logo

​བོད་སྐད་ཀྱི་མིང་གི་གྲུབ་ཚུལ་ལས་མིང་གཞི་མཉམ་འདུས་ཀྱི་མིང་གི་གྲུབ་ཚུལ་ལ་དཔྱད་པ།

རྩོམ་པ་པོ།:སྙིང་ལྕགས་དོན་གྲུབ། ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2023-09-01 ཀློག་གྲངས།:
ནང་དོན་གནད་བསྡུས། བོད་སྐད་ཀྱི་སྦྱོར་བའི་ཁྲོད་དུ་མིང་གཞི་དང་མིང་གཞི་སྦྱར་བ། མིང་གཞི་དང་མིང་རྐྱེན་སྦྱར་བས་མིང་གི་སྦྱོར་བ་མང་པོ་ཞིག་མིང་གི་ཚོགས་པ་རུ་ཉར་ཡོད་ལ། གསར་བྱུང་གི་ཐ་སྙད་མང་པོ་ཞིག་ཀྱང་དོན་གྱི་ངོ་བོ་སྟོན་པའི་སྒྲ་གཉིས་ཡན་ལས་མིང་གི་གཞི་མར་གྱུར་པའི་སྒྲ་སྟེ། མིང་གཞི་གཉིས་སམ་དུ་མ་གཞི་གཅིག་ཏུ་སྦྲེལ་ནས་གསར་བྱུང་གི་མིང་དུ་གདགས་པ་དང་། མིང་གཞི་གཅིག་ལ་མིང་གི་ཆ་ཤས་ཕྱི་མ་རྐྱེན་དུ་སྦྱར་ཏེ་མིང་མཐའི་སྒོ་ནས་མིང་གི་བྱེ་བྲག་གསར་བ་བཟོ་ཞིང་། མིང་དོན་གྱི་ཁྱད་པར་འབྱེད་པས་ན། བརྡ་སྤྲོད་ཀྱི་ཁྱད་ཆོས་ལྡན་པའི་ཚིག་སྦྱོར་གྱི་གྲུབ་ཆ་གལ་ཆེན་ཞིག་གྲུབ་ཡོད་དེ། འདིར་དེང་རབས་རྒྱ་ཡིག་དང་སྐད་བརྡ་རིག་པའི་ཞིབ་འཇུག་བྱེད་ཐབས་ལ་བརྟེན་ནས་བོད་སྐད་ཀྱི་མིང་གི་གྲུབ་ཚུལ་ལས་མིང་གཞི་མཉམ་འདུས་ཀྱི་མིང་གི་གྲུབ་ཚུལ་ལ་དཔྱད་པ་ཅུང་ཟད་བཏང་ཡོད།
གནད་ཚིག མིང་གི་གྲུབ་ཚུལ། མིང་གཞི་མཉམ་འདུས་ཀྱི་མིང་།

       “མིང་གཞི་ནི་མིང་གི་རྩ་བའི་གོ་དོན་མཚོན་པའི་རྩ་བའི་ཆ་ཤས་རེད། མིང་རེ་ལ་མིང་གཞི་ཡོད་ངེས་ཡིན། འོན་ཀྱང་ཟུར་སྣོན་གྱི་གྲུབ་ཆ་མེད་ཆོག”ཅེས་པ་ལྟར། མིང་གཞི་ནི་དོན་གྱི་ངོ་བོ་སྟོན་པའི་སྒྲ་གཉིས་ཡན་ལས་མིང་གི་གཞི་མར་གྱུར་པའི་སྒྲ་ཡིན་ཕྱིར། དེར་མིང་གི་གྲུབ་ཚུལ་ཁྲོད་མེད་དུ་མི་རུང་བའི་རྩ་བའི་ཁྱད་ཆོས་ལྡན་པ་ཡིན། བརྗོད་དོན་ཐ་དད་པའི་མིང་གཞི་གཉིས་སམ་དུ་མ་ལྷན་དུ་བསྡེབས་ནས་མིང་གཅིག་ཏུ་བསྒྲུབས་པའི་ཚེ། མིང་གཞི་སྔ་ཕྱི་བར་གྱི་འབྲེལ་བ་གྲུབ་ཚུལ་གཤམ་ལྟར་དབྱེ་ཆོག་སྟེ།
