དགེ་འདུན་ཆོས་འཕེལ་ལགས་དེང་རབས་རི་མོ་པ་ཞིག་ཡིན་ནམ།
རྩོམ་པ་པོ།:འཇུ་རབ་གསལ།
ཡོང་ཁུངས།:ལུག་ཚང་དཔལ་ཡོན་འཕྲིན་སྟེགས།
དུས་ཚོད།:2023-12-04
ཀློག་གྲངས།:
དགེ་འདུན་ཆོས་འཕེལ་ལགས་དེང་རབས་རི་མོ་པ་ཞིག་མིན་དོན།
འཇུ་རབ་གསལ།
གཅིག
རྒྱལ་ཁམས་རིག་པས་བསྐོར་བའི་སྐྱེས་བུ་ཁོང་གིས་རི་མོའི་སྒྱུ་རྩལ་ནས་ཀྱང་གྲུབ་འབྲས་ཆེན་པོ་བླངས་ཡོད་པར་མ་ཟད། བོད་ཀྱི་རི་མོའི་འཕེལ་རྒྱས་ལ་མཛད་རྗེས་བླ་ན་མེད་པ་བཞག་གནང་བ་ཞིག་ཡིན་པས། བོད་ཀྱི་རི་མོའི་ལོ་རྒྱུས་ཀྱི་འཕེལ་རིམ་གླེང་ཚེ་ཁོང་ཉིད་མ་གླེང་ན་ཆ་ཡོངས་སུ་མ་རྫོགས་པའམ། ཁྱད་པར་བོད་མི་ནུབ་ལུགས་རི་མོ་འབྲི་མཁན་གྱི་ལོ་རྒྱུས་གླེང་བར་ཅིས་ཀྱང་མ་གླེང་ཐབས་མེད་ལྟ་བུར་གྱུར་ཡོད།
དགེ་ཆོས་ཀྱི་བརྩམས་ཆོས། མི་ལ་རས་པའི་ཞལ་ཐང་། 1930-1940
དེ་ལ་བདེ་ནུབ་རྡོ་རྗེ་དགྲ་འདུལ་ཟེར་བའི“རི་མོའི་སྒྱུ་རྩལ་ལ་བྱང་བའི་དགེ་འདུན་ཆོས་འཕེལ”ཞེས་པའི་དཔྱད་རྩོམ་ཞིག་ཡོད་པ་གོ་ཐོས་བྱུང་ཡང་ལག་སོན་མ་བྱུང་བ་ལས། གཞན་དགེ་ཆོས་ཞིབ་འཇུག་གི་རྩོམ་ཡིག་ཁག་དང་ཨ་མདོ་བྱམས་པ་སོགས་ལ་བཅར་འདྲི་བྱས་པ་ཚུན་ལྟ་ཀློག་གང་ཐུབ་ཅིག་བྱས་ཀྱང་། དགེ་ཆོས་ཀྱི་རི་མོ་དག་བརྗོད་བྱར་བླངས་པ་མང་ཤོས་ཤིག་གིས་བརྒྱ་ཁ་གཅིག་གྲག་གིས་དགེ་འདུན་ཆོས་འཕེལ་ལགས་གནའ་དེང་གཉིས་ཀྱི་རི་མོར་བྱང་ཆ་ཆེ་རབས། དངོས་བྲིས་འབྲི་བར་དེ་བས་མཁས་རབས། ལྷག་ཏུ་ཁ་ཅིག་གིས་བོད་ཀྱི་དེང་རབས་རི་མོའི་སྲོལ་འབྱེད་པ་ཡིན་ཚུལ་སོགས་གླེང་ཡོད།དེ་ལྟ་ནའང་། དགེ་ཆོས་ཀྱི་རི་མོ་ཡིན་ཟེར་ཚད་ལ་ཡིད་རྟོན་འོས་མིན་ཅི་རིགས་སུ་སྣང་ཞིང་། དེ་དག་ལ་དཔྱད་ནའང་གླེང་བར་བྱ་བ་མང་རུང་། “དགེ་འདུན་ཆོས་འཕེལ་བོད་ཀྱི་དེང་རབས་རི