logo

«བོད་ལྗོངས་མཐའ་མཚམས་ཀྱི་རྒྱ་བོད་ལོ་རྒྱུས་ཡིག་ཚང་ལེགས་སྒྲིག་དང་ཡིག་སྒྱུར་ཞིབ་འཇུག»གི་དངོས་གཞི་ལག་བསྟར་དཔྱད་བརྗོད་ཚོགས་འདུ་འཚོགས།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-10-18 ཀློག་གྲངས།:
དགེ་རྒན་ཆེན་མོ་ཆུ་སྐྱེས་དགེ་འདུན་བསམ་གཏན་གྱིས་མགོ་འཛིན་མཛད་པའི༢༠༢༢ལོའི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་གནད་ཆེའི་ལས་གཞི«བོད་ལྗོངས་མཐའ་མཚམས་ཀྱི་རྒྱ་བོད་ལོ་རྒྱུས་ཡིག་ཚང་ལེགས་སྒྲིག་དང་ཡིག་སྒྱུར་ཞིབ་འཇུག»གི་དངོས་གཞི་ལག་བསྟར་དཔྱད་བརྗོད་ཚོགས་འདུ་ཚོགས་པ།

       ༢༠༢༣ལོའི་ཟླ༡༠པའི་ཚེས༡༥ཉིན། ༢༠༢༢ལོའི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབ་རྩའི་གནད་ཆེའི་ལས་གཞི«བོད་ལྗོངས་མཐའ་མཚམས་ཀྱི་རྒྱ་བོད་ལོ་རྒྱུས་ཡིག་ཚང་ལེགས་སྒྲིག་དང་ཡིག་སྒྱུར་ཞིབ་འཇུག»(22&ZD330)གི་དངོས་གཞི་ལག་བསྟར་དཔྱད་བརྗོད་ཚོགས་འདུ་དེ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་བདེ་བླག་ངང་བསྡུས། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་དང་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ། ལན་གྲུ་སློབ་གྲྭ་ཆེན་མོ། བོད་ལྗོངས་སློབ་གྲྭ་ཆེན་མོ། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ། བོད་ལྗོངས་ཡིག་ཚགས་ཁང་། བོད་ལྗོངས་རྟེན་རྫས་ཁང་སོགས་མཐོ་སློབ་དང་ཞིབ་འཇུག་ལས་ཁུངས་ཀྱི་ཆེད་མཁས་པ༣༠ལྷག་དབུ་འབྱེད་ཚོགས་འདུར་ཞུགས།
       ཐོག་མར། ལས་གཞིའི་འགན་འཛིན་པ་དགེ་རྒན་ཆེན་མོ་ཆུ་སྐྱེས་དགེ་འདུན་བསམ་གཏན་ལགས་ཀྱིས་ལས་གཞིའི་སྤྱིའི་ཇུས་འགོད་དང་། ཞིབ་འཇུག་འཆར་གཞི། ཞིབ་འཇུག་གི་བྱེ་བྲག་དམིགས་ཡུལ། ད་ལྟའི་གནས་ཚུལ་བཅས་ཕྱོགས་ཡོངས་ནས་སྙན་ཞུ་ཞིབ་མོར་ཕུལ། དེ་ནས་ཚོགས་ཞུགས་ཆེད་མཁས་པས་ལས་གཞི་དེའི་འབྲེལ་ཡོད་ཞིབ་འཇུག་ནང་ཚན་གྱི་འགན་འཛིན་པ་སོ་སོའི་ཞིབ་འཇུག་སྙན་ཞུར་གསན།
