ཚིག་མཛོད་གསར་པ«གབ་འགྲེལ་མེས་པོའི་ངག་རྗེས»གླེང་བ།
རྩོམ་པ་པོ།:དོ་རྒྱ་བསོད་ནམས་ཚེ་རིང་།
ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ།
དུས་ཚོད།:2023-11-08
ཀློག་གྲངས།:
དགེ་མཚན་དཔལ་གྱིས་ཕྱུག་པའི“ཀུན་ཁྱབ་དག་ཡིག”
—ཚིག་མཛོད་གསར་པ«གབ་འགྲེལ་མེས་པོའི་ངག་རྗེས»གླེང་བ།
གླེང་གཞི།
འདི་ནས་ཤེས་རབ་དང་། བརྩོན་འགྲུས། ལྷག་བསམ་གྱིས་རབ་ཏུ་ཕྱུག་པའི་སྐུ་ཞབས་ཀུན་ཁྱབ་ཀླུ་བྱམས་ལགས་ལ་སྐུ་ཁམས་བདེའི་འཚམས་འདྲི་དང་བཅས། ཁོང་གིས་སྒྲིག་རྩོམ་བྱས་པའི་ཚིག་མཛོད«གབ་འགྲེལ་མེས་པོའི་ངག་རྗེས»ཞེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དངོས་སུ་དཔར་སྐྲུན་འགྲེམ་སྤེལ་མཛད་པར་སྙིང་ཐག་པ་ནས་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག་དགའ་བ་འབུམ་གྱིས་བྱ་བཞག་རླབས་པོ་ཆེ་དེར་རྗེས་སུ་ཡི་རང་ཞུས་པ་ཡིན།
ནམ་རྒྱུན་དུ། སེམས་དྲན་པའི་གཞུ་མོ་ནང་ལ་བཀུག །བློ་ཤེས་རིག་མདའ་མོ་ལྟོང་ལ་སྦྱར་ན། སློབ་གྲྭ་ཆུང་འབྲིང་ནས་སྐད་ཡིག་སློབ་གསོ་འཕེལ་རྒྱས་སུ་འགྲོ་བ་དང་མཉམ་དུ་གནད་དོན་འགའ་ལ་ཕྲད་དང་འཕྲད་བཞིན་པ་འདི་ལྟ་སྟེ། སུམ་ཅུ་པའི་ཕྱོགས་ནས་བདག་སྒྲའི་ཕྲད་ཀྱི། “ག་ད་བ་ས་ན་མ་པ། །ང་འ་ར་ལ་མཐའ་མེད་ལ། །བདག་སྒྲ་ཡར་གྱུར་བ་དང་ནི། །ཆ་ལ་པ་ཉིད་སྦྱོར་བ་ལེགས། །མིང་མཐའི་པ་བའང་དེ་བཞིན་ནོ། །”ཞེས་པའི་རྩ་ཚིག་འདི། “ག་ད་བ་ས་ན་མ་པ། །ང་འ་ར་ལ་མཐའ་མེད་བ། །”ཞེས་ཨ་མདོའི་ཡུལ་སྐད་དང་མཐུན་པར་བཅོས་ཤིང་དགེ་སློབ་རྣམས་ལ་ལག་ལེན་དུ་འདེབས་སུ་བཅུག་ན། ཨ་མདོ་པའི་ངག་དང་ལག་ལེན་ལ་བདེ་བདེ་འདྲར་སྣང་ནའང་བོད་ཀྱི་བསྟན་བཅོས་སྔ་མ་ཡོད་དོ་ཅོག་རྩ་བ་ནས“དག་པར”བཅའ་དགོས་ཚེ་ཐལ་དྲགས་པ་དང་། ལས་དང་པོ་བའི་སློབ་མ་དག་གིས་ལས་བྱ་འབྲི་བའི་ཚེ། དཔེར་ན། སྡེ་བ་དང་སྡེ་པ། ལུང་བ་དང་ལུང་པ། མང་བོ་དང་མང་པོ། གྲུ་བ་དང་གྲུ་པ། རྟ་བ་དང་རྟ་པ། སྙིང་བོ་དང་སྙིང་པོ། རྒྱལ་བོ་དང་རྒྱལ་པོ་སོགས་བདག་སྒྲ་དང་མིང་མཐའི་པ་བ་གང་འདོད་འདོད་དུ་བྲིས་ཆོག་པས་བརྡ་སྤྲོད་ཀྱི་ཐོབ་ཐང་གཅིག་ཐོག་ཏུ་གཅོད་དཀའ་བར་འགྱུར་པ་དང་། རྟགས་འཇུག་གི་ཕྱོགས་ནས་གཟུགས་འགྱུར་ལས་ཚིག་གི་སྔ་གཞུག་ཏུ་དགག་སྒྲ་སྦྱོར་སྐབས་ཏེ། དཔེར་ན། མ་བསྒྲུབ། མ་སྒྲུབ། མ་བསྒྲུབས། མ་སྒྲུབས་དང་། མི་བསྒྲུབ། མི་སྒྲུབ། མི་བསྒྲུབས། མི་སྒྲུབས། བསྒྲུབ་མེད། སྒྲུབ་མེད། བསྒྲུབས་མེད། སྒྲུབས་མེད་སོགས་དང་། མ་སྐྱེས། མ་འགགས། མ་སྐྱེ། མ་འགག་སོགས་ཀྱི་སྐབས་སུ་དུས་གསུམ་གྱི་ཡི་གེ་གང་ཞིག་འབྲི་འོས་པ་དང་སྐབས་ཐོབ་ཀྱི་བསྟན་དོན་ལ་གོ་བ་ཇི་ལྟར་ལེན་པར་རྨོངས་ཤིང་། དག་ཡིག་གི་ཕྱོགས་ནས་ཁ་སྐད་དམ་ཡུལ་སྐད་དང་འཕྲལ་སྐད་དམ་ཕལ་སྐད་དུ་གྲགས་པ་མང་པོ་ཞིག་མཁས་པ་སྔོན་མ་དག་གིས་ཡི་གེར་ཕབ་སྟེ་བཀའ་བསྟན་བཅོས་དང་། གསུང་རྩོམ། དག་ཡིག། མིང་མཛོད། ཚིག་མཛོད་སོགས་ལ་བཅུག་ཟིན་ནའང་བོད་ཡིག་ཤེས་མཁན་ནམ་དགེ་སློབ་དག་ལ་ལྟ་རྒྱ་ཐོས་རྒྱའི་ཚད་བཀག་ཐེབས་ཏེ། བརྗེད་པར་ཕངས་ཤིང་མཚོན་སྟོབས་ཀྱིས་ཕྱུག་པའི་ཐ་སྙད་གསོན་པོ་རེ་རེ་གང་འདོད་དུ་བསྐྱུར་ཅིང་དགོས་མཁོ་བཞིན་བེད་སྤྱོད་མ་ཐུབ་པའི་ཁར། མིང་དང་ཚིག་མང་པོ་ཞིག་རྩོམ་པ་པོ་དང་དགེ་རྒན་རྣམ་པའི་རིག་གནས་ཡོན་ཏན་གྱིས་གཏན་ནས་མ་འཆུམ་པས། ཡུལ་མི་རང་བཞིན་པ་དག་གི་ངག་ནས་དངོས་སུ་ཐོན་བཞིན་པའི་སྐད་ཆ་མང་པོ་ཞིག་དོན་ལ་ཡི་གེར་ཕབ་རུང་ཡང་། ཁོ་ཚོ་རང་ལྟ་མཆོག་འཛིན་དང་། མངོན་པའི་ང་རྒྱལ། ཨ་འཐས་པའི་བག་ཆགས་ཤིག་གི་གཞན་དབང་དུ་གྱུར་ཏེ། ཡུལ་སྐད་ཡི་གེར་འགོད་པའི་ཕྱོགས་ལ་བརྩོན་པས་འཇུག་པ་ཕར་ཟད་ལྡོག་སྟེ་ཡུལ་སྐད་ཡི་གེར་ཕབ་པ་ནི་བོད་ལ་སྤྱི་སྐད་ཆགས་པའི་འགལ་རྐྱེན་ཞིག་ལ་རྩི་བཞིན་དུས་འདའ་བར་བྱེད་དོ། །
ཨ་མདོའི་སློབ་གྲྭ་རུ་སུམ་རྟགས་དག་གསུམ་ཕྱོགས་ཀྱི་གནད་དོན་ཆེན་པོ་འདི་གསུམ་མངོན་གསལ་དུ་གནས་པའི་སྟབས་ཀྱིས། དགེ་རྒན་གྱིས་སློབ་ཁྲིད་བྱེད་སྐབས་ཀྱི་ཡིག་སྐད་ཀྱི“འཁྲི”ཞེས་པ་ལྟ་བུར་མཚོན་པ་ཡིན་ན། ཡུལ་སྐད་དམ་བརྡ་རྙིང་གི“འཁྱི”དང་ཐོད་གཏུགས་ནས་ཡུལ་སྐད་དང་ཡིག་སྐད་ཀྱི་འགྱུར་བའམ་མ་བུའི་འབྲེལ་བ་ཇི་བཞིན་ངོ་སྤྲོད་ཅིང་ཁ་སྐད་དུ་གསལ་བར་བཀྲོལ་མ་ཐུབ་པས། རྒྱུན་དུ་འཆད་བཞིན་པའི་སྐད་ཆ་དང་དེ་མཚོན་བྱེད་ཀྱི་ཡི་གེ་གཉིས་འབྲེལ་མེད་ཡ་བྲལ་དུ་གྱུར་པ་མ་ཟད། སློབ་མ་དང་རྩོམ་པ་པོ་རྣམས་ཀྱིས་ཚིག་སྒྲིག་པ་དང་རྩོམ་འབྲི་བའི་ཚེ“ཁ་ནས་རྐང་བ་ཁོའུ”ཞེས་རྒྱུན་དུ་འབྱུང་བའི་ཡུལ་སྐད་ཨ་མ་གང་ཞིག་ཡིག་སྟེང་དུ“རྐང་པ་ཁོལ”ཞེས་པའི་བུ་ཡིག་ཏུ་ཇི་བཞིན་ཕབ་མ་ཤེས་ན། སུ་ཞིག་རྩོམ་ལ་འཇུག་པའི་གོམ་པ་དང་པོ་གཞི་ནས་འཆོལ་བར་གྱུར་སོང་བས། ཚེས་གཅིག་ནས་འཕྱུགས་ན་གནམ་གང་གི་ལོ་རྒྱུས་ལྟར་བོད་སྐད་བོད་ཡིག་གི་ངོས་ནས་མཚོན་སྟོབས་ཀྱིས་ཕྱུག་ཅིང་རྩམ་དྲི་དང་མར་དྲི་བྲོ་བའི་རྩོམ་མཚན་ཉིད་པ་ཞིག་འཁྱོངས་དཀའ་བའི་མཇུག་འབྲས་ངན་པ་ཞིག་མ་ཐོན་རང་ཐོན་དུ་གྱུར་ཟིན་ཏོ། །ཁོ་བོས་ཚུལ་དེར་དམིགས་ནས། ལོ་ངོ་ཉི་ཤུའི་ཡར་སྔོན་ནས«སྐྱ་བོའི་དག་ཡིག»ཅེས་མིང་དུ་བཏགས་པའི་ཁ་སྐད་རྣམས་ཡིག་སྐད་དུ་འགོད་པའི་ཐབས་ཚུལ་སྟོན་པའི་དེབ་ཅིག་བསྒྲིགས་པའི་མགོ་བརྩམས་པ་སྟེ། དཔེར་ན། འཁོའུ་ནི་ཡིག་སྐད་དུ་འཁོལ་སྟེ་ན་བའི་དོན། ནད་པའི་སོ་འཁོལ་རྒྱུ་རེད། ནད་པའི་སོ་འཁོལ་བཞིན་འདུག། ནད་པའི་སོ་ཁོལ་བཏང་ཐལ། ཞེས་པ་ལྟ་བུ། «བཀའ་འགྱུར»ན། རྐང་པ་འཁོལ་བའི་སྨན་དང་། སོ་འཁོལ་བའི་སྨན་ཞེས་དང་། འགྲོ་མགོན་ཞབས་དཀར་པས། གོས་འཇམ་པོ་བཏིང་ཡང་དཔྱི་མགོ་ཁོལ། །ཞེས་བྲིས་འདུག་པ་ལྟ་བུའོ། །ཞེས་ནམ་རྒྱུན་རང་ཉིད་ཡུལ་སྐད་ལ་འཕྲད་ཚད་པོ་ཡུན་གྱིས་བསོགས་ཏེ་ཀ་ཕྲེང་བཞིན་གློག་ཀླད་དུ་ལོ་གཅིག་གཉིས་ཤིག་ལ་བཅུག་ཅིང་འགྲོལ་བཞིན་པའི་ཚེ། ལག་པས་ཐུག་ཉེས་ཤིག་གིས་གློག་ཀླད་ལས་ཐ་སྙད་བསྡུས་སོ་ཅོག་གློ་བུར་དུ་ཡལ་སོང་བས་རང་སེམས་ཁྲ་མོ་འཁྱག་ཤུར་སེ་ཡོད་དུས་ཤིག་ལ། སྐུ་ཞབས་ཀུན་ཁྱབ་ཀླུ་བྱམས་ལགས་ཀྱིས་གཞན་གྱིས་ངོ་སྤྲད་པ་ལྟར་ཁ་པར་བརྒྱུད་ནས་གཙོ་བོ་གཅན་ཚའི་མདའ་རྩེད་སྐོར་གྱི་བརྡ་ཆད་མང་པོའི་འགྲེལ་པ་དང་། ངེས་ཚིག། སྒྲ་བཤད་ཀྱི་སྐོར་ནས་གཅིག་གཅིག་གཉིས་གཉིས་ཀྱིས་དྲིས་ནས་བྱུང་ལ། ཁོ་བོས་ཡིད་ལ་དྲན་ཀྱང་ལག་བསྟར་མཐའ་རུ་མ་སོན་པའི་བྱ་བཞག་སྟེ་ཨ་མདོའི་ཡུལ་སྐད་ཡི་གེར་ཕབ་ཚུལ་གྱི་དག་ཡིག་ཅིག་ཁོང་གིས་སྒྲིག་བཞིན་འདུག་པས། ཁོ་བོར་མཚོན་ན། རང་གིས་མ་འཁྱོངས་པའི་དོན་ཆེན་ཞིག་གཞན་གྱིས་བསྒྲུབས་པ་ལ་ཕྲག་ཅིང་དོག་པ་ལྟ་ཅི། དེ་ལས་ལྡོག་སྟེ་དགའ་ཞིང་མགུ་བཞིན་གཅན་ཚའི་མདའ་རྩེད་ཀྱི་སྐོར་གྱི་བརྡ་ཆད་ལས་འདས་ཏེ་རང་གིས་ཨམ་སྐད་དང་ཡིག་སྐད་ཀྱི་མ་བུའི་འབྲེལ་བ་ཤེས་ཚོད་པོ་དང་། མཁས་པ་སྔ་མ་དག་གིས་ཡི་གེར་ཕབ་ཟིན་པའི་ཡུལ་སྐད་ཟིན་བྲིས་སུ་འཁོད་པ་ལས་ཟིན་ཚད་དག་ཀྱང“འཇུར་གེགས”དང“དཔེ་མཁྱུད”ཅི་ཡང་མེད་པར་ཁོང་ལ་ཞུས་པ་དང་། ཁོ་བོས་མ་ཤེས་པ་དག་ཀྱང་བཀའ་འདྲི་ཡང་ཡང་ཞུས་པ་ལས་ཨམ་སྐད་ཀྱི་སྐད་གདངས་འགྱུར་བའི་ཆོས་ཉིད་རགས་རིམ་ཙམ་ཞིག་ངོ་འཕྲོད་པར་གྱུར་པ་ལས། སྐད་ཆའི་འགྱུར་བ་ལ་ཉིས་འགྱུར་དང་། སུམ་འགྱུར། བཞི་འགྱུར། ལྔ་འགྱུར་སོགས་ཀྱི་ཆོས་ཉིད་ཡོད་པའི་ངེས་ཤེས་འདྲོངས་པར་གྱུར་ཏོ། །
ཡིན་ནའང་། ངེད་གཉིས་ཀྱི་དྲན་གཞི་ཐ་དད་པ་ནི། དག་ཡིག་གི་དེབ་སྒྲིག་པའི་ཚུལ་ཏེ། ཁོ་བོས་ཡུལ་སྐད་སྔོན་ལ་བཞག་ཅིང་ཡིག་སྐད་ཀྱིས་འགྲེལ་བའམ་ཐོབ་འབྲས་གཞུག་ལ་འཇོག་པ་དང་། ཁོང་གིས་ཡིག་སྐད་སྔོན་ལ་བཞག་ཅིང་ཡུལ་སྐད་ཀྱི་འགྱུར་བའམ་འགྲེལ་པ་གཞུག་ལ་འཇོག་པའི་ཁྱད་ཙམ་མ་གཏོགས། དམིགས་ཡུལ་དང་། བསམ་བློ། དྲན་གཞི་རྣམས་མ་གྲོས་པར་གཞི་གཅིག་ལ་བབས་པར་མ་ཟད། ལོ་འདི་དག་གི་རིང་ལ། «གབ་འགྲེལ་མེས་པོའི་ངག་རྗེས»གྱི་རྩོམ་གདན་ཞུ་དག་གི་གྲོགས་དན་ཐེངས་གཉིས་ལ་དགའ་བཞིན་དུང་བཞིན་དང་དུ་བླངས་ཤིང་། སྐད་ཡིག་བསྟན་པའི་བྱ་བཞག་རླབས་ཆེན་འདི་འདྲ་ཞིག་བསྒྲུབས་ན་ཨ་མའི་བུ་ལ་དལ་ཟིག་དང་། ཡི་གེའི་ལས་ལ་ཞིབ་ཚགས་ཤིག། དོན་ཆེན་སྒྲུབ་ལ་བརྩོན་འགྲུས་ཤིག། མཛད་རྗེས་འཇོག་ལ་སྙིང་སྟོབས་ཤིག་དགོས་ཚུལ་རྣམས་ཀྱང་སངས་རྒྱས་ལ་ཀ་ཁ་དང་། ཨ་མྱེས་ལ་གནའ་གཏམ་གྱི་ཚུལ་དུ་ཡང་ཡང་ཞུས་སོ། །
སྤྱིར་སྐུ་ཞབས་ཁོང་གི་མྱི་ཚེ་གང་བོ་དང་སྒོས་བྱ་ལས་སྔ་འཁྱུར་གྱི་ལོ་ངོ་བཅུ་ལ་ཉེ་བའི་ངལ་གསོའི་དུས་ཚོད་ཉིན་མཚན་ལྟོས་མེད་དུ་བེད་སྤྱད་དེ། སྐུ་ལུས་ཀྱི་དཀའ་ཚེགས་ཁྱད་དུ་བསད་ཅིང་། རང་རྒྱུ་ཁོལ་མའི་འགྲོ་སོང་ཕངས་མེད་དུ་བཏང་ནས། མིང་བརྡ་གསར་པ་གསར་བཏོད་དང་རྙིང་པ་བསྐྱར་འདོན་མཛད་གྲངས་བདུན་སྟོང་ལྷག་ལས། ཕྱེད་ཙམ་ལ་ལུང་རིགས་དཔེ་གསུམ་གྱི་འགྲེལ་པ་གནང་བ་དང་། ཕྱེད་ཙམ་ལ་གནད་ལ་འཁེལ་བའི་རིགས་པ་དང་གསལ་བར་བྱེད་པའི་དཔེ་སྣ་ཚོགས་ཀྱིས་ཡང་ཡང་བསྒྲུབས་པའི་ཚིག་མཛོད་ཀྱི་དེབ་རྒན་ཤོག་གྲངས་ཉིས་སྟོང་ལ་ཉེ་བའི་བདག་ཉིད་ཅན་ཞིག་སྒྲིག་རྩོམ་མཛད་དེ། དེབ་ཕུད་ཅིག་ཧོར་ཟླ་བརྒྱད་པའི་ཉི་བཟང་སྐར་བཟང(2023.9.29)ཞིག་ལ་ཁོ་བོར་ཡིད་བཞིན་དུ་འཕྲོད་པ་ནི་ཇི་འདྲའི་ངོ་མཚར་ཆེ་ཞིང་རྨད་དུ་བྱུང་བ་ལ་ཨང་།
ད་ནི་ཚིག་ཉོག་གི་གླེང་གཞི་བསྐྱུར་ཏེ་བཤད་བྱའི་སྙིང་པོར་གྱུར་པའི་དེབ་ཀྱི་ཕྱི་ནང་གསང་གསུམ་གྱི་སྐོར་ནས་རང་བློས་ལྕོགས་ཚོད་ཅིག་བརྗོད་པར་འོས་པ་ལ།
དང་པོ། བོད་སྐད་བརྡ་རྙིང་གི་ཡི་གེ་བསྐྱར་དུ་བཙལ་བའི་དགེ་མཚན་ལྡན་པ།
