞབས་དྲུང་མཆོག་གིས«ཐོན་མིའི་ཞལ་ལུང»དུ་རྣམ་དག་རིགས་པའི་ལམ་ནས་དགག་གཞག་གང་ཟབ་མཛད་ཡོད་པ་མ་ཟད། “ཕྱིས་ཀྱི་མཁས་པ་སི་ཏུ་གཙུག་ལག་ཆོས་ཀྱི་སྣང་བ་རྗེས་འབྲང་དང་བཅས་པས། རྒྱ་གར་བས་མྱ་ངན་གྱི་གོས་ནག་པོ་བྱེད་པ་ལས་ནམ་རྒྱུན་གོས་མདོག་དཀར་པོ་གྱོན་པ་ཤས་ཆེ་བས་རྒྱ་དཀར་བཏགས་པ་སྟེ།........ དེ་བཞིན་དུ་གཙོས་བློ་བཟང་རྒྱལ་མཚན་སེང་གེས་མཛད་པའི་སུམ་ཅུ་པའི་འགྲེལ་པ་དང་ཤེར་སྙིང་གི་འགྲེལ་པ་གཉིས་ཀར་ཡང་བཤད་ཚུལ་འདི་ཁོ་ན་འཐད་ཕྱོགས་སུ་མཛད་སྣང་ངོ་། །དེ་ནི་བདེན་པ་ལྟ་བུར་སྣང”ཞེས་རྒྱ་གར་གྱི་གར་ནི་མི་རིགས་དེས་ནམ་རྒྱུན་གོས་དཀར་པོ་གྱོན་པར་དེ་སྐད་ཟེར་བ་ཡིན་པའི་སྒྲུབ་བྱེད་དུ་མཁས་པ་གཞན་གྱི་གསུང་དྲངས་གནང་བ་དང་སྦྲགས། ཁོང་རང་ཉིད་ཀྱང་བཞེད་ཚུལ་དེ་ལ་འཐད་པའི་གསུང་སྒྲོས་ཐོན་པ་དང་། ཡིག་རྙིང་འགར་རྒྱ་ཀར་ཞེས་གར་ལ་ཀར་དུ་བྲིས་པ་དང་།«སྦ་བཞེད་»དུ། “བཟོ་རྒྱ་དཀར་པོའི་ལུགས།........ རྒྱ་དཀར་པོའི་ཆོས་ལ་”ཞེས་དང་།«བཀའ་ཐང་སྡེ་ལྔ»རུ། “རྒྱ་དཀར་ནག་གི་མཚམས”ཞེས་སོགས་དེབ་ཐེར་དེ་དག་ཏུ་གར་དང་དཀར་གདམ་ངར་བྱས་པའི་ཚུལ་ལས། རྒྱ་གར་ཞེས་པའི་མིང་མཐའ་གར་ནི་རྒྱ་གར་ཚ་བའི་ཡུལ་དུ་འཚོ་བའི་མི་རྣམས་ཀྱིས་ནམ་རྒྱུན་གོས་དཀར་པོ་གྱོན་པ་རྒྱུ་མཚན་དུ་བྱས་ནས་དཀར་འབྲི་བ་ནས་རིམ་གྱིས་ཟོར་ཡང་བའི་ཡི་གེར་གར་ གྱི་འགོད་ཚུལ་བྱུང་བ་འཐད་པར་སྣང་། དེ་བཞིན་རྒྱ་ནག་ཅེས་པའི་མིང་མཐའི་ནག་བྱུང་ཚུལ་གྱི་ཐད་ལའང་«ཐོན་མིའི་ཞལ་ལུང་»དུ། སྔོན་གྱི་མཁས་དབང་སི་ཏུ་གཙུག་ལག་ཆོས་ཀྱི་སྣང་བ་རྗེས་འབྲང་དང་བཅས་པས་“རྒྱ་ནག་གིས་མྱ་ངན་གྱི་གོས་དཀར་པོ་བྱེད་པ་ལས་ནམ་རྒྱུན་གོས་མདོག་ནག་པོ་གྱོན་པ་ཤས་ཆེ་བས་རྒྱ་ནག་པོ”ཞེས