བོད་བརྒྱུད་ནང་བསྟན་དགོན་པའི་ལོ་རྒྱུས་དང་འབྲེལ་བའི་ཚོགས་འདུ་འཚོགས།
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུ
དུས་ཚོད།:2023-10-19
ཀློག་གྲངས།:
ཟླ10ཚེས16ཉིན་ཀྲུང་གོའི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་རྣམ་གྲངས་གལ་ཆེན«ཀྲུང་གོའི་བོད་བརྒྱུད་ནང་བསྟན་དགོན་པའི་ལོ་རྒྱུས་ཆེན་མོ»རྩོམ་སྒྲིག་དང་བོད་ཡིག་གི་དགོན་སྡེའི་གདན་རབས་ཡིག་ཚང་དག་སྒྲིག་དང་ཞིབ་འཇུག་ཅེས་པའི་དཔྱད་སྒོ་འབྱེད་པའི་ཚོགས་འདུ་མཚོ་སྔོན་དགེ་འོས་སློབ་ཆེན་དུ་འཚོགས་པ་རེད།
མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་ཀྲའོ་ཧའེ་ཤིང་གིས། «ཀྲུང་གོའི་བོད་བརྒྱུད་ནང་བསྟན་དགོན་པའི་ལོ་རྒྱུས་ཆེན་མོ»ལ་ཞིབ་འཇུག་བྱས་པ་དེས་ཆོས་ལུགས་དང་སྤྱི་ཚོགས། རིག་གནས། ལོ་རྒྱུས་བཅས་བར་གྱི་འབྲེལ་བ་གསལ་སྟོན་བྱ་རྒྱུར་ཕན་ཐོགས་ཡོང་རྒྱུ་རེད། བོད་ཡིག་གི་དགོན་པའི་གདན་རབས་ཡིག་ཚང་དག་སྒྲིག་དང་ཞིབ་འཇུག་བྱས་པ་དེས་མཚོ་བོད་ས་མཐོའི་ཁུལ་གྱི་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་བྱ་ཆེད་རིག་གཞུང་གི་རྒྱབ་སྐྱོར་དང་ལག་ལེན་གྱི་མཛུབ་ཁྲིད་གལ་ཆེན་བྱ་ཐུབ་ཅེས་བརྗོད།
དེ་སྔ། བོད་བརྒྱུད་ནང་བསྟན་དགོན་པའི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པའི་ཐད་མཐུད་འབྲེལ་རང་བཞིན་གྱི་མཐོང་རྒྱ་ཆུང་བས། བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་ཞིབ་འཇུག་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུ་དང་སྔར་བས་གཏིང་ཟབ་ཏུ་འགྲོ་རྒྱུར་ཤུགས་རྐྱེན་ཐེབས་ཡོད་ཅེས་གོང་གསལ་རྣམ་གྲངས་ཀྱི་དབུ་བཞུགས་རིགས་གཅིག་མཁས་ཅན། མཚོ་སྔོན་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཚེ་དཔལ་སྟོབས་ལྡན་གྱིས་བརྗོད་པ་དང་། ཁོང་གིས། ད་ཡོད་ཀྱི་ཞིབ་འཇུག་གྲུབ་འབྲས་མང་ཆེ་བ་ནི་དགོན་སྡེ་ག་གེ་མོ་ཞིག་གམ་ཡང་ན་ས་ཁུལ་ག་གེ་མོ་ཞིག་གི་ལོ་རྒྱུས་ཞིབ་འཇུག་ལ་མཐོང་ཆེན་བྱེད་པ་ལས་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་སྤྱིའི་དུས་རབས་རིམ་བྱུང་གི་ལོ་རྒྱུས་རང་བཞིན