       སྙན་ཞུར་གསན་རྗེས། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཟུར་པའམ། དགེ་རྒན་ཆེན་མོ་དོན་གྲུབ་དབང་འབུམ་དང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་འགན་འཛིན་གཞོན་པ་ཟུར་པ་བློ་བཟང་ལྷུན་གྲུབ་རྡོ་རྗེ། མཚོ་སྔོན་སྤྱི་ཚོགས་ཚན་རིག་གླིང་གི་གླིང་གཙོ་བསོད་དོན་གྲུབ་སོགས་ཆེད་མཁས་པ༡༠ལྷག་གིས་ལས་གཞིའི་ཞིབ་འཇུག་དོན་སྙིང་དང་ཞིབ་འཇུག་ཐབས་ལམ། ཞིབ་འཇུག་རིགས་ལམ། ཞིབ་འཇུག་ནང་དོན་སོགས་ཀྱི་ཕྱོགས་ནས་དངོས་སྤྱོད་རང་བཞིན་དང་མཛུབ་སྟོན་རང་བཞིན་ལྡན་པའི་དགོངས་འཆར་བཏོན།
       ཚོགས་ཞུགས་ཆེད་མཁས་པས་གཅིག་མཐུན་འདོད་ཚུལ་ལྟར་ན། ལས་གཞི་འདིར་རྒྱལ་ཁབ་གཅིག་གྱུར་དང་མངའ་ཁོངས་ཆ་ཚང་། མི་རིགས་མཐུན་ལ་སྐུལ་འདེད་བཅས་ཕྱོགས་མང་པོ་ནས་དོན་སྙིང་གལ་ཆེན་ལྡན་ཞིང་དངོས་ཉེར་སྤྱོད་རིན་ཐང་ཆེན་པོ་ལྡན་པ་མ་ཟད། དུས་རབས་དང་རྒྱལ་ཁབ། མི་དམངས། ལོ་རྒྱུས་བཅས་ཀྱི་དགོས་མཁོ་དང་ཡང་འཚམས་པའི་ལས་གཞི་གལ་ཆེན་ཞིག་ཀྱང་ཡིན། ཚོགས་ཞུགས་ཆེད་མཁས་པ་ལྟར་ན། ལས་གཞི་འདིར་དམིགས་འབེན་གྱི་གནས་ཐིག་གཏན་ཁེལ་ཡང་དག་པ་དང་། ལོ་རྒྱུས་དཔྱད་གཞི་ཡིག་ཆའི་སྒྲིག་རིམ་གསལ་བ། སྤྱི་ཁོག་གི་ཇུས་འགོད་ལུགས་མཐུན་ཡིན་པ་བཅས་ཀྱི་ཁྱད་ཆོས་ཀྱང་ལྡན་པས། ལས་གཞི་འདིར་ཆབ་སྲིད་རང་བཞིན་ཤུགས་ཆེ་ཞིང་འབྲེལ་ཡོད་ནང་དོན་རྒྱ་ཆེ་བ། ཞིབ་འཇུག་དཀའ་གནད་མང་སྲིད་པ་མ་ཟད། ཞིབ་འཇུག་གོ་རིམ་ནང་ཆབ་སྲིད་དང་རྒྱལ་སྤྱིའི་འབྲེལ་བ། མི་རིགས་འབྲེལ་བའི་ཕྱོགས་ཀྱི་ཚོར་སྐྱེན་གནད་དོན་དང་ཡང་འཕྲད་སྲིད་ཅེས་གསལ་བར་བཏོན།
       ལོ་རྒྱུས་དཔྱད་ཡིག་གི་འཚོལ་སྡུད་དང་དབྱེ་འབྱེད། ཡིག་སྒྱུར་སོགས་ཀྱི་ཐད་ནས་ཀྱང་དཀའ་ཁག་གང་མང་ལ་འཕྲད་སྲིད། ཆེད་མཁས་པ་ལྟར་ན། ལས་གཞི་འདིའི་ཞིབ་འཇུག་ལ་ད་དུང་མཐའ་མཚམས་དང་འབྲེལ་བའི་གནད་དོན་རྙོག་འཛིང་ཆེ་ཞིང་། ལོ་རྒྱུས་དཔྱད་གཞི་ཡིག་ཆ་སྣ་མང་ཞིང་ཐ་ཐོར་ཡིན་པ། ཞིབ་འཇུག་ཁྱབ་ཁོངས་གཞི་རྒྱ་ཆེ་བ། གནད་འགག་ཐ་སྙད་གྱི་གོ་དོན་གཏན་ཁེལ་བྱེད་དཀའ་བ། ལས་གཞིའི་གྲོན་དངུལ་ཉུང་བ། དུས་ཚོད་ཐུང་བ། འགན་ཁུར་ལྕི་བ་སོགས་དངོས་ཡོད་གནད་དོན་འབྱུང་སྲིད་ཅེས་བསྟན།