་གསུངས་པའི་བཞེད་ཚུལ་འཐད་ཕྱོགས་སུ་བཟུང་གནང་ཡོད། དེས་ན་ནམ་རྒྱུན་གོས་དཀར་པོ་གྱོན་པ་ཤས་ཆེ་བའི་འཕགས་པའི་རིགས་ལ་རྒྱ་གར་ཟེར་བ་ལྟར། རྒྱ་ནག་ཅེས་པའི་ནག་ནི་སྔོན་གྱི་དུས་སུ་ནམ་རྒྱུན་གོས་ནག་པོ་གྱོན་པ་ཤས་ཆེ་བ་རྒྱུ་མཚན་དུ་མཛད་ནས་དེ་སྐད་དུ་གསུངས་པ་བདེན་པ་ལྟ་བུར་སྣང་ཡང་།«རྒྱ་ནག་ཆོས་འབྱུང་»ལས། “ འཕགས་ཡུལ་བ་རྣམས་མ་ཧ་ཙི་ནར་འབོད་པའི་མ་ཧ་ནི་ཆེན་པོ་དང་།ཙི་ན་ནི་ཚིན་ཞེས་པའི་རྒྱ་སྐད་སྒྲ་ཟུར་ཅུང་ཟད་ཆག་པ་སྟེ། སི་ཡང་ལ་སོགས་པའི་ནུབ་ཕྱོགས་པ་རྣམས་ཅི་ན་ཟེར་རོ་”ཞེས་གསུངས་པ་ལྟར་ན། རྒྱ་ནག་ལ་ཙི་ནའམ་ཅི་ན་ཞེས་འབོད་པ་ནི་སྤྱི་ལོའི་སྔོན་གྱི་ལོ༢༥༩ནས་སྤྱི་ལོའི་སྔོན་གྱི་ལོ༢༡༠བར་གྱི་དུས་སུ་རྒྱ་ནག་ཏུ་ཆིན་(秦)རྒྱལ་རབས་ཞེས་པ་ཞིག་བྱུང་བའི་ཆིན་གྱི་མིང་ཟུར་ཆག་པའི་བརྗོད་ཚུལ་ཞིག་སྟེ། སྐབས་དེར་འཕགས་ཡུལ་རྒྱ་གར་བའི་ཡི་གེར་ཆིན་ལ་ཙི་ནCiniཞེས་དང་སི་ཡང་ལ་སོགས་པའི་ནུབ་ཕྱོགས་པ་རོ་མསSinoaཞེས་དང་། དབྱིན་ཇིའི་ཡི་གེརChinaདང་། ཧྥ་རན་སེའི་སྐད་དུChineཞེས་སོགས་འགོད་ཚུལ་དུ་མ་བྱུང་ཡོད་ཅིང་། དེའི་ཁྲོད་ཀྱིCiniཞེས་པའི་སྒྲ་ནི་བོད་ཀྱི་ཡི་གེར་ཙི་ན་ཞེས་འགོད་ཚུལ་མཁས་དབང་གུང་མགོན་པོ་སྐྱབས་ཀྱིས་གསུངས་ཤིང་།ཐང་རྒྱལ་རབས་ཀྱི་དུས་སུ་འཕགས་པའི་ཡུལ་ལ་བརྟོལ་བའི་སྡེ་སྣོད་གསུམ་པ(玄奘)སོགས་ཀྱིས་སྤྱི་ལོ༦༤༤ལོར་མཛད་པའི་«ཆེན་པོ་ཐང་གུར་དུས་ཀྱི་རྒྱ་གར་ཞིང་གི་བཀོད་པའི་དཀར་ཆག་»ཏུ། རྒྱ་ཡུལ་ལ་“ཙི་ནའི་ཡུལ”(支那或至那国)ཞེས་གསུངས་པ་ལྟར་ན། དུས་སྐབས་དེའི་སྔ་རྗེས་ཤིག་ནས་རྒྱ་ཡུལ་ལ་ཙི་ན་ཞེས་པའི་མིང་དེ་ཁྱབ་ཅིང་ཆོས་གཞུང་བསྟན་བཅོས་སྣ་ཚོགས་རྒྱ་ཡུལ་ལ་བསྒྱུར་བའི་དུས་སུ་མིང་དེ་སྤྱོད་