་མོའི་སྲོལ་འབྱེད་པ།”ཞེས་གླེང་ཚེ་ངེས་པར་དུ་དེང་རབས་རི་མོའི་ལོ་རྒྱུས་ཀྱི་འཕེལ་རིམ་དང་། དེང་རབས་སྒྱུ་རྩལ་གྱི་ལྟ་གྲུབ་ངོས་ནས་གླེང་ན་ཤིན་ཏུ་འཐད་མོད། རང་རེའི་དགེ་ཆོས་ཞིབ་འཇུག་པ་ཚོས་དེ་ལྟར་གླེང་བ་མི་སྣང་ངོ་། །
སྤྱིར་རི་མོའི་གྲུབ་མཐའམ་སྒྱུ་རྩལ་གྱི་ལྟ་གྲུབ་དང་། རིང་ལུགས་ཁག་ལ་འབྲེལ་ནས་གླེང་ཚེ་སྒྱུ་རྩལ་རིག་པ་དེ། སྒྱུ་རྩལ་གཞུང་ལུགས་དང་། སྒྱུ་རྩལ་དཔྱད་བརྗོད། སྒྱུ་རྩལ་ལོ་རྒྱུས་བཅས་ཀྱི་གཞུང་ཤིང་སྟེང་ནས་གླེང་དགོས་ཀྱང་། བོད་ཡིག་ཏུ་སྒྱུ་རྩལ་རིག་པའི་མ་ལག་དང་རིག་ཚན་ཁག་གི་རྨང་གཞིའི་ཤེས་བྱ་ཕྲན་ཙམ་རེའང་བོད་ཡིག་ཏུ་མཐོང་དཀའ་ཞིང་། ཐ་ན“སྒྱུ་རྩལ”ཞེས་པའི་ཐ་སྙད་འདི་བོད་ལ་དུས་རབས་གང་ཞིག་ལ་བྱུང་མིན་དང་། དེའི་མིང་འགྲེལ་ཡང་ཡིག་ཆའི་ཁུངས་སྐྱེལ་ནུས་པ་ཞིག་མི་རྙེད་པའི་ཟོལ་དུ་ཡོད། སྒྱུ་རྩལ་རིག་པའི་ཆེད་ལས་པ་ཟེར་ནའང་ཡོད་པར་སྣང་ལ་མེད་པ་འདྲ་བའི་ཁ་སྟབས་ཀྱིས་དགེ་ཆོས་ཀྱི་རི་མོ་གཅིག་པུ་མིན་ཡང་། སྤྱིར་གནའ་དེང་ད་གསུམ་གྱི་སྒྱུ་རྩལ་ལྟ་གྲུབ་ཀྱི་སྐོར་ནས་ཀྱང་རྩོམ་རིག་གི་ཐད་ཅུང་ཟད་ཡོད་པ་ཕུད། རི་མོ་སོགས་སྒྱུ་རྩལ་རྣམ་གྲངས་གཞན་དུ་རང་རྐྱ་ཕེར་བའི་གླེང་སློང་བྱེད་པ་མ་དམིགས་ལ། སྒྱུ་རྩལ་གཞུང་ལུགས་དང་འཕེལ་རིམ་སོགས་ཀྱི་འགྱུར་རྩོམ་སྤུས་ལེགས་ཤིག་ཀྱང་མེད་པའི་གནས་བབས་འོག ང་དང་ཁྱེད་ཀྱིས་དགེ་ཆོས་ལགས་ཀྱི་རི་མོ་འབྲི་སྟངས་དེ་གནའ་དེང་གང་དུ་གཏོགས་གསལ་ཐག་ཆོད་པ་ཞིག་གླེང་མི་ནུས་པར་ཐུགས་ཁག་ག་ལ་ཡོད།