བོད་འདི་ཡང་མིའི་རིགས་ཀྱི་ལོ་རྒྱུས་དང་འདྲ་བར་སྐད་ཆ་བྱུང་ནས་ཡུན་རིང་འགོར་རྗེས་ད་གཟོད་གཞི་ནས་ཡི་གེ་བྱུང་བར་གདོན་མི་ཟ་ལ། སྐད་ཆ་དང་ཡི་གེས་སྤྱི་ཚོགས་རྫོགས་ལྡན་གྱི་ཚད་རིམ་མི་འདྲ་བ་རེ་མཚོན་གྱིན་ཡོད། འགྲོ་བ་མི་འདི་སེམས་ཅན་ཡིན་པའི་སྟབས་ཀྱིས་དྲན་རྟོག་སྣ་ཚོགས་ལུས་ཀྱི་ཕྱག་རྒྱ་དང་། ངག་གི་སྐད་ཆ། ལག་པའི་ཡི་གེ་ལ་བརྟེན་ནས་ཕ་རོལ་པོ་ལ་བརྡ་སྤྲོད་ཅིང་། སེམས་ནི་མཚོན་བྱ་དང་ཡི་གེ་ནི་མཚོན་བྱེད་དེ་མཚན་མཚོན་གྱི་འབྲེལ་བ་རང་བཞིན་གྱིས་གྲུབ་བོ། །མཚོན་བྱའི་སེམས་དེ་མཚོན་བྱེད་སྐད་ཆས་མཚོན་པ་དང་། མཚོན་བྱའི་སྐད་ཆ་དེ་མཚོན་བྱེད་ཡི་གེས་མཚོན་པ་རེད་ཅེས་བཤད་ཀྱང་ཆོག་གོ །བོད་ཀྱི་མཁས་པ་སྔ་མ་དག་གིས་བོད་པའི་སེམས་ཁམས་ས་ལེར་མཚོན་པའི་བཀའ་དང་བསྟན་བཅོས་མང་པོ་མི་རིགས་གཞན་གྱི་སྐད་ནས་རང་རེའི་སྐད་དུ་ཚུར་བསྒྱུར་པ་དང་། བཀའ་དགོངས་འགྲེལ་གྱི་ཁྲིད་ཡིག་མང་དུ་བཟོས་ཤིང་། རི་བོའི་གཏོས་དང་མཉམ་པའི་གསུང་རབ་རྩོམ་པའི་ཁུར་ཆེན་འདེགས་པའི་གོ་རིམ་ཁྲོད་དུ། བོད་སྐད་ལ་ཡེ་གདོད་མ་ནས་མེད་པའི་མིང་དང་ཚིག་རྣམས་ཡི་གེར་ཇི་ལྟར་ཕབ་པ་དང་། གཉུག་མར་གྱུར་པའི་བོད་པའི་སྐད་ཆ་རྣམས་གཤིས་མ་འགྱུར་ཞིང་གྲ་མ་ཉམས་གྲུ་མ་ཆག་པར་ཡི་གེར་ཇི་ལྟར་ཕབ་པའི་ཐད་དུ་བློ་གྲོས་ཀྱི་རྩལ་བཏོན་མྱོང་ངོ་། །ལོ་རྒྱུས་རིང་མོ་ཞིག་བརྒྱུད་ནས་བསྟན་བཅོས་དག་གི་བརྡ་གསར་རྙིང་གི་གོ་དོན་ཇི་བཞིན་ངེས་པ་དང་ཚིག་དོན་མི་ནོར་བའི་ཆེད་དུ་དག་ཡིག་དང་། མིང་མཛོད། ཚིག་མཛོད། ཤན་སྦྱར་སོགས་ལག་ཆ་རང་བཞིན་གྱི་དཔེ་ཆ་ཡང་མང་དུ་བརྩམས་སོ། །
འོན་ཀྱང་། མཁས་པ་སྔ་མས་ཡི་གེར་ཕབ་ཟིན་པའི་མིང་དང་ཐ་སྙད་མང་པོ་ཞིག་ཡུལ་དུས་ཀྱི་དབང་གིས་རིམ་བཞིན་འགྱུར་ལྡོག་བྱུང་སྟེ་འཕྲལ་སྐད་ཀྱི་ཚུལ་དུ་སྔ་མའི་མ་ཚིག་གི་སྒྲ་གཟུགས་དང་རིང་དུ་གྱེས་ཏེ་ཚིག་དོན་གཉིས་ཆ་ནས་ཡ་བྲལ་དུ་གྱུར་ཟིན་པ་སྟེ། དཔེར་ན། དགའ་རོགས་འཚོལ་བར་དགའ་བའི་བུད་མེད་ལ་སྦྱར་མའམ་སྤྱར་མ་ཞེས་སྔོན་ནས་ཡི་གེར་གྲུབ་ཅིང་སྤྱོད་པ་ལ། ཨ་མདོ་པས་ཡི་གེའི་ས་མགོ་དང་ཡ་བཏགས་ཀྱི་པའམ་བ་འཕྲལ་ཏེ་མིང་གཞི་པའམ་བ་ལ་རྗེས་འཇུག་ར་སྦྱར་ཅིང་། དང་པོ་པར་མའམ་བར་མ་འདྲ་ཞིག་ཐོན་དགོས་རྒྱུ་ལ་དེ་ཡང་པ་དང་བའི་སྒྲ་ཝ་རུ་འགྱུར་བའི་ཆོས་ཉིད་ལྟར་ཝར་མ་ཞེས་སུ་གྲགས་པ་དང་། དེ་བཞིན་ལས་ཀ་བྲ་མི་བྲ་ཞེས་པའི་མ་ཚིག་གི་ར་ཡིག་འཕྲལ་ནས་ཨ་མདོ་པས་བ་མི་བ་ཞེས་དང་། ཁམས་པ་བས་ར་མི་ར་ཞེས་བརྗོད་པ་དང་། སྐྱེས་ལྷའི་བླ་རྩེ་ཞེས་པའི་ཡི་གེ་ཡང་འཕྲལ་ནས་ལ་ཙེའམ་ལབ་བཙས་སོགས་དང་། རོང་པའི་སྣུམ་རིགས་སྐྱེ་དངོས་སྐྱེ་ཚེ་ནས་སྐེ་ཚེ་དང་དེ་ནས་ཀེ་ཚེ་དང་། མིའི་མདུན་འཇོག་གི་ལྕོག་རྩེ་ལ་ཅོག་ཙེ། ཐེའུ་བྲང་ལ་ཐེའུ་རང་། ཆབ་བྲོམ་ལ་ཆབ་རོམ་སོགས་སྔ་མའི་མ་ཚིག་དང་ཕྱི་མའི་འགྱུར་ཚིག་གཉིས་ཀ་ཡིག་སྐད་ཚད་ལྡན་དུ་བརྩི་མི་བརྩིའི་ཆོས་ཉིད་དང་ཐ་སྙད་རེ་རེ། སྐུ་ཞབས་ཁོང་གིས“ཀུན་ཁྱབ་དག་ཡིག”འདི་བརྒྱུད་ནས་གསལ་བར་བསྟན་ཅིང་འགྲེལ་བར་མ་ཟད། ད་ལྟའང་ཨ་མདོ་པའི་ཡི་གེ་ཤེས་མཁན་དག་འབྲི་རྒྱུར་ཡ་ང་ཞིང་ངོ་གནོང་བ། ན་བའི་དོན་ཅན་གྱི་ཡི་གེ“འཁོལ”འདི་ལ་མཚོན་ན། གོང་དུ་འཁོད་པ་བཞིན་རྒྱལ་བའི་བཀའ་འགྱུར་དུ“སོ་འཁོལ་བའི་སྨན”ཞེས་དང་། ཞབས་དཀར་པའི་གསུང་འབུམ་ན། “གོས་འཇམ་པོ་བཏིང་ཡང་དཔྱི་མགོ་ཁོལ”ཞེས་འབྱུང་བ་མ་ཟད། མཁས་པའི་དབང་པོ་ཇོ་ནང་ཏཱ་ར་ན་ཐའི་གཏེར་མའི་འགྲེལ་པ་རུ་ཁོལ་ཞེས་ཡང་ཡང་འབྱུང་བ་དང་། གསོ་བ་རིག་པའི་གཞུང་དུ་ཁོལ་ཞེས་བྲིས་པ་གང་པོ་མཇལ་བ་ལས། དེ་དག་གི་མཚོན་བྱེད་དུ«བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད»ཀྱི་ལྡེབ375བར། དེ་རྟགས་ཁྲག་ཚབ་སྤྱི་ཡི་མཙན་ཉིད་ནི། །རྐེད་སོ་མན་ཆད་རུས་པ་འཁོལ་ཞིང་ན། །ཞེས“འཁོལ”ཡིག་མངོན་སུམ་དུ་ཀུན་གྱི་མིག་ལ་བཤམས་པ་འདིས་ཡུན་རིང་ཡུལ་སྐད་ཀྱི“བཙོན”ལ་བཅུག་པའི“འཁོལ”ཡིག་ལ་སླར་ཡང་ཚེ་སྲོག་གསར་པ་ཞིག་བྱིན་པ་དང་གཉིས་སུ་མ་མཆིས་པས་མཚོན་ཏེ། དེ་སྔ་སྤྱི་སྐད་ཡིན་པ་ལ་མཚམས་ཤིག་ནས་ཡུལ་ཁམས་ངེས་ཅན་གྱིས་སྤྱོད་ཡུལ་གྱུར་པའི་མིང་དང་ཚིག་ཧ་ཅང་མང་པོ་ཞིག་་གཏེར་ནས་བསྔོགས་ཏེ་ལུང་རིགས་དཔེ་གསུམ་ཚང་བའི་སྒོ་ནས་ཡི་གེར་འཇུས་པ་ཀུན་གྱིས་ལོངས་སུ་སྤྱད་ཆོག་ཆོག་ཏུ་མཛད་འདུག་གོ །
འདི་ནས་སླར་ཡང་དཔེ་བརྗོད་གསོན་པོ་ཞིག་བཀོད་དེ་གསལ་བར་བྱེད་འདོད་པ་ནི། བོང་སྟག་ཡུལ་གྱི་མཁས་པ་ཞིག་གིས་སྐུ་ཞབས་ཁོང་ལ་བཀའ་འདྲི་ཞུས་པ་འདི་ལྟ་སྟེ། བོང་སྟག་ས་ཆ་འདི་ནས་བེམ་པོ་ལ“བཟུར”འདྲ་བ་ཞིག་ཟེར་ཀྱང་། ཁོ་ཚོས་བོད་སྐད་ཡིན་མིན་ཀྱང་ཆ་མ་འཚལ་ཅིང་གཞན་གྱིས་ཐོས་སར་བཤད་རྒྱུར་ཡང་ངོ་གནོང་བའི་ཚད་ལ་ཐོན་ཡོད་པས། དོན་ལ་བོད་སྐད་ཅིག་ཨེ་རེད། ཅེས་བཀའ་འདྲི་ཞུ་རྗེས། ཡུལ་སྐད་དང་ཡིག་སྐད་འགྱུར་བའི་ཆོས་ཉིད་ལྟར་ཡང་ཡང་དཔྱད་མཐར། མ་གཞི་བོང་སྟག་པའི་ཁ་སྐད་ཀྱི“བཟུར”ཞེས་པ་ནི། བེམ་པོའི་དོན་ཅན“སྦུར”རམ“སྤུར”འགྱུར་བ་ལས་བྱུང་བ་ཐག་གིས་ཆོད་དེ་དག་ཡིག་ཏུ་འཁོད་པ་ལྟ་བུའི་རྒྱུད་འཛིན་རང་བཞིན་གྱི་གནས་ཤིན་ཏུ་མང་ངོ་། །ཁོང་གི་རིགས་ལམ་དང་བསྟུན་ནས་ཁོ་བོར་ངེས་ཤེས་སྐྱེས་པ་ཡང་མང་པ་རང་རྩོམ་ཞིག་ལས་ཁོལ་དུ་ཕྱུང་ན། “ཡང་དཔེར་ན། འུ་ཅག་གི་ཁ་སྐད་དུ། ངས་ཁྱེད་རང་མྱི་དགའ(དགེ་ལ་དགའ་ཞེས་སུ་གྲགས་པར་བཤད)ཟིག་མ་རེད་བཟས་ནི་ཡིན་ཞེས་པར་མཚོན་ན། དགེ་རྒན་ལ་ལས