རྒྱ་ཆེ་བར་གྱུར། བོད་ཡུལ་དུ་བསྟན་པ་ཕྱི་དར་གྱི་རྗེས་ནས་འཕགས་ཡུལ་མཁས་པའི་ངག་བཞིན་མ་ཧ་ཙི་ནར་བརྗོད་པའི་མིང་དེ་སྤྱོད་འགོ་ཚུགས། དེས་ན་ན་དང་ནག་ནི་བོད་སྐད་ལ་སྒྲ་དོན་མི་གཅིག་པའི་ཡི་གེ་གཉིས་ཡིན་ཡང་། བོད་མི་ཉག་ས་ཆའི་ཆུ་ནག་ཟམ་ཁར་སྤྱི་ལོ་༡༡༧༦ལོར་བསླངས་པའི་རྡོ་རིང་གི་ངོས་སུ་“འཇི་ན”ཞེས་ཆུ་ནག་ཅེས་པའི་མིང་སྟེ། རྡོ་རིང་དེར་ན་དང་ནག་གཅིག་ཏུ་བྱས་པའི་འགོད་ཚུལ་ཐོན་ཡོད་ལ། ད་ལྟའང་ལྷ་ས་བ་ཞིག་གི་ངག་ནས་ནག་ཆུ་ཞེས་བརྗོད་དུས་ཨ་མདོ་བའི་རྣ་བར་ན་ཆུ་ལྟ་བུའི་སྒྲར་འགྱུར་བའི་ཚུལ་ལ་བརྟགས་ཚེ། རྒྱ་ནག་ཅེས་པ་ཡང་རྒྱ་ཡང་ཡིན་ལ་ཙི་ན་ཡང་ཡིན་པ་གཞི་མཐུན་དུ་བསྡུས་པའི་མིངསྟེ། ཐོག་མར་རྒྱ་ཙི་ནའམ་རྒྱ་ན་ལྟ་བུར་བརྗོད་པ་ནས་ཡིག་མཁན་སུ་ཞིག་གིས་ན་དང་ནག་གཅིག་ཏུ་བྱས་པ་རྒྱུན་འབྱམས་སུ་གྱུར་ཏེ། ཕྱིས་སུ་མཁས་དབང་སི་ཏུ་མཆོག་གིས་རྒྱ་ནག་ཅེས་པའི་ནག་ནི་ནམ་རྒྱུན་གོས་ནག་པོ་གྱོན་པའི་དོན་ལ་སྦྱར་བའི་སྒྲ་བཤད་ཡིད་དུའོང་བ་མཛད་པ་ནས་ཉེ་རབས་ཀྱི་དུས་བར་བོད་ཡུལ་སྟོད་སྨད་ཀུན་ཏུ་དེ་ལྟར་འདོད་ཅིང་ཁྱབ་པར་གྱུར་བ་ཡིན། དེ་ལྟར་རྒྱ་དང་རྒྱ་ནག་ཅེས་པའི་མིང་ལ་ངན་སྨྲས་ཀྱི་དོན་གཞན་ཡོད་པའི་རྣམ་རྟོག་ནི་སུ་ཞིག་ལའང་སྐྱེས་མ་མྱོང་བ་ལོ་རྒྱུས་ཡིག་ཚང་ཀུན་དཔང་པོར་འགོད་ཆོག གལ་ཏེ་སུ་ཞིག་གིས་ད་དུང་རྒྱ་དང་སྒྲ་འདྲ་བའི་ཨམ་སྐད་ཉི་ཚེ་བ་ཞིག་ལ་ཤི་འཐམ་སྦར་འཐམ་གྱིས་རྒྱ་དང་རྒྱ་ནག་ཅེས་པའི་མིང་བྱུང་ཚད་ཀུན་དགྲའི་དོན་ལ་སྦྱོར་བའི་ཨུ་ཚུགས་ལྷུར་བླངས་ཚེ། ཐང་བོད་མཛའ་མཐུན་རྡོ་རིང་ངོས་ཀྱི་རྒྱ་རྒྱ་ཡུལ་ན་སྐྱིད་ཅེས་དང་། རྒྱ་རྗེ་སོགས་ཀྱི་རྒྱ་རྣམས་དགྲའི་དོན་ལ་མི་སྦྱོར་ཐུ་མེད་ཡིན་ལ། རྒྱ་གར་ཞེས་པ་ཡང་དགྲ་དཀར་པོར་མི་འདོད་བཞིན་དུ་ཁས་ལེན་དགོས་པ་སོགས་ཧ་ཅང་ཐལ་བར་འགྱུར་རོ། དེས་ན་བློ་གཟུ་བོར་གནས་པ་རྣམས་ཀྱིས་དེང་ནས་བཟུང་རྒྱ་དང་དགྲ་དོན་གཅིག་པར་འདོད་པའི་རྣམ་རྟོག་དེ་རིགས་གཏན་དུ་སྤང་བར་བྱའོ། །