གཅིག ཕན་ཚུན་མཉམ་འདུས་ཀྱི་གྲུབ་ཚུལ།
       མིང་གཞི་མི་འདྲ་བ་གཉིས་ཀྱི་བསྟན་དོན་འདྲ་བའམ་ཡང་ན་ལྡོག་པར་གྱུར་པའི་མིང་གཞི་གཉིས་ལྷན་དུ་བསྡེབས་ནས་གྲུབ་པའི་མིང་ལ་ཟེར། དཔེར་ན་དཀར་གསལ།མཉེས་གཤིན། ཕྲ་ཞིབ། བླུན་རྨོངས། ཞི་དུལ། བརྟག་དཔྱད་ལྟ་བུ་ནི་བསྟན་དོན་འདྲ་བ་སྟོན་པའི་སྒྲ་ཡིན་ཏེ། ཐུགས་མཉེས་ཤིང་གཤིན་པ་དང་བློ་ཕྲ་ཞིང་ཞིབ་པ་ལས། མཉེས་དང་གཤིན། ཕྲ་དང་ཞིབ་ཅེས་མིང་གཞི་གཉིས་བར་མཉམ་གཤིབས་ཀྱི་འབྲེལ་བ་ཡོད་དེ། མིང་གཞི་སྔ་མས་ཕྱི་མ་གསལ་བར་བྱེད་པ་དང་། མིང་གཞི་ཕྱི་མས་སྔ་མ་གསལ་བར་བྱེད་པ་ཡིན། ཡང་སྐབས་འདིར་གལ་བོ་ཆེ་ལ་ནན་ཏན་ཏུ་བྱ་རྒྱུ་ནི། “བྱ་བའི་མིང་གཉིས་དངོས་པོའི་མིང་གཅིག་ཏུ་སྦྱར་ན། ངོ་བོ་འདྲ་བ་མ་གཏོགས། ངོ་བོ་ཐ་དད་པའམ། ངོ་བོ་གཅིག་པ་མཉམ་དུ་སྦྱར་མི་རུང་།”ཞེས་པ་ལྟར། བྱ་བའི་མིང་གཉིས་མཉམ་དུ་བསྡེབས་ནས་མིང་གཅིག་བསྒྲུབས་པའི་ཚེ། ངོ་བོ་འདྲ་བ་མ་གཏོགས། ངོ་བོ་གཅིག་པའམ་ཐ་དད་ཅན་མཉམ་དུ་སྦྱར་མི་རུང་སྟེ། དཔེར་ན་འཛིན་གཟུང་བྱས་ལྟ་བུར་མཚོན་ན། འཛིན་ནི་གཟུང་བྱའི་ཡུལ་གང་ཞིག་འཛིན་བཞིན་པའི་སྐབས་ཏེ་ད་ལྟ་བ་ཡིན་ལ། གཟུང་ནི་འཛིན་བྱའི་ཡུལ་ཏེ་བཟུང་བར་བྱེད་པའི་བྱ་བ་སྟེ་མ་འོངས་པ་ཡིན་ནོ། །དེ་ནི་བྱ་བ་གཅིག་དུས་ཀྱི་ཁྱད་པར་ཙམ་ལས་ངོ་བོ་གཅིག་ཏུ་གྲུབ་པས། ངོ་བོ་གཅིག་པའི་བྱ་བའི་མིང་ལྷན་དུ་སྦྱོར་སྲོལ་མེད་དོ། །གཡར་སྐྱི་བྱེད་ལྟ་བུར་མཚོན་ན། གཡར་ནི་དངོས་པོ་ཞིག་གཞན་གྱི་ལག་ནས་བླངས་ཏེ་བཀོལ་རྗེས་སླར་སྤྲོད་དགོས་པར་ཟེར་བ་དང་། སྐྱི་ནི་གཞན་གྱི་དངོས་པོ་བླངས་ཏེ་བཀོལ་རྗེས་སྐྱིན་པ་སྤྲད་དགོས་པར་ཟེར། དེས་ན་གཡར་དང་སྐྱི་ནི་བྱ་བའི་ངོ་བོ་ཐ་དད་པ་ཡིན་པས་ལྷན་དུ་སྦྱོར་བའི་སྲོལ་མེད་དོ། །