གོང་གསལ་གནད་དོན་དང་དཀའ་གནད་ལ་དམིགས་ནས། ཚོགས་ཞུགས་ཆེད་མཁས་པས་གཤམ་གསལ་བྱེ་བྲག་གི་གྲོས་གཞི་བཏོན།
       དང་པོ། ལས་གཞི་འདིའི་ཞིབ་འཇུག་གོ་རིམ་ནང་། ཆབ་སྲིད་རྩ་དོན་དང་ཚད་གཞི། ཆབ་སྲིད་སྒྲིག་སྲོལ་བཅས་ཕྱོགས་ཡོངས་ནས་ངོས་འཛིན་ཡང་དག་ཡོད་དགོས་ཤིང་། ལོ་རྒྱུས་དཔྱད་གཞི་ཡིག་ཆ་དང་འབྲེལ་བའི་ཚོར་སྐྱེན་སྨྲ་བརྗོད་ཀྱི་གཏམ་བཤད་མ་ལག་སྒྲིག་པར་གཟབ་ནན་བྱེད་དགོས་པ་དང་། རིག་གཞུང་སྨྲ་བརྗོད་དང་ཆབ་སྲིད་སྨྲ་བརྗོད་བར་གྱི་ཕན་ཚུན་ལ་བརྟེན་པ་དང་ཕན་ཚུན་ལ་ཁ་གསབ་པའི་འབྲེལ་བ་ཐག་གཅོད་བྱེད་དགོས།
       གཉིས་པ། ཞིབ་འཇུག་གི་ལས་རིམ་དུས་ཚོད་གཏན་འཁེལ་གསལ་བོ་བྱེད་པ་དང་། ཞིབ་འཇུག་བྱ་ཡུལ་དང་ཞིབ་འཇུག་ཁྱབ་ཁོངས་ལ་ངོས་འཛིན་གསལ་བོ་ཡོད་པ་བྱས་ཏེ། ཞིབ་འཇུག་གི་སྤྱི་ཁོག་མ་ལག་དང་ཡན་ལག་སྦྲེལ་ཐག་གསལ་བོ་བྱ་དགོས།
       གསུམ་པ། ཞིབ་འཇུག་ནང་དོན་བལྟོས་བཅས་སུ་བསྡུས་གསལ་ཅན་དུ་གཏོང་དགོས་ཤིང་། རྒྱུ་ཆ་འདེམས་སྒྲུག་ཕྱོགས་ནས་གལ་ཆེ་བ་དང་གནད་ཆེ་བ་གཙོ་བོར་འཛིན་དགོས་པ་མ་ཟད། ཁུངས་བཙུན་རང་བཞིན་དང་མཚོན་བྱེད་རང་བཞིན་འབུར་ཐོན་བྱེད་དགོས། ལོ་རྒྱུས་དཔྱད་ཡིག་འཚོལ་བསྡུ་བྱེད་སྐབས་ཡིག་ཚགས་ཁྲོད་ཀྱི་ལེགས་སྒྲིག་པར་འགྲེམ་མ་བྱས་པའི་དཔྱད་ཡིག་གི་གལ་ཆེན་རང་བཞིན་དུ་འབུར་དུ་ཐོན་དགོས།
       བཞི་པ། དམངས་ཁྲོད་ལོ་རྒྱུས་རྒྱུ་ཆ་དང་ངག་ཐོག་རྒྱུ་ཆའི་ཉེར་སྤྱོད་རིན་ཐང་ལ་གཙིག་ཆེན་བྱེད་པ་དང་། རྒྱུ་ཆ་དབྱེ་འབྱེད་དང་ཞུ་དག ཡིག་སྒྱུར་ཐད་ཤུགས་བསྣན་ཏེ། ཡིག་སྒྱུར་ཕྱོགས་ནས་ཆེད་ལས་རང་བཞིན་འབུར་དུ་ཐོན་དགོས།
       ལྔ་པ། རྒྱལ་ཁབ་ཕྱི་ན་ཡོད་པའི་རིག་གནས་ལོ་རྒྱུས་རྒྱུ་ཆ་དང་ཕྱི་རྒྱལ་གྱི་ལོ་རྒྱུས་དཔྱད་ཡིག མཐའ་མཚམས་ས་ཁུལ་གྱི་འཇོན་མིར་གསལ་ཆ་ཡོད་པའི་རྒྱུ་ཆ་འཚོལ་བསྡུ་བྱས་ནས། ཕྱི་ནང་ཕྱོགས་གཉིས་ནས་ཕན་ཚུན་ར་སྤྲད་དེ། ཞིབ་འཇུག་གི་གྲུབ་དོན་སྔར་ལས་ཡང་དག་པ་དང་ཁས་ལེན་ཐོབ་ཐུབ་པ་བྱེད་དགོས།