       གཞན་ཡང་ཆག་ལོ་རིན་ཆེན་ཆོས་རྒྱལ(སྤྱི་ལོ༡༡༩༧ལོ་ནས༡༢༦༤ལོ་བར)མཆོག་གིས། “མ་ཧཱ་ཙི་ན་ཞེས་པ་ཟུར་ཉམས་པས་སྨན་ཙེ་ཞེས་ཟེར་བ་ཤར་ཕྱོགས་པ་འདིའོ”ཞེས་གསུངས་ཀྱང་། སྨན་ཙེ(蛮子)ཞེས་པ་ནི་རྒྱ་ཡུལ་ལྷོ་ཕྱོགས་ཀྱི་སུའུ་ཧང(苏杭)ས་ཆའི་སྔོན་གྱི་ཡུལ་མིང་ཡིན་ཞིང་། རྒྱ་རྗེ་སུང(宋朝)གི་རིང་ལ་ཡུལ་དེར་རྒྱལ་ས་བྱས་པ་ནས་བོད་ཀྱི་ཕྱིས་བྱུང་བསྟན་བཅོས་རྣམས་སུ་ས་མིང་མི་མིང་དུ་ཆགས་པ་ལྟར་རྒྱ་མི་རིགས་ཀྱི་མིང་དུ་ཡུལ་མིང་དེ་འདྲའི་འགོད་ཚུལ་བྱུང་བ་ཡིན་པས། མ་ཧཱ་ཙི་ན་དང་སྨན་ཙེ་གཉིས་ལ་རྒྱུ་འབྲས་ཀྱི་འབྲེལ་བ་ཅི་ཡང་མེད། ཁོང་གི་བསྟན་བཅོས་སུ།“རྒྱ་ནག་དང་རྒྱ་ནག་ཆེན་པོ་གཉིས་ལས་”ཞེས་གསལ་བ་ལྟར་ན། དུས་སྐབས་དེའི་སྔ་རྗེས་ཤིག་ནས་བོད་ལ་རྒྱ་ནག་ཅེས་པའི་མིང་འདིའི་འབྲི་སྲོལ་རྒྱ་ཆེར་དར་ཡོད།
       ད་ལྟ་ནི་རྒྱ་ཟེར་བའི་མིང་འདི་རང་ལས་ཐ་དད་པའི་ཕྱི་པ་ཀུན་སྟོན་པར་འཇུག་སྟེ། རང་ལས་ཐ་དད་པའི་འཕགས་པའི་རིགས་ལ་རྒྱ་གར་ཟེར་བ་བཞིན་རང་ལས་ཐ་དད་པའི་ཤར་ཕྱོགས་མི་རིགས་ཀྱི་མིང་ལ་རྒྱ་དང་རྒྱ་ནག་པོ་ཟེར་ལ། དེ་བཞིན་སྐྲ་དང་སྨྲ་ར་སེར་པོ་ཅན་གྱི་ནུབ་གླིང་པར་རྒྱ་སེར་དང་སོག་སེར་པོ། བྱང་ཕྱོགས་ཀྱི་གྲུ་གུ་མི་རིགས་ལ་རྒྱ་གྲུ་གུ། གཞན་ཡང་ཁ་ཆེའི་རིགས་ལ་རྒྱ་སོག་ཟེར་བའི་བརྗོད་ཚུལ་ཡོངས་སུ་གྲགས་སོ། བོད་ཀྱི་གླུ་གཞས་སོགས་སུ་རྒྱ་ནག་པོ་ཟེར་བ་ཡང་སྐབས་དེའི་རྩེད་གྲོགས་རང་ལས་ཐ་དད་པའི་ཕྱི་པ་ངོ་མི་ཤེས་ཤིང་འབྲེལ་འདྲིས་ཅི་ཡང་མེད་པ་གང་རུང་སྟོན་པའི་ཚིག་སྟེ། དེར་དགྲ་དང་དགྲ་ནག་པོར་གོ་ཚུལ་མེད་པ་ནི་བོད་སྐད་ལ་བྱང་བ་རྣམས་ལ་དྲིས་དང་ཤེས་འོང་།