       བསྟན་དོན་ལྡོག་པར་སྟོན་པའི་སྒྲ་སྟེ། དཔེར་ན་དར་རྒུད། འཕེལ་འགྲུབ། བླང་དོར་ལྟ་བུ་བྱ་བ་ལྡོག་པ་དང་། མཁས་བླུན། ལེགས་ཉེས། ཞི་དྲག་ལྟ་བུ་ཁྱད་ཆོས་ལྡོག་པ། གནའ་དེང་། མེས་དབོན། ཁྱོ་ཤུག་ལྟ་བུ་ཕན་ཚུན་བལྟོས་ཟླར་གྱུར་པའི་མིང་དག་ནི། བསྟན་དོན་ལྡོག་པའམ་བལྟོས་ཟླར་གྱུར་པའི་མིང་གཞི་གཉིས་ལྷན་དུ་བསྡེབས་ཏེ་མིང་གཅིག་བསྒྲུབས་པ་ལ། བསྒྲུབས་པར་གྱུར་པའི་མིང་དེ་ལ་བསྟན་དོན་ཟློག་པའི་མིང་གཞི་གཉིས་ཀྱི་ཐུན་མོང་གི་ཆ་དང་ལྡན་པར་འགྱུར་བ་ཡིན། དར་རྒུད་ཅེས་པ་ལ་དར་བ་དང་རྒུད་པའི་ཐུན་མོང་གི་བསྟན་དོན་ཞིག་ཡོད་ལ། མཁས་བླུན་ཞེས་པར་ཡང་མཁས་པ་དང་བླུན་པོའི་ཐུན་མོང་གི་བསྟན་དོན་ཞིག་ཡོད། ཡང་ཤ་ཁྲག་ལྟ་བུ་བལྟོས་ཟླར་གྱུར་པའི་མིང་ཁ་ཤས་ཤིག་བསྟན་དོན་མི་འདྲ་བའི་མིང་གཞི་གཉིས་མཉམ་དུ་འདུས་པ་ལས། ཤ་དང་ཁྲག་ཅེས་ཐུན་མོང་གི་བསྟན་དོན་ཡོད་པར་མ་ཟད། གཉེན་ཉེ་ཡི་འབྲེལ་བ་མཚོན་པའི་དོན་དུ་ཡང་འཇུག་སྟེ། མིང་གཞི་གཉིས་ཀྱི་ཐུན་མོང་གི་བསྟན་དོན་ལས་བསྟན་དོན་གསར་པ་ཞིག་བསྐྱེད་པ་ཡིན་ནོ། །
གཉིས། གཞི་ཆོས་མཉམ་འདུས་ཀྱི་གྲུབ་ཚུལ།
       མིང་གཞི་མི་འདྲ་བ་གཉིས་མཉམ་དུ་བསྡེབས་ནས་མིང་དུ་བསྒྲུབས་པའི་ཚེ་ཆ་ཤས་སྔ་ཕྱིའི་བར་དུ་ཁྱད་གཞི་དང་ཁྱད་ཆོས་སམ་འབྲེལ་གཞི་དང་འབྲེལ་ཆོས་ཀྱི་འབྲེལ་བ་ཡོད་པའི་མིང་རྣམས་ལ་ཟེར། དེ་ཡང་མིང་གི་ཆ་ཤས་སྔ་མས་མིང་གི་ཆ་ཤས་ཕྱི་མ་ངེས་གཟུང་བར་བྱེད་པ་ནི། དཔེར་ན་ཞོན་རྟ་ལྟ་བུར་མཚོན་ན་རྟ་ནི་ངེས་འཛིན་བྱའི་ཡུལ་དང་ཞོན་ནི་ངེས་གཟུང་གི་ཚིག་སྟེ། རྟ་ནི་འཁེལ་སོགས་འགེལ་བྱེད་མ་ཡིན་པར་ཞོན་བྱ་ཡིན་པ་ངེས་གཟུང་བའོ། །དེར་མིང་གི་ཆ་ཤས་ཕྱི་མ་སྟེ་མིང་གཞི་ཕྱི་མ་དངོས་པོ་བརྗོད་པའི་མིང་ཡིན་པའི་ཁྱད་ཆོས་ཡོད། མིང་གི་ཆ་ཤས་སྔ་མས་མིང་གི་ཆ་ཤས་ཕྱི་མའི་རྣམ་པ་ངེས་གཟུང་བ་ནི། དཔེར་ན་དཀར་གསལ་དང་མགྱོགས་འགྲོ་ལྟ་བུར་མཚོན་ན། མིང་གི་ཆ་ཤས་སྔ་མ་དཀར་གྱིས་མིང་གི་ཆ་ཤས་ཕྱི་མ་གསལ་བའི་ཚུལ་ལམ་རྣམ་པ་ངེས་གཟུང་བར་བྱེད་པ་ཡིན། མིང་གི་ཆ་ཤས་སྔ་མ་མགྱོགས་ཀྱིས་མིང་གི་ཆ་ཤས་ཕྱི་མ་འགྲོ་བའི་རྣམ་པ་ངེས་གཟུང་བར་བྱེད་པ་ཡིན། དེར་མིང་གི་ཆ་ཤས་ཕྱི་མའམ་མིང་གཞི་ཕྱི་མ་ཁྱད་ཆོས་བརྗོད་པའི་མིང་དང་བྱ་བའི་མིང་ཡིན་པའི་ཁྱད་ཆོས་ལྡན། ཡང་མིང་གི་ཆ་ཤས་ཕྱི་མས་མིང་གི་ཆ་ཤས་སྔ་མའི་རྣམ་པ་ངེས་གཟུང་བར་བྱེད་པ་ནི། དཔེར་ན་ཤིང་སྐམ་ལྟ་བུ་ཡིན་ཏེ། མིང་གི་ཆ་ཤས་སྔ་མ་ཤིང་ནི་ངེས་གཟུང་གི་ཡུལ་ཡིན་ལ། སྐམ་ནི་ངེས་གཟུང་གི་ཚིག་ཡིན། དེར་མིང་གི་ཆ་ཤས་སྔ་མའམ་མིང་གཞི་སྔ་མ་ཁྱད་གཞི་བརྗོད་པའི་མིང་དང་བྱ་བ་བརྗོད་པའི་མིང་ཡིན་པའི་ཁྱད་ཆོས་ལྡན་ནོ། །
གསུམ། བྱ་ལས་མཉམ་འདུས་ཀྱི་གྲུབ་ཚུལ།
       དེ་ནི་མིང་གཞི་མི་འདྲ་བ་གཉིས་མཉམ་དུ་བསྡེབས་ནས་མིང་དུ་བསྒྲུབས་པའི་ཚེ། མིང་གཞི་སྔ་མ་ནི་བྱ་བའི་ཡུལ་སྟོན་པ་དང་། མིང་གཞི་ཕྱི་མ་བྱ་བ་བྱེད་པའི་རྣམ་པ་དང་བྱེད་པའི་ཚུལ་སྟོན་པ་ལ་ཟེར། དཔེར་ན། རྟ་རྒྱུག