། ངས་ཁྱེད་རང་མི་དགའ་ཞིག་མ་རེད་བཤད་ནི་ཡིན།ཞེས་པར་མི་འཕྲོད་བཞིན་དུ་བཙན་གྱིས་བཅའ་རྐྱང་བྱེད་ཀྱང་། དེ་ལྟ་ན་ནང་དོན་ཧ་ལམ་འདྲ་རུང་ཚིག་སྦྱོར་གྱི་མཚོན་སྟོབས་ལ་བར་ཁྱད་ཤོར་བ་མངོན་སུམ་སྟེ། ངས་ཁྱེད་རང་མི་དགའ་ཞིག་མ་རེད་བཤད་ནི་ཡིན།ཅེས་པས་ནི་བོད་སྐད་དག་མ་ཞིག་མ་ཡིན་པའི་སྣང་བ་ཞིག་སྟེར་བར་བྱེད་པ་དང་། «མདོ་ཏིང་ངེ་འཛིན་རྒྱལ་པོ»རུ། “གཉིད་ཀྱིས་ལོག་པ་ལས་སད་དེ་བཙུན་མོའི་འཁོར་གྱི་ནང་དུ་བོངས(འོངས་ཀྱི་བརྡ་རྙིང)ནས་རྨི་ལམ་གྱི་རྣམ་པ་དེ་དག་བཙུན་མོའི་འཁོར་རྣམས་ལ་བཟླས་ཏེ།”ཞེས་དང་། གེ་སར་རྒྱལ་པོའི་སྒྲུང«གྲུ་གུ་གོ་རྫོང»དུ། “མེ་དམར་མོ་འུར་འུར་ཚར་ས་ན། །ཆབ་སྔོན་མོས་ད་སོད་ཟློ་ལེ་མིན། །དེ་བཟླས་ན་དམ་ཚིག་གཅིག་ལེ་མིན། །”ཞེས་དང་། ཡང་། “ཨ་ཕྱི་མ་དེ་ཤོག་ཅིག་ཟློས། །……དགྲ་བོ་ཆམ་ལ་འབེབས་རོགས་ཟློས། །”ཞེས་སོགས་བཟླས་ཡིག་གི་སྐོར་ཡང་ཡང་འབྱུང་བ་བཞིན། «བོད་ཀྱི་ཚིག་མཛོད་ཆེན་མོ»ལས། “ཟློ་བ། 1(ཐ་དད་པ)བཟླས་པ། བཟླ་བ། ཟློས། 2ཡང་ཡང་འདོན་པ། (དཔེར་ན)ངག་ནས་ཡིག་དྲུག་བཟླས་ཀྱང་སངས་མ་རྒྱས། 3སྒྲོལ་བའམ་འདའ་བར་བྱེད་པ། (དཔེར་ན) སྡུག་བསྔལ་བཟླས་པ། (དཔེར་ན) མྱ་ངན་བཟླ་བ། 4 འཆད་པའམ་ཤོད་པ།(དཔེར་ན) གཏམ་ཟློ་བ།(དཔེར་ན) མཆོག་དམན་ཀུན་ལ་གནས་ཚུལ་དེ་དག་བཟླ་བ།”ཞེས་འཁོད་ཡོད་ཀྱང་། དགེ་རྒན་མང་པོས་དག་ཡིག་སོགས་འཚོལ་བའི་ངལ་བ་བསྟེན་འདོད་མེད་པར“བཟླས”ཡིག་གི་དོན་ནི་མཐའ་གཅིག་ཏུ་སྔགས་བཟླ་བའམ་ཡང་ཡང་འདོན་པ་ཁོ་ནར་འགྲེལ་བར་བྱེད་དོ། །
ཁོ་བོས་འདིའི་རིགས་མང་པོ་མང་པོ་ཞིག་དཔེ་དང་བཅས་ཡང་ནས་ཡང་དུ་བཤད་པ་ནི་རང་གི་ཤེས་ཚད་ངོམ་པ་གཏན་ནས་མ་ཡིན་པར། འུ་ཅག་གི་ཁ་ནང་གི་བཟས་དང་བཟོས་སོགས་ཀྱི་ཡུལ་སྐད་ཨ་མ་ཡི་ཡིག་སྐད་ཀྱི་བུ་ངོ་མ་ནི་བཟླས་དང་ཟློས་རེད་ཅེས་མ་བུ་ངོ་སྤྲད་པས། སློབ་མ་རྣམས་ཀྱིས་ཚིག་སྒྲིག་པའི་དབང་དུ་བཏང་ན། ངས་ཁྱེད་རང་མི་དགའ་ཞིག་མ་རེད་བཟླས་ནི་ཡིན།ཞེས་འབྲི་སླ་ཞིང་ཚིག་སྒྲིག་གི་བགེགས་བར་ཆད་དུས་ཐོག་ཏུ་སེལ་བའི་ཆེད་དུ་ཡིན་པ་ཤེས་པར་བྱའོ། །
དེ་ཡང་ཁ་ནང་གི་བཟས་དང་ཡིག་ཐོག་གི་བཟླས་གཉིས་མ་བུའི་འབྲེལ་བ་ཡིན་དོན་གཞན་ཞིག་ནི། ཟླ་ལ་ཁ་སྐད་དུ་རྫ་ཟེར་བ་ལ་བརྟེན་ནས«གཡུ་ཁོག་བླ་མ་བྱ་བྲལ་ཆོས་དབྱིངས་རང་གྲོལ་གྱི་གསུང་འབུམ»དུ། “གཟུང་བ་ཆོས་ཀྱི་བདག། འཛིན་པ་གང་ཟག་གི་བདག་བརྫས(མཆན། བཤད་པའི་དོན།)ཡོད་གི”ཞེས་འབྱུང་བ་དང། གཞན་ཡང་འུ་ཅག་གི་ཡུལ་སྐད་དུ་མཚོ་སྔོན་ནས་ཟླ་ལ་ཟ་དང་སི་ཁྲོན་ནས་ལ་ཞེས་འདོན་པ་སྟེ། ན་ཟླའི་གྲལ་གྱི་ཆེ་བོ་ལ་ཟ་གྱལ་གྱི་ཆེ་བོ་དང་། ཉི་ཟླ་ལ་ཉི་ལ་སོགས་སུ་འདོན་པས་ཀྱང་ཡིག་སྐད་ཀྱི་བཟླས་ལ་ཁ་སྐད་དུ་བཟས་དང་། ཟློས་ལ་ཟོས་སོགས་སུ་བཀླགས་པའི་ངེས་ཤེས་འདྲོང་བར་འགྱུར་རོ། །”ཞེས་པས་མཚོན་ཏེ། ཡི་གེ་ལ་འཇུས་མཁན་སོ་སོ་ལ་མོས་པ་ཡོད་ན་ཡུལ་སྐད་དང་ཡིག་སྐད་མང་པོའི་འབྲེལ་བ་བདེ་བླག་གིས་ཤེས་པར་འགྱུར་རོ། །
གཉིས་པ། བོད་སྐད་ཡི་གེར་གསར་དུ་ཕབ་པའི་དགེ་མཚན་ལྡན་པ།
མིའི་རིགས་ཀྱི་སྐད་ཆ་འཕེལ་བའི་ལོ་རྒྱུས་ལ་གཞིགས་ན། འགྲོ་བ་མིའི་སྐད་ཆ་ལའང་ཕྱི་ནང་གི་འཇིག་རྟེན་དང་འདྲ་བར་ཆགས་གནས་འཇིག་སྟོང་གི་གོ་རིམ་ཡོད་ངེས་སོ། །བོད་པའི་སྐད་ཆར་མཚོན་ནའང་། དང་པོ་མི་རྣམས་ཀྱི་ཁ་གསོ་བྱེད་དང་ནམ་ལང་བྱེད་དུ་གྱུར་པའི་སྐད་ཆ་འུ་ཐུག་ཐབས་ཟད་ཅིག་ནས། ད་ནི་ཕ་མེས་ཡང་མེས་ནས་བརྒྱུད་པའི་ཁྱིམ་བརྒྱུད་ནོར་བུ་གཅིག་པུ་རུ་གྱུར་ཅིང་། མི་རབས་སྔ་མའི་མྱོང་བ་ཕུན་སུམ་ཚོགས་པ་རྣམས་གང་ཟག་རེ་རེའི་སྙན་ཁུང་དུ་བརྒྱུད་ཅིང་སྤེལ་བའི་སྦྲེལ་ཟམ་དང་། གངས་ཅན་ལྗོངས་ཀྱི་ཁྱད་ནོར་མདོ་སྔགས་རིག་གནས་དང་བཅས་པའི་སེམས་ཀྱི་རྟོག་པ་བརྒྱད་ཁྲི་བཞི་སྟོང་ཇི་བཞིན་དུ་མཚོན་ནུས་པའི་འཕེལ་རྒྱས་ཀྱི་རྩེ་མོར་ཕྱིན་པ་རེད།
སྐད་ཆ་འཕེལ་རྒྱས་ཀྱི་གོ་རིམ་ཁྲོད་དུ། གཉུག་མར་གནས་པའི་སྐྱེ་བོ་ཕོ་མོའི་སྐད་ཀྱི་རྨང་རྡོ་ལ། ས་དགེ་བཀའ་རྙིང་གཡུང་དྲུང་བོན་དང་བཅས་པའི་མཁས་པ་ཐམས་ཅད་ཀྱིས་བཀའ་དང་བསྟན་བཅོས་བསྒྱུར་ཅིང་། བཀའ་མ་དང་གཏེར་མ་ནི་བརྩམས་པ་མ་ཟད། ད་དུང་རྩིས་དཀར་ནག་དང་། སྒྲ་སྙན་ངག། གླུ་ལ་ཡི། སྒྲུང་གཏམ་རྒྱུད་སོགས་རིག་གནས་སྒྱུ་རྩལ་རྙིང་པ་དང་། དུས་རབས་གསར་པའི་བསྒྱུར་རྩོམ་དང་། སྙན་ངག་ལྷུག་རྩོམ། ལོ་རྒྱུས་བརྩམས་སྒྲུང་སོགས་བརྗོད་བྱ་རིས་སུ་མ་ཆད་པར་ཡི་གེར་གསར་དུ་ཕབ་པའི་མིང་དང་ཚིག་གྲངས་ཀྱིས་མི་ལངས་པ་མངོན་སུམ་ཚད་མ་ཡིན་ལ། འདིས་ད་གཟོད་སྐད་དང་ཡི་གེའི་འཕེལ་རྒྱས་ཤིག་མཚོན་པར་བྱེད་དོ། །
གལ་ཏེ་དེ་ལྟར་མ་ཡིན་པར། བོད་སྐད་ཀྱི་ངོ་བོ་དང་། རྣམ་པ། དབྱེ་བ། མང་ཉུང་སོགས་སྔ་མུས་བསྐལ་བ་ཡ་ཐོག་བཞིན་འཕར་མེད་སོར་བཞག་ཏུ་གནས་པར་འདོད་དགོས་ན་མཁས་པའི་གླིང་ན་དེ་ལས་བླུན་པའི་གཏན་ཚིགས་ཤིག་གང་ན་ཡོད།