       དྲུག་པ། ལན་གྲུ་སློབ་གྲྭ་ཆེན་མོའི་མཐའ་མཚམས་ཞིབ་འཇུག་ལྟེ་གནས་སོགས་རྒྱལ་ནང་གི་ཞིབ་འཇུག་ལས་ཁུངས་དང་མཉམ་འབྲེལ་བྱེད་པར་ཤུགས་བསྣན་ཏེ། ཐོན་ཁུངས་མཉམ་སྤྱོད་དང་སྟོབས་ཤུགས་གཅིག་བསྒྲིལ་བྱས་ན། རྒྱུ་ཆ་སྣ་མང་དང་གྲོན་དངུལ་ཉུང་བ་སོགས་གནད་དོན་ཐག་གཅོད་བྱེད་ཐུབ་པར་མ་ཟད། ཞིབ་འཇུག་གི་གྲུབ་དོན་ཡང་ལྷག་པར་ཚན་རིག་དང་མཐུན་པར་བྱེད་ཐུབ།
       བདུན་པ། ད་ཡོད་ལས་གཞིའི་ཁོངས་མིའི་རྨང་གཞིའི་སྟེང་ལོ་ཙཱ་རིག་པ་དང་ལོ་རྒྱུས་རིག་པའི་ཆེད་ལས་མི་སྣ་ཁ་གཟབ་བྱས་ན། ཞིབ་འཇུག་དཔུང་སྡེའི་སྒྲིག་གཞི་སྔར་ལས་ལུགས་མཐུན་ཅན་དུ་ཡོང་ཐུབ།
       བརྒྱད་པ། ཚོགས་ཞུགས་ཆེད་མཁས་པའི་གཅིག་མཐུན་ལྟ་བ་ལྟར་ན། ལས་གཞིའི་འོས་འཇུག་སྙན་ཞུའི“ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ལྗོངས་མཐའ་མཚམས་ཞིབ་འཇུག་ལྟེ་གནས”འཛུགས་པའི་གྲོས་གཞིར་དགོས་གལ་ཆེན་པོ་ལྡན་པ་རེད། ལྟེ་གནས་དེ་བཙུགས་ན། ལས་གཞི་འདི་ཉིད་བདེ་བླག་ངང་བསྒྲུབ་པར་རིག་ཚན་གྱི་རྨང་གཞི་དང་རྒྱུ་ཆའི་རྨང་གཞི། མི་སྣའི་རྨང་གཞི་སོགས་ཕྱོགས་དུ་མར་ཤུགས་སྣོན་གྱི་བྱེད་ནུས་ཐོན་སྲིད། བོད་རིག་པའི་ཁྱབ་ཁོངས་ཀྱི་ཞིབ་འཇུག་བྱེད་ཐབས་གསར་དུ་བཏོད་ཐུབ་པ་དང་། རྒྱུན་རིང་དང་རྒྱུན་མཐུད་ངང་བོད་ལྗོངས་མཐའ་མཚམས་ཀྱི་རྩོད་གཞིར་ཞིབ་འཇུག་བྱེད་ཐུབ་པར་མ་ཟད། ནུབ་བྱང་བོད་རིག་པ་ཞིབ་འཇུག་ཁྱབ་ཁོངས་གསར་བར་འཇུག་ཐུབ།
ཚོགས་ཞུགས་མཉམ་པར།
       ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་མགོ་ཁྲིད་དང་སློབ་གྲྭའི་ཚན་ཞིབ་ཁྲུའུ། ཀྲུང་གོའི་སྐད་ཡིག་རྩོམ་རིག་པུའུ་ཡི་མགོ་ཁྲིད་ཀྱང་ཚོགས་འདུར་ཞུགས་ནས། ཚོགས་ཞུགས་ཆེད་མཁས་པས་བཏོན་པའི་མཛུབ་ཁྲིད་རང་བཞིན་དང་འཛུགས་སྐྲུན་རང་བཞིན་གྱི་དགོངས་འཆར་ལ་ལྷག་བསམ་ཟོལ་མེད་ཀྱིས་བཀའ་དྲིན་ཞུས་ཤིང་། སློབ་གྲྭའི་ཚབ་བྱས་ནས། སློབ་གྲྭས་ལས་གཞི་འདི་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་ཅིང་། འཇོན་མི་བཀོལ་སྤྱོད་དང་གཞུང་སྒྲུབ་ཆ་རྐྱེན་ལེགས་བཅོས། གྲོན་དངུལ་གཏོང་བ། རིག་གཞུང་བྱེད་སྒོ་སོགས་ལ་སྔར་བཞིན་རྒྱབ་སྐྱོར་ཤུགས་ཆེན་བྱེད་ཅིང་ལས་གཞི་ནན་ཏན་དུ་བསྒྲུབ་པར་ཞབས་ཞུ་བསྒྲུབ་རྒྱུ་ཡིན་པའི་བསལ་ཚུལ་བསྟན།
འབྲེལ་ཡོད་འོས་སྦྱོར།