ས་འགུལ། དགྲ་བཅོམ། བསྐྱར་ཟློས། ཆུ་འཛིན། སྔགས་བཏུ། མགུལ་ཆིངས། མིག་ལྟོས། སྒྲོ་བཏགས། གཏམ་བརྗོད། ཆང་འཐུང་ལྟ་བུ་སོགས་སོ། །དེ་དག་ནི་མིང་གཞི་སྔ་མ་བསྒྲུབ་པར་བྱ་བའི་ཡུལ་ལམ་ལས་ཀྱི་དངོས་པོ་དང་མིང་གཞི་ཕྱི་མ་བྱེད་པའི་བྱ་བ་གཉིས་ལྷན་དུ་བསྡེབས་ནས་གྲུབ་པ་ཡིན་ཏེ། རྟ་ནི་བྱ་བའི་ཡུལ་ལམ་ལས་ཀྱི་དངོས་པོ་ཡིན་ལ། རྒྱུག་ནི་རྒྱུག་པའི་བྱ་བ་ཡིན་ནོ། །དེ་བཞིན་དཔེར་བརྗོད་གཞན་དག་ལ་ཡང་རིགས་འགྲེའོ། །ཡང“མིང་འདི་རིགས་ཀྱི་ཁྱད་ཆོས་གཙོ་བོ་ཞིག་ནི་ཆ་ཤས་སྔ་ཕྱི་དཀྱུས་གཅིག་ཏུ་སྙོམ་པར་བཀླགས་པས་ཁྱད་གཞི་བརྗོད་པའི་མིང་དུ་འགྱུར་ཞིང་། ཆ་ཤས་སྔ་ཕྱི་མཚམས་བཅད་དེ་ཕྱི་མ་སྒྲ་ལྕི་བར་བཀླག་ཚེ་བྱ་བ་སྟོན་པར་འགྱུར་བ་དེ་ཡིན་ནོ། །”ཞེས་པ་ལྟར། བྱ་ལས་མཉམ་འདུས་ཀྱིས་གྲུབ་པའི་མིང་དག་མིང་གཞི་སྔ་ཕྱི་དཀྱུས་གཅིག་ཏུ་སྙོམ་པར་བཀླགས་པས་ཁྱད་གཞི་བརྗོད་པའི་མིང་དུ་གྲུབ་ལ། མིང་གཞི་སྔ་ཕྱི་མཚམས་བཅད་དེ་ཆ་ཤས་རེ་རེ་བཞིན་སྒྲ་གདངས་ལྕི་བར་བཀླགས་ན་བྱ་བ་སྟོན་པའི་མིང་དུ་འགྱུར་རོ། །འདི་ནི་བྱ་ལས་མཉམ་འདུས་ཀྱི་མིང་གི་གྲུབ་ཚུལ་རིགས་འདིའི་ཁྱད་ཆོས་གཙོ་བོ་ཞིག་ཡིན་ནོ། །
བཞི། བསྐྱར་བ་མཉམ་འདུས་ཀྱི་གྲུབ་ཚུལ།
       དེ་ནི་མིང་གཞི་གཅིག་ཡང་བསྐྱར་ཟློས་པ་ལ་བརྟེན་ནས་གྲུབ་པའི་མིང་ལ་ཟེར། དཔེར་ན་དགའ་དགའ། སྤྲོ་སྤྲོ། རང་རང་ལྟ་བུ་སོགས་མང་པོ་ཞིག་མེད་དོ། །དེ་ནི་མིང་གཞི་གཅིག་བསྐྱར་དུ་ཟློས་པ་ལས་སྔར་ཡོད་ཀྱི་མིང་རྐྱང་གི་བསྟན་དོན་ལས་བརྒལ་ཏེ། ཚད་ཆེ་བའམ་ཤུགས་དྲག་པའི་དོན་དུ་འཇུག་པ་ཡིན་ཏེ། དགའ་དགའ་ཞེས་པ་ལས་མིང་གཞི་རྐྱང་བ་དགའ་གཅིག་པུ་ནི་སྐྱོ་བ་སངས་ཏེ་དགའ་བ་དང་སྤྲོ་བ་འཕེལ་བའི་དོན་དུ་འཇུག་ལ། དེར་མིང་གཞི་བསྐྱར་བ་ལས་དགའ་བ་དང་སྤྲོ་བ་འཕེལ་བའི་ཚད་སྔར་ལས་ཤུགས་དྲག་པ་དང་ཚད་ཆེ་བར་མངོན་ནོ། །