ཡུལ་དུས་ཀྱི་དབང་གིས། བོད་ཀྱི་སྐད་འདི་ཡུལ་སྐད་ཆེན་པོ་གསུམ་དུ་གྲུབ་ཅིང་གནས་པ་མཐའ་གཅིག་ཏུ་ཉེས་པ་ཞིག་ལ་བརྩི་རྒྱུ་མ་ཡིན་པར། དེ་ལས་ལྡོག་སྟེ། བོད་སྐད་འདི་ཡང་རྒྱ་དཀར་ནག་གི་སྐད་ཆ་བཞིན་བརྗོད་བྱ་རྗོད་བྱེད་གང་གི་ཆ་ནས་ཀྱང་ཕུན་སུམ་ཚོགས་ཤིང་གྱ་ནོམ་པའི་ཕྱོགས་མགོ་ཞིག་ངང་གིས་སྟོན་བཞིན་ཡོད་པར་འདོད་དོ། །
གསལ་བར་བཤད་ན། ཨམ་སྐད་འདིས་ཀྱང་བོད་སྐད་ཀྱི་འཕེལ་རྒྱས་ཀྱི་ཐད་ལ་མཛད་རྗེས་རྨ་མེད་པ་བཞག་ཡོད་པ་རེད་ལ། ད་དུང་མུ་མཐུད་དུ་བྱས་རྗེས་འཇོག་ངེས་རེད། གལ་ཏེ་ཨམ་སྐད་རྩ་བ་ནས་མེད་པར་གཏོང་དགོས་སུ་ཐུག་ཚེ། བྱིས་པ་བཙས་མ་ཐག་པ་ནས་ལྷ་སའི་ཁྱིམ་ཚང་རེར་བསྐྱལ་ནས་མ་བུ་གཉིས་ཁ་ཕྲལ་ན་མ་གཏོགས། ལས་གཞི་སྙིང་རྗེ་པོ་དེ་གཞར་ཡང་འགྲུབ་ཐབས་མེད་ལ། བྱིས་པ་རྣམས་ཨ་མའི་རྩིབ་ནས་འཇོག་པའི་དབང་ཆ་ཡོད་ན་མ་བུ་གཉིས་ཀས་སྐྱེས་པ་ནས་འཆི་རག་བར་དུ་ཨམ་སྐད་བསྐྱུར་ནས་སྤྱི་སྐད་ཟེར་བ་ཞིག་མི་ཤོད་པ་ཐག་གིས་ཆོད་དོ། །
ཁོ་བོས་སྣང་ཚོད་ལ“ཀུན་ཁྱབ་དག་ཡིག”དང་འབྲེལ་བ་མེད་པའི་ཚིག་ཉོག་ལུང་པ་གང་བཤད་དོན་ནི། ཨ་མདོ་པ་རྣམས་ཀྱིས་ཀྱང་ཡུན་རིང་གི་ལོ་རྒྱུས་ཁྲོད་དུ། སྐད་ཆ་གསར་པ་གསར་གཏོད་བྱས་ཡོད་ལ། སྐྱེ་བོ་ཕལ་བ་རྣམས་ཀྱིས་གསར་དུ་བཏོད་པའི་སྐད་ཆ་གསར་པ་དག་མཁས་པས་གསར་དུ་ཡི་གེར་ཕབ་ཡོད་པ་རེད་ཅེས་པའི་ལྟ་ཚུལ་འདི་སྒྲུབ་འདོད་པ་ཁོ་ནའོ། །གལ་ཏེ་ལྟ་ཚུལ་འདི་རང་ལྟ་རྨོངས་འཛིན་གྱིས་ཁས་ལེན་མི་འདོད་ན་བོད་སྐད་ཡིག་གི་འཕེལ་རྒྱས་ལ་ཨ་མདོ་པ་རྣམས་སྐལ་མེད་དང་གྲལ་མེད་དབང་མེད་ཡིན་ལ། ད་ལ་ཐུག་གི་བར་དུ། སྡེ་ལྷ་ས་པ་དང་ཁམས་པས་གསར་བཏོད་བྱས་པའི་སྐད་ཆ་དང་ཡི་གེ་བཀོལ་རྐྱང་གིས་བསྡད་པ་རང་ངོ་ཞེས་བཟླས་པ་དང་གཉིས་སུ་མ་མཆིས་སོ། །
སྐུ་ཞབས་ལགས་ཀྱིས་ཏག་ཏག་ཚུལ་དེར་དམིགས་ནས། བོད་ཀྱི་མཁས་པ་སྔ་མས་མཛད་པའི་བོན་གྱི«སྲིད་པ་རྒྱུད་ཀྱི་ཁ་བྱང»དང་། «བཀའ་ཐང་སྡེ་ལྔ»དང་། བཀའ་གདམས་ཕ་ཆོས་བུ་ཆོས་དང་། «མི་ལ་རས་པའི་རྣམ་མགུར»གྱིས་མཚོན་པའི་མདོ་དབུས་ཁམས་གསུམ་གྱི་བཀའ་བསྟན་བཅོས་སྤྱི་དང་། སྒོས་སུ་ཨ་མདོ་ཡུལ་གྱི་མཁས་པའི་དབང་པོ་སྔགས་སའི་དགེ་བཤེས་ཀྱི“རྒྱབ་ཡན”དང་། ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི“ཉམས་སང”དང་། སྒེའུ་སྟེང་བཟང་དཔལ་ལྡན་མཆོག་གི“གཏོ་སྐྱི་སྐྱི”དང་། རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོའི“གློའུ་རྒན”དང་། ཨ་ལགས་ཚེ་ཏན་ཞབས་དྲུང་གི“ཇ་འགྱོང”དང་། དགེ་འདུན་ཆོས་འཕེལ་གྱི“ཉ་འདོན”དང་། ཤེས་སྦྱིན་བསམ་གཏན་གྱི་གོ་རེ“དཔྲུལ”སོགས་ཀྱི་རྗེས་སུ་འབྲངས་ཏེ། དཔེར་ན། ཨ་མདོ་པ་ཀུན་གྱི་རྣ་ལ་གྲགས་ཤིང་ངག་ལ་བྱང་ནའང་ཡི་གེར་ཕབ་པར་འདོད་ཚེ་ལག་པ་འཁུམ་པར་འགྱུར་ཅིང་། སྤྱོད་སྒོ་ཤིན་ཏུ་ཆེ་བ་སྐྱ་བོའི་སྲིད་པའི་ཚོང་ཆེན་རྒྱག་པའི་སྐབས་སུ་ཨ་ཞང་རྣམས་ལ“དྲི་སྐུལ”ཁྱེར་བའི་སྐད་ཆ་འདི་ལ་མཚོན་ན། རིགས་པ་དཔེ་དང་བཅས་པས་ཡི་གེར་གསར་དུ་ཕབ་པ་དོན་ལ་གནས་པ་དང་། གཞན་ཡང་ཉི་མར་ལྡེ་དང་འདེ་ཞེས་པ་ཐོག་མར་ཡུལ་གང་ཞིག་གི་ཡུལ་སྐད་དམ་བརྡ་རྙིང་ཡིན་པ་ལ་དེང་སང་ཡང་བཙན་གྱིས་འབྲི་བཞིན་པའི་སྐབས་སུ། ཨ་མདོ་པས་ཁ་ནས་ཉི་མར་བཞུས་ཞེས་ཤོད་ཀྱང་ལག་གིས་མ་ཕྲིས་པར་ཡོད་ཙ་ན། སྐུ་ཞབས་ཁོང་གིས་ཉི་མར་སྦྱུས་དང་ཉི་མར་སྤྱུས་ཞེས་ཡི་གེའི་སྐྱེ་གནས་དང་སྒྲ་ཡི་འགྱུར་བར་གཞིགས་ཏེ་གསར་བཏོད་མཛད་པ་འདིས་ཀྱང་ཁོང་གི་རྣམ་དཔྱོད་ཧ་ལས་པའི་ཕྱོགས་ཤིག་མཚོན་པར་བྱེད་དོ། །དེ་ལྟར་མ་ཡིན་ན། ཉི་མར་བཞུས་སམ་ཉི་མར་གཞིས་ཞེས་པའི་དག་ཆ་འགྲིགས་པའི་དབང་དུ་བཏང་ཡང“སྤྱུས”ཞེས་པའི་སྒྲ་འདི་ཐོན་ཐབས་མེད་པས་་ཉི་མར་བཞུས་སམ་ཉི་མར་གཞིས་ནི་ཕྱོགས་རེ་བའི་མིང་དུ་འགྱུར་བས་དེ་ཀ་རང་དུ་ཟད་དོ་སྙམ་ལ། ཡང་གཅིག་བཤད་ན། ཨ་ཀྱཱ་ཡོངས་འཛིན་གྱིས«བེའུ་སྔོན་པོའི་རྩ་འགྲེལ»ལས་མིང་བརྡ་གོ་དཀའ་བ་འགྲེལ་བའི་སྐབས་སུ།“རྩེའུ་ཆུང་ཉི་ལྡེ་བྱེད་ཅིང་ཚིལ་ཁྲ་ཐབ་ཏུ་བསྲེགས་པ་བཞིན་དུ་འགྲོ་བ་ནི། རྩྭ(རྩ)ཕྲན་ཉི་མར་གཞིས་ཤིང་ཤ་ཚིལ་འདྲ་འདྲེས་ཐབ་ནང་དུ་བསྲེགས་པ་བཞིན་ཞེས་པ་ཡིན་ནམ་དཔྱད།”ཅེས་འབྱུང་བ་ལུང་དྲངས་པ་འདིས་ཨ་མདོ་པ་ཉི་མར་གཞིས་སམ་ཉི་མར་སྦྱུས་པར་ངོ་ཚ་མི་དགོས་པར་བཟོས་ཏེ་ཡུན་རིང་འགོར་ཡོད་དོ། །ཡིན་ནའང་། ཁོ་བོས་མཁས་པ་སྔ་མ་དག་གིས“ཉི་མར་གཞིས”ཞེས་བྲིས་པ་དང་། འུ་ཅག་གིས་ཁ་ནས་ཉི་མར་སྤྱི་བཞིན་ཡོད་ཅེས་རྗོད་པའི་དུས་ད་ལྟ་བའི་ལས་ཚིག་ལ“སྤྱིའུ”སྒྲ་ཞིག་ཐོན་པས་ཉི་མར་སྤྱི་བར་བྱ་དང་། ཉི་མར་སྤྱི་བཞིན་ཡོད། ཉི་མར་སྤྱིས་ཟིན་དང་། ཉི་མར་སྤྱིས་ཤིག་གམ། ཡང་ན་ཉི་མར་སྦྱི་བར་བྱ་དང་། ཉི་མར་སྦྱི་བཞིན་ཡོད། ཉི་མར་སྦྱིས་ཟིན། ཉི་མར་སྦྱིས་ཤིག་ཡིན་ནམ་སྙམ་ཡང་དཔྱད་པར་བྱ་བ་ཉིད་དོ། །གཞན་ཡང་སྦྱ་དང་སྤྱ་དང་བྱ་དང་གཞའ་རྣམས་ཀྱི་སྒྲ་གཅིག་པ་འདིས་ཉི་མར་གཞིས་དང་ཉི་མར་སྦྱིས། ཉི་མར་བཞུས་དང་ཉི་མར་སྦྱུས། ཉི་མར་སྦྱུས་དང་ཉི་མར་སྤྱུས་རྣམས་བྲིས་ན་ཆོག་པའི་བརྡ་