ལྷ་སར་རྒྱལ་ཡོངས་ཀྱི་བོད་ལུགས་གསོ་རིག་སྐོར་གྱི་གླེང་སྟེགས་ཤིག་འཚོགས།
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུ
དུས་ཚོད།:2023-10-24
ཀློག་གྲངས།:
ཟླ10ཚེས21ཉིན། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་དང་མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གཉིས་ཀྱིས་མཉམ་དུ་གཉེར་བ་དང་། “བོད་ལུགས་གསོ་རིག་རྒྱུན་འཛིན་དང་གསར་གཏོད་མཉམ་འདྲེས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་རྒྱལ་ཡོངས་ཀྱི་སྐབས་གསུམ་པའི་བོད་ལུགས་གསོ་རིག་འབུམ་རམས་ཞིབ་འཇུག་སློབ་མའི་གླེང་སྟེགས་ལྷ་སར་ཚོགས་འགོ་ཚུགས་ཡོད། རྒྱལ་ཡོངས་ས་གནས་ཁག་ནས་ཕེབས་པའི་བོད་ལུགས་གསོ་རིག་ཁྱབ་ཁོངས་ཀྱི་ཚན་ཞིབ་དང་སློབ་ཁྲིད། ནད་ཐོག་ཆེད་མཁས་བཅས་དང་སློབ་ཆེན་ཁག་གི་བོད་ལུགས་གསོ་རིག་ཁྱབ་ཁོངས་ཀྱི་འབུམ་རམས་ཞིབ་འཇུག་སློབ་མ་ཐེངས་འདིའི་གླེང་སྟེགས་ལ་ཞུགས་ཡོད།
ཐེངས་འདིའི་གླེང་སྟེགས་ཀྱི་དམིགས་ཡུལ་ནི་རྒྱལ་ཡོངས་ཀྱི་བོད་ལུགས་གསོ་རིག་གི་འབུམ་རམས་ཞིབ་འཇུག་སློབ་མའི་རིག་གཞུང་སྤེལ་རེས་སྤུས་རྟགས་བྱེད་སྒོ་ཡག་པོ་གཉེར་ནས། བོད་ལུགས་གསོ་རིག་གི་འབུམ་རམས་པ་སྐྱོང་བའི་སྤུས་ཚད་མཐོ་བའི་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། བོད་ལུགས་གསོ་རིག་གི་རྒྱུན་འཛིན་རྣམ་པ་དང་གསར་གཏོད་རྣམ་པ། བཀོལ་སྤྱོད་རྣམ་པ་བཅས་ཀྱི་མཐོ་རིམ་ཤེས་ལྡན་པ་གསོ་སྐྱོང་གིས“བདེ་ཐང་ཀྲུང་གོའི”འཐབ་ཇུས་ལ་ཞབས་འདེགས་ཞུ་རྒྱུ་དེ་རེད།
ལོ་ངོ3800ལྷག་གི་ལོ་རྒྱུས་ལྡན་པའི་བོད་ལུགས་གསོ་རིག་ནི་ཀྲུང་གོའི་གསོ་རིག་བང་མཛོད་ནང་གི་འོད་དུ་འཚེར་བའི་མུ་ཏིག་རྡོག་གཅིག་ཡིན་པ་དང་། དེ་ནི་ཆ་ཚང་ཤོས་དང་ཤུགས་རྐྱེན་ཆེ་ཤོས་ལྡན་པའི་མི་རིགས་གསོ་རིག་དང་སྨན་རྫས་རིག་པའི་གྲས་ཤིག་ཡིན་པ་མ་ཟད། ཀྲུང་ཧྭ་མི་རིགས་ཀྱི་རྒྱུན་མཐུད་འཚོ་གནས་དང་དར་རྒྱས་གོང་འཕེལ་གྱི་ཆེད་དུ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། 2006ལོར་བོད་ལུགས་གསོ་རིག་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ཁག་དང་པོའི་ནང་བཅུག་པ་དང་། 2018ལོར་བོད་ལུགས་གསོ་རིག་གི་ལུམས་བཅོས་དེ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས་ཀྱི་མིང་གཞུང་ནང་བཅུག་པ། ད་ལོའི་ཟླ5པར་བོད་ལུགས་གསོ་རིག་གི་བརྩམས་ཆོས་ཆེན་མོ«རྒྱུད་བཞི»མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས«འཛམ་གླིང་དྲན་ཤེས་མིང་ཐོའི»མིང་གཞུང་ནང་བཅུག་པ་བཅས་ཀྱིས། དུས་རབས་གསར་པའི་བོད་ལུགས་གསོ་རིག་འདི་ཉིད་གངས་ལྗོངས་ས་མཐོ་ནས་རྒྱལ་ཡོངས་དང་འཛམ་གླིང་གི་ཕྱོགས་སུ་སྐྱོད་བཞིན་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ལུགས་གསོ་རིག་རྒྱུན་འཛིན་དང་འཕེལ་རྒྱས་ཐད་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ནས། སྲོལ་རྒྱུན་གསོ་རིག་སྨན་རྫས་འཕེལ་རྒྱས་གཏོང་བའི་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཐེངས་འདིའི་གླེང་སྟེགས་འདི་ཡང་བོད་ལྗོངས་ཡོངས་ཀྱི་བོད་ལུགས་གསོ་རིག་འཕེལ་རྒྱས་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས། སློབ་གྲྭའི“གོམ་སྟབས་གསུམ”གྱི་འཕེལ་རྒྱས་དམིགས་ཚད་དོན་འཁྱོལ་བྱེད་པའི་བླང་བྱ་ཞིག་ཀྱང་རེད།
གླེང་སྟེགས་ཐོག་བོད་ལུགས་གསོ་རིག་ཁྱབ་ཁོངས་ཀྱི་ཚན་ཞིབ་དང་སློབ་ཁྲིད། ནད་ཐོག་སྨན་བཅོས། ཐོན་ལས་བཅས་ཀྱི་རིགས་གཅིག་མཁས་ཅན་གདན་དྲངས་ནས། སྲོལ་རྒྱུན་གྱི་རིགས་གཞུང་ཞིབ་འཇུག་དང་བོད་ལུགས་གསོ་རིག་གི་དེང་རབས་ཚན་རྩལ་ཞིབ་འཇུག བོད་ལུགས་གསོ་རིག་གི་ཁྱད་ལྡན་གསོ་བཅོས་བཀོལ་སྤྱོད་སོགས་ཕུལ་བྱུང་གྲུབ་འབྲས་མཉམ་སྤྱོད་དང་སྤེལ་རེས་བྱས་པ་དང་། གཞོན་ནུའི་གླེང་སྟེགས་ཐོག་ད་དུང་དེའི་གོང་རྒྱལ་ཡོངས་ཀྱི་བོད་ལུགས་གསོ་རིག་ཁྱབ་ཁོངས་ཀྱི་འབུམ་རམས་སློབ་མར་ཕྱོགས་ནས་འཚོལ་སྡུད་བྱས་པའི་དཔྱད་རྩོམ་ཁྲོད་ལས་དཔྱད་རྩོམ་ལེགས་གྲས་བདམས་ཏེ་ཚོགས་ཆེན་ཐོག་སྤེལ་རེས་བྱས་པ་མ་ཟད། རིགས་གཅིག་མཁས་པས་སྐར་གྲངས་དཔྱད་བསྡུར་གྱི་ཐོག་ནས་བྱ་དགའ་སྤྲད་ཡོད་པ་རེད།
འབྲེལ་ཡོད་འོས་སྦྱོར།