རང་རེའི་དགེ་ཆོས་ཀྱི་རི་མོ་གླེང་མཁན་ཚོའི་ཁྲོད་ན། དགེ་འདུན་ཆོས་འཕེལ་ལགས་ཀྱི་རི་མོ་འབྲི་སྟངས་འགའ་དེང་རབས་རི་མོར་འདོད་པ་དང་། ཁོང་ཉིད་བོད་ཀྱི་དེང་རབས་རི་མོ་འབྲི་མཁན་ཐོག་མ་ཡིན་པར་བཤད་པ་ནི་དེང་རབས་རི་མོའི་འཕེལ་རིམ་དང་གྲུབ་མཐའ་ལ་རྒྱུས་ལོན་མ་བྱས་པར། དགེ་ཆོས་ལགས་ཀྱིས་བོད་ཀྱི་སྲོལ་རྒྱུན་རི་མོ་འབྲི་སྟངས་ལས་ལོགས་སུ་གྱུར་པའི་འབྲི་སྟངས་གཞན་པ་ལག་ཏུ་བླངས་པར་དེང་རབས་ཡིན་ཤག་བྱས་ནས་གླེང་བ་སྟེ། དགེ་ཆོས་ཀྱི་རི་མོར་ནུབ་ལུགས་ཀྱི་ཁྱད་ཆོས་མང་པོ་བགྲངས་པ་ཙམ་ལས། ནུབ་ཕྱོགས་དེང་རབས་རི་མོའི་འཕེལ་རིམ་གང་ཞིག་གི་ལྟ་གྲུབ་གང་དུ་གཏོགས་ཚུལ་ནི་སུས་ཀྱང་ད་སྔོན་མ་ཤོད་པ་འདྲ།
དེང་རབས་རི་མོ་དང་དེང་རབས་སྒྱུ་རྩལ་ཞེས་པ་གཙོ་ཆེར་ནུབ་ཕྱོགས་ནས་དར་ཏེ་འཛམ་གླིང་ལ་ཁྱབ་པ་ཡིན་སྟབས། དགེ་ཆོས་དང་དེང་རབས་རི་མོའི་བར་ལ་མཚུངས་རྟགས་བཀོད་ན་ནུབ་ཕྱོགས་དེང་རབས་རི་མོའི་འཕེལ་རིམ་གྱི་རྒྱབ་ལྗོངས་འོག་གླེང་བ་ལས་གཡོལ་ཐབས་མེད་རྐྱེན། དགེ་ཆོས་ཀྱི་རི་མོར་ནུབ་ལུགས་རི་མོའི་ཁྱད་ཆོས་བགྲངས་ནས་བཤད་དགོས་པ་ནི་གཡོལ་དུ་མེད་ཀྱང་། ནུབ་ལུགས་རི་མོའི་ཁྱད་ཆོས་ཡོད་པ་ཙམ་གྱིས་དེང་རབས་རི་མོའི་གྲས་སུ་མི་འགྲོ་བའང་རྒྱུན་ཤེས་རགས་པ་ཞིག་ཡིན་པ་གོ་དགོས།
གཉིས།
ནུབ་ཕྱོགས་སྒྱུ་རྩལ་ལམ་ད་ལྟ་འཛམ་གླིང་གི་གཙོ་རྒྱུག་སྒྱུ་རྩལ་ལ་འཕེལ་རིམ་ཆེན་པོ་གསུམ་མཆིས་ཤིང་། ང་ཚོའི་ཆོས་སྐད་ལྟ་བུར་བཤད་ན། ཐེག་པ་རིམ་པ་གསུམ་དུ་གྲངས་འདྲེན་པར་བྱེད་ཅིང་། དེ་ནི་གནའ་རབས་སྒྱུ་རྩལ་ལམ་གནའ་སྲོལ་རིང་ལུགས་ཀྱི་སྒྱུ་རྩལ(Classical art古典艺术)དང་། དེང་རབས་སྒྱུ་རྩལ(Modern art现代艺术)། དེ་བཞིན་ད་ལྟ་ཆེས་ཆེར་དར་བའི་ད་རབས་སྒྱུ་རྩལ(contemporary