       ཡང་ཁ་ཅིག་གིས་ལྷུང་ལྷུང་དང་ཤག་ཤག་སོགས་ངང་ཚུལ་སྟོན་པའི་མིང་དག་ཀྱང་བསྐྱར་བ་མཉམ་འདུས་ཀྱི་མིང་དུ་གྲུབ་པར་འདོད་ན་འཐད་པ་མ་མཐོང་སྟེ། དེ་ནི་མིང་གི་གྲུབ་ཚུལ་ལ་ངེས་པ་མ་བྱུང་བའི་རྟགས་སུ་མངོན་ནོ། །སྤྱིར་མིང་གི་གྲུབ་ཚུལ་ལས་མིང་གཞི་ནི་དོན་གྱི་ངོ་བོ་སྟོན་པའི་སྒྲ་གཉིས་ཡན་ལས་མིང་གི་གཞི་མར་གྱུར་པའི་སྒྲ་ཡིན་ལ། དེར་མིང་གི་གྲུབ་ཚུལ་ཁྲོད་མིང་རྐྱེན་དག་ལ་མ་བརྟེན་པར་རང་རྐྱ་འཕེལ་བའི་སྒོ་ནས་དོན་གྱི་ངོ་བོ་སྟོན་ཐུབ་པའི་ཁྱད་ཆོས་ཡོད། དགའ་ཞེས་པར་མཚོན་ན་དེ་ནི་སྒྲ་ཚིགས་གཅིག་དང་རྣམ་ཆ་གཅིག་གིས་གྲུབ་པའི་མིང་གཞི་ཡིན་ན་ཡང་། དགའ་ཞེས་པའི་སྒྲ་གཅིག་པུ་ལས་དགའ་སྤྲོ་འཕེལ་བའི་དོན་སྟོན་ཐུབ་པ་ཡིན་ནོ། །ཤག་ཤག་ལྟ་བུ་ངང་ཚུལ་སྟོན་པའི་སྒྲ་ནི་སྒྲ་ཚིགས་གཉིས་དང་རྣམ་ཆ་གཅིག་གིས་གྲུབ་པའི་མིང་གཞི་ཞིག་ཡིན་པ་ལས། ཤག་ཅེས་བརྗོད་པའི་སྒྲ་གཅིག་པུ་ལས་དོན་གྱི་ངོ་བོ་རང་རྐྱ་ཐུབ་པ་ཞིག་སྟོན་མི་ཐུབ་པའོ། །
       ཡང་ཤག་ཅེས་པ་སྡོད་གནས་སམ་མལ་ཤག་གི་དོན་ལ་འཇུག་པས། རང་རྐྱ་འཕེལ་བའི་དོན་གྱི་ངོ་བོ་ཞིག་སྟོན་ཐུབ་པ་ཡིན་ནོ་ཞེ་ན། དེ་ནི་ར་མགོ་ལུག་སྦྱར་གྱི་དཔེར་འཁུམས་ཏེ། ཤག་ཤག་ཅེས་བརྗོད་པའི་ངང་ཚུལ་སྟོན་པའི་སྒྲའི་བསྟན་དོན་དང་། ཤག་ཅེས་སྡོད་གནས་སམ་མལ་ཤག་སྟོན་པའི་སྐབས་ཀྱི་དོན་གྱི་ངོ་བོ་ནི་ཡོངས་སུ་མཚུངས་པ་མ་ཡིན་ཏེ། ངོ་བོ་ཐ་དད་པའི་དོན་གཉིས་ཡིན་ནོ། །དགའ་དགའ་ལྟ་བུར་མཚོན་ན་དགའ་རྐྱང་བ་དང་འདུས་མའི་སྐབས་ཀྱི་དོན་གྱི་ངོ་བོ་ཆ་ཡོངས་སུ་མཚུངས་པ་ཡིན་ནོ། །
མཇུག་བསྡུ་བ།