་གྱི་ཞིབ་འཇུག་གསུང་རྩོམ་དང་ཚད་ལྡན་ཡིག་ཆའི་དཔྱད་གཞི་དག་སྒྲིག་དང་ཕྱོགས་བསྡུས་བྱུང་མེད་ཅེས་བརྗོད་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། གོང་གསལ་གྱི་རྣམ་གྲངས་དེ་ཡན་ལག་ཞིབ་འཇུག་བྱ་གཞི་ཆེན་པོ་བཞིར་དབྱེ་ཡོད་ཅིང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་དང་མཚོ་སྔོན་དགེ་འོས་སློབ་ཆེན། བོད་ལྗོངས་སློབ་ཆེན་བཅས་ཀྱི་རིགས་གཅིག་མཁས་ཅན་བཞིས་ཞིབ་འཇུག་བྱ་གཞིའི་འགན་འཁུར་ཡོད། དེ་ལས་བོད་བརྒྱུད་ནང་བསྟན་གྱི་བོད་ཡིག་གི་དགོན་པའི་ལོ་རྒྱུས་སྐོར་གྱི་ཡིག་ཚང་དག་སྒྲིག་འདུས་གྲུབ་ཀྱི་ཡན་ལག་ཞིབ་འཇུག་བྱ་གཞིས་དགོན་པའི་ལོ་རྒྱུས་སྐོར་གྱི་དེབ30དག་སྒྲིག་བྱ་རྒྱུ་དང་། བོད་བརྒྱུད་ནང་བསྟན་གྱི་བོད་ཡིག་གི་དགོན་པའི་ལོ་རྒྱུས་སྐོར་གྱི་ཡིག་ཚང་ཞིབ་འཇུག་གི་ཡན་ལག་བྱ་གཞིས་དགོན་པའི་ལོ་རྒྱུས་ཀྱི་དེབ1ལ་ཞིབ་འཇུག་བྱ་རྒྱུ་རེད།
«ཀྲུང་གོའི་བོད་བརྒྱུད་ནང་བསྟན་དགོན་པའི་ལོ་རྒྱུས་ཆེན་མོ»ཞེས་པའི་ཡན་ལག་ཞིབ་འཇུག་བྱ་གཞིས་བོད་ལྗོངས་ཀྱི་ལེའུ་དང་། སི་ཁྲོན་དང་ཡུན་ནན་གྱི་ལེའུ། ཀན་སུའུ་དང་མཚོ་སྔོན་གྱི་ལེའུ། པེ་ཅིང་དང་ནང་སོག ཤིན་ཅང་གི་ལེའུ་བཅས་པོད་བཞིན་རྩོམ་སྒྲིག་བྱ་རྒྱུ་དང་། གཞན་བོད་ཡིག་གི་དགོན་པའི་གདན་རབས་ཡིག་ཚང་གྲངས་འཛིན་ཅན་མཉམ་སྤྱོད་ཞབས་ཞུའི་ལས་སྟེགས་ཀྱི་ཡན་ལག་ཞིབ་འཇུག་བྱ་གཞིས་རིག་ནུས་ཅན་གྱི་ཐག་གཅོད་ལ་ཕྱོགས་པའི་བོད་ཡིག་གི་དགོན་པའི་གདན་རབས་ཡིག་ཚང་གི་གྲངས་གཞིའི་མཛོད་འཛུགས་རྒྱུ་ཡིན་ཞིང་། པར་ངོས་དང་ཡི་གེ་ཞིབ་དཔྱད། དབྱེ་འབྱེད་སོགས་ཀྱི་ལག་རྩལ་སྤྱད་དེ་བོད་ཡིག་གི་དགོན་པའི་གདན་རབས་ཡིག་ཚང་རང་འགུལ་ངང་དབྱེ་འབྱེད་དང་ཞིབ་དཔྱད་ཐུབ་པ་བྱ་རྒྱུ་རེད།
ཚེ་དཔལ་སྟོབས་ལྡན་གྱིས། རྣམ་གྲངས་འདི་བརྒྱུད་བོད་བརྒྱུད་ནང་བསྟན་དགོན་པའི་ལོ་རྒྱུས་ཀྱི་འཕོ་འགྱུར་ཆོས་ཉིད་དང་། བོད་བརྒྱུད་ནང་བསྟན་དགོན་པའི་ལམ་ལུགས་འཛུགས་སྐྱོང་གི་ཆོས་ཉིད། བོད་བརྒྱུད་ནང་བསྟན་དགོན་པའི་བོད་ཡིག་གི་གདན་རབས་རྩོམ་སྒྲིག་གི་ཆོས་ཉིད་བཅས་སྔར་བས་ཁོང་དུ་ཆུད་པའི་རེ་བ་ཡོད་ཅེས་བརྗོད་འདུག
འབྲེལ་ཡོད་འོས་སྦྱོར།