logo

«ཀྲུང་གོའི་གེ་སར་སྒྲུང་པའི་བརྙན་དེབ»ཀྱི་དེབ་གསར་བགྲོ་གླེང་།

རྩོམ་པ་པོ།: ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། དུས་ཚོད།:2023-10-16 ཀློག་གྲངས།:
«ཀྲུང་གོའི་གེ་སར་སྒྲུང་པའི་བརྙན་དེབ»(བོད་རྒྱ་ཤན་སྦྱར)གྱི་དེབ་གསར་བགྲོ་གླེང་བྱེད་སྒོ་ཁྲིན་ཏུའུ་རུ་སྤེལ།
 
       ༢༠༢༣ལོའི་ཟླ༡༠པའི་ཚེས༡༥ཉིན་གྱི་ཕྱི་དྲོར། «ཀྲུང་གོའི་གེ་སར་སྒྲུང་པའི་བརྙན་དེབ»(བོད་རྒྱ་ཤན་སྦྱར)གྱི་དེབ་གསར་བགྲོ་གླེང་བྱེད་སྒོ་ཐེན་ཧྥུ་དཔེ་ཆ་འགྲེམ་སྟོན་དུ་སྤེལ། དེབ་འདི་ནི༢༠༢༡ལོའི་མི་རིགས་སྐད་ཡིག་དཔེ་སྐྲུན་ཆེད་སྤྱོད་མ་དངུལ་གྱི་རོགས་སྐྱོར་རྣམ་གྲངས་དང་། སི་ཁྲོན་ཞིང་ཆེན་གྱི༢༠༢༠ལོ་ནས༢༠༢༡ལོའི་ལོ་འཁོར་གྱི་གཙོ་གནད་དཔེ་སྐྲུན་འཆར་འགོད་རྣམ་གྲངས་ཀྱི་ཁོངས་ཡིན་ལ། རྒན་འཇམ་དཔལ་རྒྱ་མཚོ་དང་སུན་མིང་ཀོང་རྣམ་གཉིས་ཀྱིས་སྒྲིག་རྩོམ་གནང་ཞིང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པ་ཡིན།
       བརྙན་དེབ་འདི་ནི་ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་བཟུང་། རང་རྒྱལ་དུ་རྩོམ་སྒྲིག་པར་སྐྲུན་བྱས་པའི་སྒྲུང་མཁན་གྱི་བརྙན་དེབ་ཆེ་གྲས་ཐོག་མ་དེ་ཡིན་ལ། རང་རྒྱལ་གླིང་སྒྲུང་ཞིབ་འཇུག་ཐད་ཀྱི་རིག་གཞུང་གྲུབ་འབྲས་གསར་ཤོས་དང་གལ་ཆེ་ཤོས་ཤིག་ཀྱང་ཡིན། དེབ་འདིར་པར་ཡིག་སྦྲགས་མ་དང་བོད་རྒྱ་ཤན་སྦྱར་གྱི་ལམ་ནས་བོད་ཡུལ་སྟོད་སྨད་བར་གསུམ་གྱི་སྒྲུང་མཁན་ཇི་སྙེད་གང་དུ་ཇི་ལྟར་བཞུགས་པའི་གནས་སྟངས་ཆུ་ལ་ཆུ་བཞག་གི་ཚུལ་དུ་ངོ་སྤྲོད་ཞིབ་གསལ་གནང་སྟེ། ཁོང་ཅག་གིས་ཁུར་སེམས་ཆེན་པོས་གེ་སར་རིག་གནས་རྒྱུན་འཛིན་དང་དར་སྤེལ་མཛད་པར་ལེགས་སོའི་བསྔགས་བརྗོད་དང་རྗེས་སུ་ཡི་རངས་ཞུས་ཡོད། དེ་བཞིན་ཀྲུང་གོ་གསར་པ་དབུ་བརྙེས་རྗེས་དང་བོད་ལྗོངས་དམངས་གཙོའི་བཅོས་སྒྱུར་བྱས་ཚུན་དུ་གེ་སར་སྒྲུང་པའི་སྤྱི་ཚོགས་གོ་གནས་ལ་སྔར་མེད་བཟང་ཕྱོགས་ཀྱི་འགྱུར་བ་བྱུང་བའང་ཤུགས་སུ་བསྟན་ཡོད་དོ། །
       བྱེད་སྒོའི་ཁྲོད་དུ་བརྙན་དེབ་འདིའི་སྒྲིག་རྩོམ་པ་རྒན་འཇམ་དཔལ་རྒྱ་མཚོ་ལགས་ཀྱིས་ལས་འདིར་ཞུགས་པའི་ཐོག་མའི་ཀུན་སློང་དང་རྩོམ་འབྲིའི་བརྒྱུད་རིམ། གླིང་སྒྲུང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་དགེ་མཚན་སོགས་དང་། པར་པ་གྲགས་ཅན་སུན་མིང་ཀོང་གིས་པར་ལེན་སྒྱུ་རྩལ་གྱི་མཐོང་སྣེ་ནས་སྐབས་དེའི་མཐོང་ཐོས་མྱོང་གསུམ་སྐོར་གླེང་མོལ་གནང་། མཇུག་ཏུ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོ་ཨ་སྔགས་ཚེ་རིང་བཀྲ་ཤིས་ཀྱིས་དུས་རབས་གསར་པའི་ནང་གེ་སར་སྒྲུང་པའི་བརྙན་དེབ་ཀྱི་དཔེ་སྐྲུན་རིན་ཐང་དང་ཤུགས་རྐྱེན་སོགས་ཀྱི་ཐད་ནས་དཔྱད་བརྗོད་གནང་བ་མ་ཟད། གྲ་རྒྱས་ཕུན་སུམ་ཚོགས་པའི་གླིང་སྒྲུང་བརྙན་དེབ་འདིའི་སྒྲིག་རྩོམ་བྱ་བར་གདེང་འཇོག་ཚད་མཐོན་པོ་གནང་བ་བཅས་བགྲོ་གླེང་ལྷུག་པོ་བྱུང་ངོ་། །
འབྲེལ་ཡོད་འོས་སྦྱོར།