art当代艺术)ཏེ་རིགས་ཆེན་གསུམ་དུ་བཀར་ཡོད། དེ་དག་ལ་ནང་གསེས་ཀྱི་གྲུབ་མཐའ་དང་རིང་ལུགས་མང་དུ་ཡོད་པས། དགེ་ཆོས་ལགས་ཀྱི་རི་མོ་དག་དེང་རབས་རི་མོའི་ལུགས་སུ་བཞག་ན་དེར་འཇོག་བྱེད་ཀྱི་རྒྱུ་མཚན་ཚང་མིན་ལ་གཞིགས་པ་ལས། ནུབ་ལུགས་རི་མོའི་འབྲི་སྟངས་ཀྱི་སྒོ་ནས་བྲིས་པ་ཙམ་གྱིས་དེང་རབས་རི་མོ་པར་མི་འགྲུབ་ལ། ལྷག་ཏུ་དེང་རབས་རི་མོའི་སྲོལ་འབྱེད་པ་ཞིག་ཏུ་དེ་བས་ཀྱང་འཇོག་དཀའ་སྟེ། དཔེར་ན། ཐང་ཀའི་རི་མོ་བྲིས་པ་ཙམ་གྱིས་སྨན་ལྷ་དོན་གྲུབ་ཀྱི་ལུགས་ཡིན་པའི་ངེས་པ་མེད་ལ། དེ་བཞིན་ཨ་མདོའི་སྨན་ལུགས་སྲོལ་འབྱེད་པར་འཇོག་མི་ནུས་པ་ལྟ་བུའོ། །ང་ཚོས་ནུབ་ཕྱོགས་སྒྱུ་རྩལ་ལམ་ནུབ་ཕྱོགས་དེང་རབས་རི་མོའི་འཕེལ་རིམ་དང་ལྟ་གྲུབ་ལ་མ་ལྟོས་པར། དགེ་ཆོས་ལགས་དེང་རབས་རི་མོ་པ་དང་བོད་ཀྱི་དེང་རབས་རི་མོའི་སྲོལ་འབྱེད་པ་ལ་མངའ་གསོལ་མཛད་པ་ནི། ཝེ་ཁེ་རིག་མཛོད་ཀྱི་ཨ་མདོ་བྱམས་པའི་ངོ་སྤྲོད་དུ“ཁོང་ལ་བོད་ཀྱི་པིས་ཅཱ་སའོ་ཞེས་པའི་མཚན་སྙན་ལྡན”ཞེས་པ་དང་འདྲ་འདྲ་རེད། ཨ་མདོ་བྱམས་པར་བོད་ཀྱི་ཕེ་ཁཱ་སའོ(Picasso毕卡索)ཡི་མཚན་སྙན་ཇི་ལྟར་འདོགས་སྟེ། སྒྱུ་རྩལ་པ་ཁོང་གཉིས་ལ་འདྲ་མཚུངས་ཀྱི་ཆ་རེ་ཡོད་ངེས་ཀྱང་དཔེ་དང་དཔེ་ཅན་དུ་འོས་པ་ཞིག་རྦད་དེ་མ་རེད།
གང་ཞིག་གི་ཡོན་ཏན་དང་ཁྱད་ཆོས་རྣམས་གཞན་ཞིག་ལ་ཡོངས་རྫོགས་མ་ཚང་རུང་ཕལ་ཆེར་ཚང་བ་ཞིག་ལ་དེ་ཡི་མཚན་སྙན་ལྡན་དང་། དེ་གཉིས་པ་སོགས་འབོད་པར་བྱེད་དེ། སངས་རྒྱས་གཉིས་པ་དང་གངས་རིའི་ལྗོངས་ཀྱི་ན་ལེནྡྲའི་མཚན་སྙན་གྱིས་མཛེས་པ་སོགས་ཞུ་བར་བྱེད་མོད། ཕེ་ཁཱ་སའོ་དང་ཨ་མདོ་བྱམས་པའི་བར་ན“བྱ་རྒོད་པོའི་ཉིན་ལམ་བཅོ་བརྒྱད”ཀྱིས་ཆོད་པ་ཁོང་གཉིས་ཀྱི་ཚབ་མཚོན་བརྩམས་ཆོས་གཉིས་གཤིབས་ནས་བལྟས་པ་ཙམ་གྱིས་ཤེས་སླ་ལ། ཁོང་གཉིས་ཀྱི་སྒྱུ་རྩལ་གསར་རྩོམ་གྱི་ལྟ་བའང་འགལ་བ་ལྟག་སྤྲོད་ལྟ་བུ་ཞིག་ཡིན་པས། རྒྱུས་མེད་ཀྱིས་རྒྱུས་གཏམ་བཤད་ན་འདྲ་ཆགས་ཀྱང་དོན་ལ་གནས་པ་ཞིག་ག་ལ་ཡིན།