སྤྲོད་རིག་པའི་རིགས་ལམ་ཞིག་ཀྱང་རིམ་བཞིན་གསལ་བར་འགྱུར་ཀྱང་། ཡུལ་སྐད་དང་ཡི་སྐད་ཀྱི་ཆོས་ཉིད་ལ་རྨོངས་པ་དག་ལ་ཅི་ཆ། དེ་བཞིན་དུ། ཉི་མ་ནུབ་རིེར་འགྱལ་དང་། དཔོན་པོ་སྒྲབ་རྒྱགས་ཆེ། གྲོགས་པོར་ཁ་བཟླ་མང་། རེབ་གོང་པས་འབྱོམ་པ་སྟེར། རྡུང་རེས་སྟེག་ན་བྲ(འབྲ་ཞེས་འབྱུང་བ་ནི་མ་བུ་དོ་མ་ལ་བུ་འདོ་མ་ཞེས་འབྱུང་བ་བཞིན་ནོ། །)མེད། རྟ་དགུག་ན་ཞོན་དཀའ། ཆང་འཐུང་གི་གཏམ་ལ་སྦྱིན་མ་བྱེད། མྱི་ཀེམ་ཅན་ལ་འགྲོགས་ན་གཞུག་བཤད་མང་སོགས་ཀྱིས་མཚོན་ཏེ་རྒྱུ་མཚན་དང་ལྡན་པའི་ཡི་གེ་སྟོང་ཕྲག་མང་པོའི་འབྲི་ཚུག་གསར་དུ་བཏོད་པ་འདིས་ཏག་ཏག་སྐད་ཡིག་གི་བསྟན་པ་རིང་དུ་གནས་པའི་ཉེ་རྒྱུ་སྟེ། ལས་དང་པོ་བ་ཡོད་དོ་ཅོག་ཡི་གེ་དང་རྩོམ་ལ་འཇུག་སླ་བའི་མྱུར་བགྲོད་གཞུང་ལམ་ཞིག་བསྐྲུན་པ་རང་རེད་ལ། དག་ཡིག་སྔ་མ་དག་ལ་མེད་པའི་ཁྱད་ཆོས་དང་དགེ་མཚན་། ཕན་ཡོན་གཙོ་བོ་ཞིག་ཀྱང་འདིས་སྟོན་བཞིན་ཡོད་དོ། །
གསུམ་པ། བོད་སྐད་འགྱུར་བའི་ཆོས་ཉིད་བསྟན་པའི་དགེ་མཚན་ལྡན་པ།
སྤྱིར་བོད་ཀྱི་ཡི་གེའི་བྱ་བ་བྱེད་མཁན་ཞིག་ཡིན་ན། གང་ཟག་སོ་སོའི་ཡུལ་ཕྱོགས་དང་། ཆོས་བརྒྱུད། བླ་སློབ་ཀྱི་ཕྱོགས་རིས་སྤོང་ཅི་ཐུབ་ཀྱིས། བན་བོན་དང་། མདོ་སྔགས། བཀའ་གཏེར། སྒྲུང་ལོ་རྒྱུས་སོགས་ལ་མཇལ་མྱོང་བ་ཞིག་དང་། མདོ་དབུས་ཁམས་གསུམ་གྱི་ཡུལ་སྐད་དམ་འཕྲལ་སྐད་ལ་གསལ་ཆ་ཡོད་པ་ཞིག་ཡིན་ན་ལས་གཞི་འདི་ཀུན་གྱིས་ཁས་ལེན་ཞིང་དོན་ལ་གནས་པ་ཞིག་འོང་བར་འགྱུར་སྙམ་པ་ཞིག་རྒྱུན་དུ་འདོད་པ་སྟེ། དཔེར་ན། སྔ་འགྱུར་རྒྱུད་རྒྱལ་གསང་བ་རྙིང་མའི་འགྲེལ་ཆེན«ཕྱོགས་བཅུའི་མུན་སེལ»ལས་ཡི་གེ་ལ་དབྱེ་ན“ལུས་གནས་རྩ་ཡི་ཡི་གེ་དང་། ཕོ་བྲང་ལྷ་ཡི་ཡི་གེ །ཆོ་འཕྲུལ་སྤྲུལ་བའི་ཡི་གེ །མཚོན་བྱེད་སྒྲ་ཡི་ཡི་གེའོ། །”ཞེས་དང་། ཡང་དེའི་འགྲེལ་པ་གྲགས་ཅན«དཀོན་ཅོག་འགྲེལ»ལས། “དེ་ལ་གཙུག་ལག་ཐུན་མོང་དུ་གྲགས་པ་ནི། ཨ་ཀྵ་ར་སྟེ། ཡི་གེ་རྣམས་ལ་མིང་རེ་རེ་ལས་མ་གཏོགས་པ་དངོས་པོ་རྣམས་ཀྱི་མིང་བཞིན་ཏུ། མིང་གི་རྣམ་གྲངས་དུ་མར་མི་འགྱུར་བའི་ཕྱིར་ཡི་གེ་ཞེས་བྱའོ། །”ཞེས་པས་མཚོན་ཏེ་བོད་ཀྱི་མདོ་སྔགས་རིག་གནས་ཀྱི་གཞུང་ཆེན་མོ་དག་དང་། བརྡ་སྤྲོད་པའི་ཕྱི་མོའི་གཞུང་རྣམས་ལས་ཡི་གེའི་ངོ་བོ་དང་། སྒྲ་བཤད། ངེས་ཚིག། དབྱེ་བ། བྱེད་ལས། སྐྱེ་གནས། ཆགས་འཇིག་སོགས་ཇི་ལྟར་གསུངས་པ་བཞིན་འགྲོ་བ་མི་དང་བོད་པ་རང་གི་ཡུལ་སྐད་ཟུང་དུ་སྦྲེལ་ནས་ལེགས་པར་དཔྱད་ན། གང་ཞིག་ཤེས་པར་བྱ་བའི་གཞི་དེ་གང་ཞིག་ཤེས་པར་བྱེད་པའི་ལམ་བརྒྱུད་དེ་གང་ཞིག་ཤེས་པའི་འབྲས་བུ་བཟང་པོ་ཐོབ་པར་ལོས་འགྱུར་སྙམ་ཙ་ན། འཇིག་རྟེན་གྱི་བྱ་དངོས་ཡོད་དོ་ཅོག་གི་འགྱུར་བ་ལ་ཕྱི་ནང་གི་ཆོས་ཉིད་ཅིག་ཡོད་པ་བཞིན་དུ། མཚོན་བྱ་སྐད་ཆ་དང་མཚོན་བྱེད་ཀྱི་ཡི་གེ་གཉིས་ལའང་འགྱུར་ལྡོག་གི་ཆོས་ཉིད་ངེས་ཅན་ཞིག་ཡོད་པའི་ཚུལ་རྣམས། «གབ་འགྲེལ་མེས་པོའི་ངག་རྗེས»རང་གི་མཇུག་ཏུ་ལྷན་ཐབས་སུ་འཁོད་པ«ཨ་མདོའི་ཡུལ་སྐད་དང་ཡིག་སྐད་གཉིས་དབར་གྱི་གསང་གནད་བཀྲོལ་བའི་ལྡེ་མིག»ཏུ། དོན་ཚན་སྤྱིར་ཆེ་བ་བཅུ་གསུམ་སྡོམ་དང་བཅུ་བཞི་ལ་བྱེ་བྲག་དོན་ཆུང་ཞེ་ལྔའི་སྐྱ་ཐིག་གསལ་བར་ཕབ་པ་ལ་མཇལ་ཚེ། ཁོང་གི་རྣམ་དཔྱོད་ལ་ངོ་མཚར་མི་སྐྱེས་རང་དབང་མེད་ཅིང་། དེའི་ཤུགས་ནས་གང་ཟག་སྒེར་བ་ཞིག་གི་སྐུ་ཚེ་གང་བོའི་རིང་ལས་སམ་ལོ་ངོ་དུ་མའི་དཀའ་ལས་སྐུ་ཚེགས་ཤིག་ཀྱང་རྗེན་ཅེར་དུ་མཐོང་ཐུབ་པ་མ་ཟད། འུ་ཅག་སོ་སོ་ལའང་རང་ཚོད་ཀྱི་སྐད་དང་ཡི་གེའི་འགྱུར་བའི་ཆོས་ཉིད་ཀྱི་བློ་བསྐྱེད་སྟེར་བར་འགྱུར་ནི། དཔེར་ན། ཨམ་སྐད་དུ་མིང་གཞི་ལ་དབྱངས་ཡོད་པའི་ཚེ་རྗེས་འཇུག་གི་ལ་སྒྲ་ཧ་ལམ་འུ་ལྟར་བཀླར་པར་འགྱུར་བ་སྟེ། ཇ་བསྐོའུ་ལ་ཇ་བསྐོལ་དང་། མགོ་ཁོའུ་ལ་མགོ་ཁོལ། འགུའུ་ལྟོས་ལ་འགུལ་ལྟོས། རྔུལ་ཆུ་ལ་རྔུལ་ཆུ། ས་གཅོའུ་ལ་ས་གཅོལ། སྐད་ཆ་འཆོའུ་ལ་སྐད་ཆ་འཆོལ། བླ་མར་མཇོའུ་ལ་བླ་མ་མཇོལ། ཉོའུ་ལ་ཉོལ། བུ་ག་རྟོའུ་ལ་བུ་ག་རྟོལ། གཞུང་ཐེའུ་ལ་གཞུང་ཐེལ། རྡེའུ་རུག་ལ་རྡེལ་ཕྲུག། མནོའུ་བསང་ལ་མནོལ་བསང་། གོ་རེ་དཔྲུའུ་ལ་གོ་རེ་དཔྲུལ་ལམ་སྤྲུལ། ཕྱུགས་ཟོག་འཕེའུ་ལ་ཕྱུགས་ཟོག་འཕེལ། དའ་བྲེའུ་འམ་དའ་རེའུ་ལ་དལ་བྲེལ།། མྱུའུ་མ་ལ་མྱུལ་མ། བྱ་བའི་རྩོའུ་བ་ལ་བྱ་བའི་རྩོལ་བ། བོར་བ་ཚོའུ་ལ་བོར་བ་ཚོལད། མགོ་འཛུའུ་ལ་མགོ་འཛུལ། གོང་ཞོའུ་ལ་གོང་ཞོལ། ཞོགས་པའི་ཟིའུ་བ་ལ་ཞོགས་པའི་ཟིལ་བ། ཆུ་རྐའི་འོའུ་ཀ་ལ་ཆུ་རྐའི་འོལ་ཀ། རང་ཡུའུ་ལ་རང་ཡུལ། ཞིང་གི་ཁ་རོའུ་ལ་ཞིང་གི་ཁ་རོལ། བྱི་ལ་ལོའུ་ལ་བྱི་ལ་ལུ་ལེ(ད་དུང་ཤེས་མེད)། རྡུང་རེས་ཀྱི་བར་བྱོའུ་ལ་རྡུང་རེས་ཀྱི་བར་བྱོལ། སིའུ་ཏོག་ལ་སིལ་ཏོག། རལ་བའི་ཧྲུའུ་ཏོ་ལ་ཧྲུལ་ཏོ། ཨོའུ་སྒྱོ་ལ་ཨོལ་སྒྲོ་སོགས་ཝ་ཡིག་མ་གཏོགས་པའི་ཀ་ཁ་སུམ་ཅུར་འབྲེལ་བ་ཡོད་ཚུལ་དང་། དེ་བཞིན་དུ་མིང་གཞི་ལ་དབྱངས་ཡིག་མེད་པའི་སྐབས་སུ་རྗེས་འཇུག་གི་ལ་ཡིག་འ་ལྟར་ཐོན་པ་སྟེ། སྐའ་བཟང་ལ་སྐལ་བཟང་དང་། འཁྱའ་འཁྱོའུ་ལ་འཁྱལ་འཁྱོལ། གའ་ཆེན་ལ་གལ་ཆེན། ཅའ་ཅོའུ་ལ་ཅལ་ཅོལ། མདའ་འཆའ་ལ་མདའ་འཆལ། བླ་མར་མཇའ་ལ་བླ་མར་མཇལ། སྲོད་ལ་ཉའ་ལ་སྲོད་ལ་ཉལ། གསང་བ་བརྟའ་ལ་གསང་བ་བརྟལ། ཡིན་ཐའ་ལ་ཡིན་ཐལ། དའ་འགོར་ལ་དལ་འགོར། རྣའ་འབྱོར་ལ་རྣལ་འབྱོར། དཔའ་མགོན་ལ་དཔལ་མགོན། འཕའ་ཀ་འཕྲོད་ལ་འཕལ་ཀ་འཕྲོད། བའ་འབྲེག་ལ་བལ་འབྲེག། མའ་ཧྲོ་ལ་མལ་བསྲོ། ཡིག་རྩའ་ལ་ཡིག་རྩལ། ཕྱག་འཚའ་ལ་ཕྱག་འཚལ། ཞའ་མཇའ་ལ་ཞལ་མཇལ། ཟའ་མོ་ནགས་ལ་ཟལ་མོ་ནགས། འའ་ལེ་འོའུ་ལེ་ལ་འལ་ལེ་འོལ་ལེ། དྲི་མ་ཡའ་ལ་དྲི་མ་ཡལ། མགོའི་རའ་བ་ལ་མགོའི་རལ་བ། གྱང་ངོས་ལ་བཤའ་ལ་གྱང་ངོས་ལ་བཤལ། སའ་བོ་ལ་གསལ་པོ། ཧའ་ལེ་ཧོལ་ལེ་ལ་ཧལ་ལེ་ཧོལ་ལེ། ཨའ་སྟོང་ལ་ཨལ་སྟོང་སོགས་དང་། གཞན་ཡང་གོང་གི་འགྱུར་བ་རིགས་གཉིས་ལས་འདས་པ་སྟེ“གསོལ”ལྟ་བུར་མཚོན་ན། གསོལ་བ་འདེབས་ཞེས་པའི་སྐབས་སུ་གསོའ་བ་འདེབས་ཏེ་མིང་གཞི་ལ་དབྱངས་ཡོད་ཀྱང་རྗེས་འཇུག་ལ་ཡིག་འ་ལྟར་བཀླགས་པ་དང་། གསོལ་ཀ་འདོན་ཞེས་པའི་སྐབས་སུ་གསོའུ་ཀ་འདོན་ཞེས་རྗེས་འཇུག་ལ་ཡིག་གི་སྒྲ་འུ་རུ་འགྱུར་བས་མཚོན་ཏེ། རྗེས་འཇུག་ལ་ཡིག་འགྱུར་བའི་ཆོས་ཉིད་གསུམ་གསལ་བར་བསྟན་པས་ཀྱང་བརྗོད་རུང་གི་ཡུལ་སྐད་དང་ཕབ་རུང་གི་ཡིག་སྐད་ཀྱི་འབྲེལ་བར་དཔྱོད་པའི་གོ་སྐབས་སྟེར་བར་བྱེད་དོ། །
ཁོ་བོས་འདོད་པ་ལྟར་ན། སྐུ་ཞབས་ཁོང་གིས། མཁས་པས་སྔ་མ་ནས་འཁོད་པའི་མིང་དང་ཐ་སྙད། ཚིག་སོགས་མིག་གིས་ཟིན་ཚད་ཁོལ་དུ་ཕྱུང་ཞིང་གཅལ་དུ་བཀྲམས་ནས་ལུང་རིགས་དཔེ་གསུམ་གྱིས་བརྒྱན་པ་དང་། ཨ་མའི་ངག་གི་བོད་སྐད་གསོན་པོ་དང་། བྱིས་པ་དག་གིས་གསར་ཏུ་བཏོད་པའི་བོད་སྐད་རྣལ་མ་འབྲོག་པའི་རྩྭ་ཐང་དུ་ལུས་ཤིང་། རོང་པའི་ཞིང་ཚིགས་སུ་སྦས་ནས་བཞག་པ་དག་ལ་ཡི་གེའི་ཐོབ་ཐང་སྤྲད་པ་ཙམ་མ་ཡིན་པར། སྐུ་ཞབས་ཁོང་གི་བརྡ་སྤྲོད་ལ་བཞག་པའི་མཛད་རྗེས་འབུར་དུ་ཐོན་པ་ནི། ཏག་ཏག་བོད་པ་ཡི་གེར་འཇུས་པ་ཚོར་ཡུལ་སྐད་དང་ཡིག་སྐད་དབར་གྱི་མན་ངག་བཞི་བཅུ་ཞེ་ལྔ་གནང་བ་འདིའི་སྟེང་ན་ཡོད་པར་ཐག་བཅད་དེ་བཤད་ཆོག་གོ །
འོན་ཀྱང་། འཇིག་རྟེན་གྱི་བྱ་དངོས་རྣམས་ཀྱི་ཆོས་ཉིད་དང་མན་ངག་ཉེ་བར་ལེན་པ་པོ་ནི་དབང་པོ་རྣོན་པོ་དག་གི་སྤྱོད་ཡུལ་ཡིན་ལ། དབང་པོ་འབྲིང་འབྲིང་དག་གིས་རེ་ཞིག་སྐད་ཡིག་འགྱུར་བའི་ཆོས་ཉིད་བསྐྱུར་ཏེ་སོ་སོ་ལ་ཉེ་བར་མཁོ་བའི་མིང་དང་ཐ་སྙད། ཚིག་རེ་རེ་བྱེའུས་རྒུམ་བུ་འཐུ་བ་ལྟར«གབ་འགྲེལ་མེས་པོའི་ངག་རྗེས»ལས་གང་མཁོ་གང་ཡོད་ལེན་པ་ལས་འོས་མ་མཆིས་ལ། ཡི་གེའི་ཚིག་དོན་ལ་མོས་པ་མེད་པའི་དབང་པོ་ཐ་མ་དག་ལ་མཚོན་ན་རྟ་ཡི་སྔུན་ལ་རུས་པ་བཞག་པ་ལྟར་དག་ཡིག་འདིའི་དགོས་མཁོ་ཆེན་པོ་མེད་ལས་ཀྱང་ཆེ་སྙམ་སྟེ། ཀློག་པ་པོས་དག་ཡིག་བེད་སྤྱད་པས་བཟང་ཆ་ཤེས་པར་འགྱུར་གྱི་འདིར་མ་མཐོང་རྒྱང་གི་གཏམ་རྒྱུད་ལ་བརྟེན་པར་མི་བྱ་བ་གལ་ཆེའོ། །མཇུག་གི་ཞུ་ཚིག
འདི་ནས་ཡིག་ཚོགས་བསྐྱུངས་ཏེ་དག་ཡིག་ཐུན་མོང་ལ་ཡོད་པའི་ཉར་ཚགས་རང་བཞིན་དང་། བེད་སྤྱོད་རང་བཞིན། རྒྱ་ཁྱབ་རང་བཞིན་སོགས་བཤད་རྒྱུ་མིན་ལ། གཙོ་བོ་དག་ཡིག་འདིའི་བོད་སྐད་ཀྱི་བརྡ་རྙིང་བསྐྱར་འདོན་རྒྱུད་འཛིན་གྱི་དགེ་མཚན་དང་། བརྡ་གསར་ཡིག་ཕབ་གསར་བཏོད་ཀྱི་དགེ་མཚན། སྐད་བརྡའི་ཆོས་ཉིད་བསྟན་པའི་དགེ་མཚན་གསུམ་བཤད་དེ་མཚམས་འཇོག་རྒྱུ་ཡིན་ལ།
ཞོར་དུ།“ཤིན་ཏུ་དོན་དང་ལྡན་པ་ལ། །ཚིག་གཅིག་ལན་གཉིས་གདབ་པར་བྱ། །”ཞེས་གསུངས་པ་ལྟར། དག་ཡིག་འདི་དང་འབྲེལ་བའི་བསམ་ཚུལ་འགའ་བཤད་པར་བྱ་སྟེ། ཁ་ཤས་ཀྱིས། གྲོང་པའི་སྐད་ཀྱིས་ཆོས་འཆད་ན། །བསྟན་བཅོས་སྐད་ཀྱིས་ཅི་ཞིག་བྱ། །ཞེས་པའི་ལུང་བཙན་པོ་འདི་དྲངས་ཏེ་ཡུལ་སྐད་ཡི་གེར་ཕབ་པའི་ལས་གཞི་འདི་དགག་པར་འགྱུར་ན། འདི་ནི་གྲོང་པའི་སྐད་ཡི་གེར་ཕབ་པའི་དགོས་མཁོར་དམིགས་པ་ལས། ཆོས་བཤད་པའི་དགོས་མཁོ་ལ་བསམ་གཟས་ནས་སྒྲིག་རྩོམ་བྱས་པ་མ་ཡིན་ཅིང་། དེ་ལས་ལྡོག་སྟེ་བསྟན་བཅོས་ཀྱི་སྐད་ཕུན་སུམ་ཚོགས་པའི་བསམ་པས་ཀུན་ནས་བསླངས་པ་ལས། བསྟན་བཅོས་ཀྱི་སྐད་ཀྱི་སྤྱི་འགྲོས་གཅོལ་བར་འདོད་པའི་བསམ་པ་ཡེ་ནས་མེད་པར་མ་ཟད། སེམས་དཔའ་ཆེན་པོ་འཇིགས་མེད་ཆོས་ཀྱི་དབང་པོའི་གསུང་ཚིག་ཅིག་སྟེ། “ཕན་དང་སྒྲུབ་པ་ལྷུར་ལེན་དམ་པའི་གཞུང་། །སྒྲ་དང་སྙན་ངག་ཚིག་གིས་མ་ཡིན་ཏེ། །ཕལ་དང་གྲོང་པའི་ངག་གིས་ཡང་དག་ལམ། །ལེགས་འདོམས་སེམས་དཔའ་རྣམས་ཀྱི་ཁྱད་ཆོས་ཡིན། །”ཞེས་པའི་ལེགས་བཤད་ཀྱིས་ལན་གདབ་པར་བྱའོ། །