       མདོར་ན། རྒྱའི་རྒྱལ་རབས་ཐོག་མའི་མིང་ལ་ཞ་ཟེར་བའི་སྒྲ་གདངས་བཞིན་བོད་ཀྱི་སྐད་དུའང་རྒྱ་ཞེས་གྲགས་ཤིང་མིང་དེ་རིམ་འཕེལ་གྱི་བརྒྱུད་རིམ་ཁྲོད་རྒྱ་དང་རྒྱ་ནག རྒྱ་སེར་སོགས་རང་ལས་ཐ་དད་པའི་མི་རིགས་ཀྱི་མིང་འབོད་དུ་མ་བྱུང་། ཨམ་སྐད་དུ་རྒྱ་དང་དགྲའི་སྒྲ་བརྗོད་མཚུངས་པར་བཤད་རུང་ཡང་། སྔོན་གྱི་བརྡ་དག་སོགས་སུ་རྒྱ་དང་དགྲ་ནི་མིང་དོན་གཅིག་པའི་ཁུངས་སམ་སྒྲུབ་ཚུལ་མེད་ཅིང་། སྒྲ་གཅིག་དོན་མང་ལ་འཇུག་པ་དང་སྒྲ་འདྲ་བ་ཙམ་གྱིས་དོན་གཅིག་པར་བསྒྲུབ་མི་ནུས་པའི་ཚུལ་ལ་རྟོག་གེར་བྱང་བ་རྣམས་ཕར་ཞོག རིག་པར་ཅུང་ཙམ་གོམས་པ་རྣམས་ཀྱིས་ཀྱང་སོམ་ཉིའི་སྒྲོ་འདོགས་ཆོད་པར་འགྱུར།
       དགྲ་ལ་དགྱ་བཞིན་ཀློག་པའི་ཨམ་སྐད་ཅིག །དཀར་ནག་རྒྱ་ལ་སྦྱར་བའི་ཨུ་ཚུགས་ཀྱིས། །རྗེས་རབས་བསླད་པའི་ལམ་དུ་ཁྲིད་མཐོང་ནས། །བདེན་པ་བདར་བའི་རྩོམ་འདི་ཆེད་དུ་བྱས། །གནས་ལུགས་སྲེག་ཟ་མེ་དཔུང་སྦར་བའི་ལྟོར། །ཉེས་བཤད་རྩྭ་ཡི་ཕུང་པོ་ཀུན་བསྲེག་པ། །སྡང་བའི་སེམས་ཀྱིས་བྱས་པ་མ་ཡིན་པར། །བདེན་པའི་རང་བཞིན་བདེན་པར་སྒྲུབ་པ་ཙམ། །གངས་ཅན་རིག་པའི་འོ་ཞོ་སྣུམ་པོ་དེ། །ཡུན་རིང་ནུ་བའི་ལང་ཚོའི་དཔལ་ཡོན་ཅན། །དཔྱད་སྟོབས་རྫོགས་པ་མང་དུ་བྱུང་ངོ་ཞེས། །ནམ་མཁའི་དབྱིངས་ནས་སྒྲ་བརྒྱ་དགོད་ལ་ལྟོས། །

མཆན་འགྲེལ་དང་ལུང་འདྲེན་དཔྱད་ཡིག
«མཁས་དབང་དགེ་ཆོས་ཀྱི་གསུང་འབུམ་»སྟོད་ཆ།«རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་»སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ལོ། ཤོག་ངོས་༤༠༦ན་གསལ།
② 藏学家吴均先生(1913.1—2009.1)认为,藏文化和语言中对华夏人及其以后的汉人始终称为嘉(rgya),这就是夏人“夏”的对音(古汉语中“夏”读为“嘉”),一直使用至今。本文选自«青藏高原论坛»,2016年7月。
③ 袁炜:«两汉时期“大夏”(Tochari)名辨»载于学术刊物«丝路文明»第6辑31页。
④ 
«བསྟན་འགྱུར»སྣ་ཚོགས། ཅོ། ༢༡༩«སྒྲ་སྦྱོར་བམ་པོ་གཉིས་པ་བཞུགས་»དེབ། ༡༡༥ ལྡེབ། ༣༦༤ན་གསལ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།
ཁ་སྒང་བཀྲ་ཤིས་ཚེ་རིང་།«རྗེ་གཉའ་ཁྲིའི་གདུང་ཁུངས་དང་གཉའ་ཁྲི་བཙན་པོ་མཚན་གསོལ་ཚུལ་གྱི་གོ་དོན་ལ་ཐོག་མར་དཔྱད་པ་»ཞེས་པ་ནི་«ཀྲུང་གོའི་བོད་རིག་པ་»༢༠༢༠ལོའི་བོད་ཡིག་དུས་དེབ་གསུམ་པར་འཁོད།
⑥«尔雅»:“夏,大也”。引自百度网。
⑦«说文»:“夏,中国之人也”。引自百度网。
⑧ 
ས་སྐྱ་ཀུན་དགའ་རྒྱལ་མཚན་གྱིས་མཛད།«སྒྲ་ཉེ་བར་བསྡུས་པ་བཞུགས་»ཞེས་པ་ནི་«ས་པཎ་གྱི་གསུང་འབུམ་»ཐ་པ། ཤིང་དཔར། ཉིས་བརྒྱ་ང་གཉིས་ན་གསལ།
⑨⑩⑪ སྟོབས་ལྡན་དང་ཁ་སྒང་བཀྲ་ཤིས་ཚེ་རིང་གིས་གཙོ་སྒྲིག་བྱས།«ཧྥ་རན་སིར་ཉར་བའི་ཏུན་ཧོང་ཤོག་དྲིལ་ཡིག་རྙིང་གི་བཤུས་ཡིག་ཕྱོགས་བསྒྲིགས་»དེབ་བརྒྱད་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༦ལོ། ཤོག་ངོས་༥༥༡  ༥༥༠  ༥༥༣ན་གསལ།
«གངས་ཅན་རིག་མཛོད་»བཞི་པ། «ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་»བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༧ལོ། ཤོག་ངོས་༢༧༧ན་གསལ།
འབྲུག་པ་པདྨ་དཀར་པོས་མཛད། «ཆོས་འབྱུང་བསྟན་པ་རྒྱས་པའི་ཉིན་བྱེད་» བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༧ལོ། ཤོག་ངོས་༡༠༥ན་གསལ།