ང་ཚོས་དགེ་ཆོས་ལ་དེང་རབས་རི་མོ་པ་དང“བོད་ཀྱི་དེང་རབས་རི་མོའི་སྲོལ་འབྱེད་པའི”གདན་ཐོབ་འབུལ་འོས་མིན་ནི། རྒྱལ་ཁམས་རིག་པས་བསྐོར་བའི་སྐྱེས་མཆོག་ཁོང་ཉིད་ཀྱི་རི་མོ་དག་ལ་ཁ་གྲག་ཏུ་འཇུག་དགོས་ཏེ། འཛམ་གླིང་གནའ་དེང་གི་རི་མོའི་རྒྱལ་ཁམས་ཡངས་པོ་ནས་དགེ་ཆོས་ལགས་ཀྱི་རི་མོའི་འབྲི་སྟངས་ཀྱི་གྲུབ་མཐའ་དེ་རྩད་འཚོལ་དང་གཤིབ་བསྡུར་བགྱིས་ན། གནའ་དེང་རི་མོའི་ལུགས་གང་ཡིན་དང་གྲུབ་མཐའ་གང་དུ་གཏོགས་སོགས་མངོན་སུམ་དབང་པོའི་སྤྱོད་ཡུལ་དུ་འགྱུར་ཡོང་བས། “དྲང་བདེན་གྱིས་བསླུས་པའི་སློང་མོ་བ”ཁོང་གི་རི་མོ་རྣམས་ལ་དེ་ལས་དྲང་བའི་དཔྱད་པ་རྒྱག་སྟངས་ཤིག་གཞར་ཡང་མེད།
དེ་ནི་དགེ་འདུན་ཆོས་འཕེལ་གྱི་དབུ་མའི་ལྟ་བ་བོད་སྔ་རབས་པ་དང་ཕྱི་རབས་པའི་ལྟ་བ་གང་དུ་གཏོགས་པ་དཔྱོད་ཚེ། དབུ་མ་ཀླུ་སྒྲུབ་དགོངས་རྒྱན་དང་བོད་སྔ་ཕྱིའི་དབུ་མའི་ལྟ་གྲུབ་ཀྱི་གཞུང་རྣམས་གཤིབས་ནས་དཔྱད་དགོས་པ་དང་མཚུངས་ཤིང་། དཔྱོད་སྟངས་དེ་ནི་སྒྱུ་རྩལ་རིག་པའི་སྤྱི་འགྲོས་དང་ཡང་མཐུན་ནོ་སྙམ།
གཞན་དུ་དགེ་ཆོས་ཀྱི་ལྟ་བ་གསར་པ་ཡིན་ཚུལ་དང་། ཤེས་བྱ་གསར་པར་ཐུགས་སྣང་ཆེ་ཚུལ། འབྲི་རྩལ་མཐོ་ལུགས། བྲིས་པ་མང་རབས་སོགས་ཇི་ལྟར་གླེང་ཡང་དགེ་ཆོས་ཀྱི་ཁྱད་ཆོས་ཙམ་ལ་འགྲོ་བ་ལས། ཁོང་ཉིད་དེང་རབས་རི་མོ་པ་ཞིག་ཡིན་མིན་གྱི་གནད་དོན་ནི་གཡོ་མེད་སོར་གནས་སུ་ལྷག་པས། མཁས་པ་ཞིག་བྱེད་པ་ལས་དྲང་པོ་ཞིག་བྱེད་པར་མོས་པའི་དགེ་ཆོས་ལགས་ལ་མི་འོས་པའི་ཐོབ་ཐང་དང་མཚན་གནས་ཕུལ་ན་ཁོང་ཉིད་ཐུགས་མཉེས་པར་མི་འགྱུར་བ་ཇི་བཞིན། རི་མོའི་སྒྱུ་རྩལ་གྱི་རིག་གཞུང་ཁྲོད་དུ་མགོ་ཉོག་པའི་རྒྱུ་རྐྱེན་བསྐྲུན་པ་ལས་མ་འདས་ཕྱིར“གཟུར་གནས་དགྱེས་པའི་གཏམ”དུའང་མི་འགྲོའོ། །