ཡང་ལ་ལས། མཁས་དབང་དགེ་འདུན་ཆོས་འཕེལ་གྱི«རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ»རུ། “དེ་མིན་དེང་སང་མཐའ་མི་འགའ་ཞིག་གིས། དབུས་ཀྱི་ཕལ་སྐད། བླ་དྭགས་ཀྱི་ཕལ་སྐད་སོགས་སྣང་བར་གང་དྲན་གྱི་སྐད་མཛོད་དང་གླེགས་བམ་སྡེབ་པ་འདི་རིགས། བརྒྱ་ལ་དར་སྲོལ་ཆེ་རུ་སོང་ན། ཡུལ་སོ་སོའི་ཕལ་སྐད་མི་འདྲ་བའི་རྐྱེན་གྱིས། བོད་ཀྱི་སྐད་སྤྱི་ཡང་དུམ་བུར་ཆད་དེ། ནམ་ཞིག་ན་ཡུལ་སོ་སོའི་སྐད་དང་ཡི་གེ་ཕན་ཚུན་བརྡ་མི་འཕྲོད་པ་ཞིག་འོང་ངེས་ལ། སྐད་ཡིག་སོ་སོར་གྱེས་པས། བསམ་འཁྱེར་དང་སྤྱོད་ལམ་སོགས་ཀྱང་ཐ་དད་དུ་སོང་སྟེ། མཐར་བོད་ཀྱི་རིགས་དང་རྒྱལ་ཁམས་རྩ་བ་ཉིད་ནས་སིལ་བུར་འཐོར་བའི་རྐྱེན་དུ་འགྲོ་བ་ལགས། གལ་ཏེ་ཕལ་སྐད་གསར་པ་དེ་འདྲ་ཞིག་བོད་ཡུལ་ཀུན་ཏུ་དར་བའི་དབང་དུ་བྱས་ན་ཡང་། རང་ཅག་གི་ཆོས་སྐད་དུ་བྲིས་པའི་མདོ་རྒྱུད་རིག་གནས་ཀྱི་གཙུག་ལག་རྒྱ་མཚོ་ལྟ་བུ་འདི་ཀུན་རིམ་གྱིས་སུས་ཀྱང་མི་གོ་བའི་གླེགས་བམ་གྱི་ཕུང་པོ་ཙམ་དུ་འགྲོ་ངེས་པས། སྲོལ་ངན་འདི་འདྲའི་ཕྱོགས་ལ་ཐམས་ཅད་ཀྱིས་བག་ཟོན་དགོས་པ་ལགས།”ཞེས་པ་འདི་ལུང་དུ་དྲངས་པར་འདོད་ན། འདི་ནི་ཡུལ་སྐད་དང་ཡིག་སྐད་གཉིས་སོ་སོར་གྱེས་པ་སྟེ་ཡུལ་སྐད་ཉི་ཚེ་བའི་དག་ཡིག་བཟོས་པའི་་ཉེས་དམིགས་གསུངས་པ་ལས། ཡུལ་སྐད་ལ་ཞིབ་འཇུག་བྱས་ཏེ་ཡི་གེར་ཕབ་པའི་སྤྱི་འགྲོས་སམ་ཆོས་ཉིད་ལྟར་ཡི་གེར་འགོད་མི་ཆོག་པའི་བཀའ་ལུང་བསྒྲགས་པ་མ་ཡིན་པ་ཤེས་པར་བྱའོ། །
ཡང་ལ་ལས། ཅི་མི་སྙམ་པར་ཡུལ་སྐད་རྣམས་ཡིག་སྐད་དུ་ཕབ་པའི་དགོས་པ་མེད་ཅེས་རང་འདོད་དུ་སྨྲ་ན། ཡུལ་སྐད་ཡིག་སྐད་ཕབ་པའི་དགོས་མཁོ་ཤིན་ཏུ་ཆེ་སྟེ། དེ་ལྟ་མ་ཡིན་ན་བོད་སྐད་འཕར་མེད་སོར་བཞག་རྟག་པ་ཐེར་ཟུག་ཅིག་ཏུ་ཁས་ལེན་དགོས་པ་དཔེར་ན། ཐ་ན་རོང་པས་རང་འཐག་འཐག་རྗེས་ཁ་ལ་ཟ་རྒྱའི་ཤེ་དང་བུ་ཙེ། ལ་ཙེ་སོགས་དང་། ལ་ཙེ་གཅིག་པུ་ལའང་དྲལ་ལ་དང་། བར་ལ། གོས་ལ་སོགས་དང་། གྱང་རྡུང་གི་ལག་ཆ་སྟེ། གྱེན་ཧེན། གྱང་ཁྱེའུ། སྣ་བསགས་སོགས། ནམ་རྒྱུན་མིའི་གཤིས་ཀ་མཚོན་པའི་ཐ་སྙད་དེ། བུ་ཚ་ན་རག་ཆེ། མྱི་བཀན་ཁྱོག་ཡིན། མྱི་པམ་པོ། མི་ཁྱུགས་ན་སྒོ་ལ་འགྲོ། མྱི་ཁ་གོང་ལ་རྒྱ་ཅན། ཝར་ར་ཝར་མ་སོགས་ཀྱིས་མཚོན་པའི་དགེ་སློབ་བར་གྱི་སློབ་ཁྲིད་སྐད་ཆ་དང་། ཕ་བུ་བར་གྱི་ཁ་ལ་སློབ་གསོ། མ་བུ་མར་གྱི་ཟ་སྐོར་འཐུང་སྐོར། བཟའ་བའི་བར་གྱི་ཁ་འཛིང་། ལོ་ལོན་ཚོའི་གནའ་གཏམ། བར་ཤར་པའི་ཆོད་གཏམ། བྱིས་པ་རྣམས་ཀྱི་གསང་གཏམ་སོགས་ཁོག་ལ་ཅི་ཤར་དང་། ཁ་ནས་གང་ཐོན་རྣམས་སློབ་གྲྭ་ཆུང་འབྲིང་གི་སློབ་མ་དག་ཕར་ཟད། ཡི་གེའི་ཁྲི་ཐོག་ཏུ་བཞུགས་ཤིང་ཁ་མར་ལ་འཁོར་བ་དག་གིས་ལག་གིས་ཨེ་ཕྲིས་དང་། མི་ཕྲིས་ན་དེའི་ཚབ་ལ་ཐ་སྙད་དེ་མ་ཐག་པ་རེ་ཨེ་རྙེད་ལྟོས་དང་། སྒྲ་དོན་མ་ནོར་བ་ཞིག་མི་ཕྲིས་ཤིང་བརྒྱ་ལ་བརྗེས་པར་གྱུར་ཚེ་རྩོམ་གྱི་མཚོན་སྟོབས་ཞན་པའི་ཞད་ལྷང་ལ་འབུད་པར་བྱེད་དོ། །
མདོར་ན། བོད་སྐད་ཐེངས་གསུམ་ལ་གསར་བཅད་མཛད་ཀྱང་། ཨ་མདོ་པར་མཚོན་ན་ཡི་གེའི་གསར་བཅད་ཅིག་ལས་་སྐད་ཆའི་གསར་བཅད་བྱས་མེད་ཚོད་དུ་འདུག་པས། དེང་སང་བོད་ཀྱི་ཡི་གེར་མ་གྲགས་ཀྱང་ཁ་ནས་རྒྱུན་དུ་འཆད་བཞིན་པའི་དམྱིག་དང་། མྱེ། རྨྱི་ལམ་རྨྱིས། འགྱོ། རའ་གྱི། ཧྲ་སོགས་སླ་བའི་རིགས་ཡིག་སྐད་དུ་ཕབ་ཤེས་པ་དགོས་པ་མ་ཟད། ཅུང་ཟད་ཤེས་དཀའ་བའི་རིགས་ཏེ། དཔེར་ན། ངའི་ཕ་ཡུལ་དོ་རྒྱ་པས་སྐྱོན་མེད་ཅེས་པའི་སྐད་ཆའི་རྣམ་གྲངས་ཤིག་ལ་ཁྱེན་འཛི་མེད་ཅེས་ཟེར་བ་ནི། དོན་ལ་ཁྱེན་ནི་སྐྱོན་གྱི་བརྡ་རྙིང་ཡིན་པ་ངག་ནས་ངག་བརྒྱུད་པ་ཡིན་ཀྱང་། སྐད་གསར་བཅད་དུ་ཁྲེན་ཞེས་སུ་བསྒྱུར་པ་ཡི་གེར་འཁོད་པ་ཙམ་ལས་ཁ་ལ་མ་བྱང་བས། ལ་ལས་ཁྱེན་འཛི་མེད་ཅེས་པ་རྒྱ་སྐད་ཡིན་པའི་ཐེ་ཚོམ་ཟ་བ་ལྟ་བུས་མཚོན་ཏེ་ཁ་ཡི་བརྡ་རྙིང་དང་ཡི་གེའི་བརྡ་གསར་ཧ་ཅང་མང་པོ་ཐོད་གཏུགས་པ་དང་། ཡི་གེར་ཕབ་རུང་གི་བརྡ་གསར་གཅིག་ཆོག་དག་རྩོམ་པ་པོ་རྣམས་ཀྱིས་རྩོམ་དུ་འབྲི་བའི་དགོས་པ་དང་། དགེ་རྒན་ཚོས་ཡིག་སྐད་དག་ཡུལ་སྐད་ལ་བསྒྱུར་ཏེ་སློབ་ཁྲིད་འཆད་ཉན་བྱེད་པའི་དགོས་པ་ལྡན་པ་ནི་སྐད་ཡིག་གི་ཚེ་སྲོག་རིང་དུ་གནས་དང་གནས་མིན་གྱི་གནད་འགག་ཅིག་ལ་མཐོང་ངོ་། །
མཇུག་མཐར་ཞུ་བར་བྱ་བ་ནི། འཛམ་བུ་གླིང་གི་དག་ཡིག་དང་། མིང་མཛོད། ཚིག་མཛོད་ཡོད་དོ་ཅོག་ལ་མི་རིགས་དེའི་མིང་དང་ཐ་སྙད་ཡོངས་སུ་རྫོགས་པ་ཚུད་མེད་པ་དང་། མིང་དང་ཐ་སྙད། ཚིག་དང་བཅས་པའི་་འགྲེལ་བཤད་ནོར་བའི་ཆ་ཡོད་པ་དང། ཐ་སྙད་ལ་ལར་གནས་སྐབས་ཀྱི་གོ་བ་ལེན་དགོས་པ་བཞིན་དུ། སྐུ་ཞབས་ཁོང་གི་དག་ཡིག་ཇི་ལྟར་ལེགས་ཀྱང་གང་ཟག་སྒེར་པ་གཅིག་གི་རྣམ་དཔྱོད་དང་འོ་བརྒྱལ་ལས་བྱུང་བ་ཡིན་པས་ཉེས་སྐྱོན་འབྱུང་ངེས་པར་ཐག་ཆོད་ན། འདིར་སྒྲིག་རྩོམ་པའི་ཚབ་བྱས་ཏེ་དགོངས་འགལ་མེད་པར་ཞུ་བ་དང་མཉམ་དུ། ཁྱེད་ཅག་གིས་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་ཡིག་ངག་གང་རུང་ནས་བསམ་འཆར་འདོན་རྒྱུ་དང་། «གབ་འགྲེལ་མེས་པོའི་ངག་རྗེས»དཔར་ཐེངས་རྗེས་མ་དང་རྗེས་མའི་རྗེས་མའི་རམ་འདེགས་ཟླ་བོར་འགྱུར་བའི་སྨོན་འདུན་ཡང་ཡང་ཞུའོ། །
བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས། །
གཏན་དུ་བདེ་བ་འཐོབ་པར་ཤོག །
གཏན་དུ་བདེ་བ་འཐོབ་པར་ཤོག །
2023ལོའི་ཟླ10པར་བྲིས་སོ།།
འབྲེལ་ཡོད་འོས་སྦྱོར།