རིན་ཆེན་སྒྲོལ་མ། སྟོབས་ལྡན། ཁ་སྒང་བཀྲ་ཤིས་ཚེ་རིང་གིས་གཙོ་སྒྲིག་བྱས།«ཧྥ་རན་སིར་ཉར་བའི་ཏུན་ཧོང་ཤོག་དྲིལ་ཡིག་རྙིང་གི་བཤུས་ཡིག་ཕྱོགས་བསྒྲིགས་»དེབ་བཅུ་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༤ ༡༧ལོ། ཤོག་ངོས་༤༢ན་གསལ།
⑮⑱ ཚེ་ཏན་ཞབས་དྲུང་གིས་མཛད།«ཐོན་མིའི་ཞལ་ལུང་»ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༨༨ལོ། ཤོག་ངོས་༤༦ ༤༦ན་གསལ།འདིའི་སྐོར་གྱི་ནང་དོན་ཞིབ་ཕྲ་ནི་«ཐོན་མིའི་ཞལ་ལུང་»ལ་གཟིགས་པར་འཚལ།
⑯ «སྦ་བཞེད་»མི་རིགས་དཔེ་སྐྲུན་ཁང་།  ༡༩༨༠ལོ། ཤོག་ངོས་༤༤དང་༦༦ན་གསལ།
«བཀའ་ཐང་སྡེ་ལྔ་»མི་རིགས་དཔེ་སྐྲུན་ཁང་། ༡༩༨༨ལོ། ཤོག་ངོས་༢༣༢ན་གསལ།
གུང་མགོན་པོ་སྐྱབས་ཀྱིས་མཛད། «རྒྱ་ནག་ཆོས་འབྱུང་» ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༥ལོ། ཤོག་ངོས་༧༣ན་གསལ།
ཐང་སན་ཙང་གིས་མཛད། གུང་མགོན་པོ་སྐྱབས་ཀྱིས་བསྒྱུར། «ཆེན་པོ་ཐང་གུར་དུས་ཀྱི་རྒྱ་གར་ཞིང་གི་བཀོད་པའི་དཀར་ཆག་» ཤིང་དཔར། ཤོག་ངོས་༣ན་གསལ།
ད་ལྟའི་ཀན་སུའུ་ཅིག་ཆོན་ནས་ནང་སོག་དུ་འབབ་པའི་ཆུ་ནག་ཟམ་ཁའི་རྡོ་རིང་ལ་གསལ། རྡོ་རིང་དེ་ནི་ད་ལྟ་ཀྲང་ཡེ་དངོས་མང་བཤམས་སྟོན་ཁང་དུ་བཞུགས་ཡོད།
㉒㉓ ཆག་ལོ་རིན་ཆེན་ཆོས་རྒྱལ། «དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་བརྗོད་དཔག་བསམ་སྙེ་མ»ཛ། ༡༩ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༠ལོ། ཤོག་ངོས་༢༢ ༢༢ན་གསལ།

རྩོམ་པ་པོ་ངོ་སྤྲོད། ཁ་སྒང་བཀྲ་ཤིས་ཚེ་རིང་། ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ། ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་ནི་ཏུན་ཧོང་བོད་ཡིག་ཡིག་རྙིང་དང་། བོད་ཀྱི་ལོ་རྒྱུས་སོགས་ཡིན།
འབྲེལ་ཡོད་འོས་སྦྱོར།