       མདོར་ན། “སྐད་ཆ་དར་ཞིང་རྒྱས་པ་ནི།ཐ་སྙད་ཕུན་སུམ་ཚོགས་པར་གྱུར་པ་ལ་རག་ལས།”ཞེས་པ་ལྟར། དོན་གྱི་ངོ་བོ་སྟོན་པའི་སྒྲ་གཉིས་ཡན་ལས་གྲུབ་པའི་མིང་གི་གཞི་མར་གྱུར་པའི་སྒྲ་སྟེ། མིང་གཞི་ལ་བསྟན་དོན་འདྲ་བའམ་ལྡོག་པ། གཞི་ཆོས་མི་འདྲ་བ་སོགས་སྦྱར་ཏེ་ཆ་ཤས་གཉིས་ལྡན་གྱི་མིང་དུ་བསྒྲུབ་པ་དང་། བསྟན་དོན་གསར་དུ་བསྐྱེད་པར་འགྱུར་བ། དེ་ལ་མིང་མཐའི་རྐྱེན་དུ་ཆ་ཤས་ཕྱི་མ་རྗེས་སུ་སྦྱར་ཏེ་མིང་གི་བྱེ་བྲག་གསར་བ་འཕེལ་བ་དང་མིང་དོན་གྱི་ཁྱད་པར་མི་འདྲ་བ་སྟོན་པ་ནི། ཐ་སྙད་ཕུན་སུམ་ཚོགས་པར་བྱེད་པའི་ཐབས་དམ་པ་ཞིག་ཡིན་ལ། སྐད་ཆ་དར་རྒྱས་འགྲོ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ནོ། །

ཟུར་ལྟའི་དཔྱད་གཞི།
[1] དཔའ་རིས་སངས་རྒྱས། «དག་ཡིག་རིག་པའི་གབ་པ་མངོན་བྱུང་།» [M] པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2017ལོར།
[2] ལྕགས་ཐར་རྒྱལ། «བོད་ཀྱི་བརྡ་སྤྲོད་སྤྱི་རྣམ་རིག་འཕྲུལ་སྣང་མཛོད།» [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
[3] དྲན་པ་ཡེ་ཤེས་དྲག་པ། «སྨྲ་སྒོ་མཚོན་ཆ།» [M] མི་རིགས་དཔེ་སྐྲུན་ཁང་། 2011ལོའི་ཟླ1པ།
[4] དམུ་དགེ་བསམ་གཏན། «བརྡ་སྤྲོད་བློ་གསལ་དགའ་སྟོན།» [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2005ལོའི་ཟླ1པ།
[5] དཔའ་རིས་སངས་རྒྱས། «བརྡ་སྤྲོད་སྦྱོར་བ་རྣམ་བཞི་རབ་གསལ།» [M] མི་རིགས་དཔེ་སྐྲུན་ཁང་། 2008ལོའི་ཟླ9པ།
[6] ཧྭ་ཁན།བསོད་ནམས་ཚེ་རིང་། «སྐད་བརྡ་རིག་པའི་སྤྱི་བཤད།» [M] པེ་ཅིན། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་། 2008ལོར།
[7] 黄伯荣 廖旭东主编《现代汉语》[M] 高等教育出版社 2011.6
[8] 叶蜚声 徐通锵《语言学纲要》[M] 北京大学出版社 2010.1
འབྲེལ་ཡོད་འོས་སྦྱོར།