གསུམ།
༢༠༠༣ལོར་ཨ་རིའི་ནེའུ་ཡོག་ལ་རྩེ་དཔེ་མཛོད་ཁང་གིས་བསྡུས་པའི་དགེ་འདུན་ཆོས་འཕེལ་འཁྲུངས་ནས་ལོ་ངོ་བརྒྱ་ཐམ་པ་འཁོར་བའི་རྗེས་དྲན་ཚོགས་འདུའི་འབྲས་བུར་གྱུར་པའི་དཔེ་དེབ་ཅིག་སྟེ། «དགེ་འདུན་ཆོས་འཕེལ་བོད་ཀྱི་དེང་རབས་རི་མོའི་སྲོལ་འབྱེད་པ།»ཞེས་པར་མ་ཞི་སྒན་སློབ་གྲྭ་ཆེན་མོའི་ཨེ་ཤར་ཡའི་སྐད་ཡིག་དང་རིག་གནས་སྡེ་ཚན་གྱི་ནང་ཆོས་དང་བོད་རིག་པའི་དགེ་རྒན་ཆེན་མོ་སྟེ། “ཤམ་བྷ་ལའི་བཙོན་མ། བོད་ཀྱི་ནང་ཆོས་དང་ནུབ་གླིང་།”ཞེས་པའི་རྩོམ་པ་པོ། དགེ་འདུན་ཆོས་འཕེལ་སྐོར་གྱི་ཞིབ་འཇུག་པ་རྡོ་ནོལ་ལོ་པེ་སི(Donald Lopez)ཞེས་པས་རྩོམ་ཡིག་གཉིས་བཀོད་འདུག་ཅིང་། དེ་ལས“དགེ་འདུན་ཆོས་འཕེལ་གྱི་རི་མོ།”ཞེས་པའི་རྩོམ་ཡིག་ཏུ་དགེ་འདུན་ཆོས་འཕེལ་གྱི་རི་མོ་དེང་རབས་རི་མོའི་གྲས་སུ་བགྲངས་ནས་དཔྱད་གླེང་བགྱིས་པ་སྟེ། རྩོམ་ཡིག་དེའི་གླེང་གཞི་རུ། “ཆུ་ཚོན་རི་མོ་ཉི་ཤུ་རྩ་བདུན(སྨྱུ་གུ་དང་སྣག་ཚས་བྲིས་པ་ཁག་ཅིག་ཚུད་ཡོད)དང་ཞ་སྨྱུག་གི་སྐྱ་རིས་སུམ་ཅུ་སོ་གཉིས་བཅས་འདུས་པའི་རི་མོ་ལྔ་བཅུ་ང་དགུ་འདི་དག་ཆ་ཚང་བ་ཞིག་གླེགས་བམ་འདིར་ཐོག་དང་པོར་དཔར་སྐྲུན་བྱས་ཡོད། རྩོམ་ཡིག་འདི་རི་མོ་འདི་དག་གི་སྐོར་དང་བོད་ཀྱི་དེང་རབས་རི་མོ་བ་ཐོག་མ་ཞེས་འབོད་རྒྱུར་རྗེས་ལུས་ཐེབས་པའི་ཁོང་གི་བརྩམས་ཆོས་ཀྱི་ཐད་ལ་ཆེས་ཐོག་མའི་ངོ་སྤྲོད་མདོར་བསྡུས་ཤིག་བྱེད་ཆེད་བྲིས་པ་ཡིན།”ཞེས་བྲིས་ཡོད་ལ། དཔེ་དེབ་དེའི་ཁ་བྱང་ཡང་རྩོམ་ཡིག་འདི་གཞིར་བཞག་གིས་བཏགས་པར་སྙམ། དེ་ནི་ད་སྔོན་རང་རེའི་དགེ་ཆོས་ཀྱི་རི་མོ་གླེང་མཁན་དག་གི་འགྲོ་སྟངས་དང་ཅུང་མི་འདྲ་བར་ལྟོས་བཅས་ཀྱིས་ཞིབ་ཚགས་རང་བཞིན་གྱི་དཔྱད་གླེང་གནང་འདུག་ཅིང་། དཔྱད་གཞིའི་ཁུངས་སྣེའང་མང་ཙམ་མཁོ་འདོན་གནང་བར། དེབ་འདིའི་རྒྱུ་དང་རྐྱེན་དུ་གྱུར་པ་མཐའ་དག་དང་ཕྱི་གླིང་པའི་མཁས་པ་ཁོང་ལ་བཀའ་དྲིན་དང་གུས་འདུད་སྙིང་ནས་ཞུ་དགོས་པ་ཞིག་རེད།
དེ་ལྟ་ནའང་། ཁོང་གིས་དགེ་ཆོས་ཀྱི་རི་མོ་རྣམས་ཀྱིས་གང་ཞིག་བྲིས་མིན་ནམ་དེ་དག་གི་ལོ་རྒྱུས་སོགས་ལ་མང་ཙམ་གླེང་ཡོད་པ་དང་། དེ་བཞིན་དགེ་ཆོས་ཀྱི་རི་མོར་ཁྱད་ཆོས་བགྲངས་པ་དག་ཀྱང་ནུབ་ཕྱོགས་གནའ་སྲོལ་གྱི་རི་མོའི་རྨང་གཞིའི་ཤེས་བྱའམ་རི་མོའི་སྤྱི་འགྲོས་ཙམ་ལས། དེང་རབས་རི་མོའི་དམིགས་བསལ་གྱི་ཁྱད་ཆོས་གང་དག་ལྡན་ཚུལ་ཅི་ཡང་བཤད་མེད་པས། རྩོམ་དེ་དགེ་ཆོས་ཀྱི་རི་མོར་ཞིབ་འཇུག་བྱེད་མཁན་ཚོས་ཟུར་ལྟ་བྱེད་ཆོག་ས་ཞིག་འདུག་པ་ལས། དེ་ཉིད“དགེ་འདུན་ཆོས་འཕེལ་བོད་ཀྱི་དེང་རབས་རི་མོའི་སྲོལ་འབྱེད་པ”ལ་མངའ་གསོལ་བའི་སྐུ་དབང་ལྡན་པར་མཐོང་ཐབས་མ་བྱུང་།
རྩོམ་ཡིག་དེ་ལས“འཆར་སྣང་རིང་ལུགས”ཞེས་པའི་མིང་ཚིག་དེ་དང་དེ་འབྲེལ་དགེ་ཆོས་ཀྱི་རི་མོ་ཨང་རྟགས༢༤པ(ཨང་རྟགས་ཞེས་བྲིས་ཡོད་པ་ནི“དགེ་འདུན་ཆོས་འཕེལ་བོད་ཀྱི་དེང་རབས་རི་མོའི་སྲོལ་འབྱེད་པ”ཞེས་པའི་དེབ་དེའི་ནང་གི་རི་མོའི་གོ་རིམ་གྱི་ཨང་རྟགས་ལ་ཟེར་གྱི། དགེ་ཆོས་ཀྱི་ཆུ་ཚོན་རི་མོ་སྤྱིའི་ཨང་རྟགས་མིན།)སྟེ་འཇིགས་མེད་རིའི་མཆོད་རྟེན་ལ་དམིགས་བསལ་དོ་སྣང་བྱེད་དགོས་པ་ཞིག་བྱུང་། དེ་ཡང“འཆར་སྣང་རིང་ལུགས”ཞེས་པའི་མིང་ཚིག་ལ་དབྱིན་ཡིག་དང་རྒྱ་ཡིག་ལྟ་བུས་མཆན་བུ་བཏབས་ཡོད་ཚེ་གང་ལ་ཟེར་བཞིན་པ་ཤེས་སླའང་། ལར་ང་ཚོར་འགྱུར་བའི་ནུབ་ལུགས་རི་མོའི་རིང་ལུགས་ཁག་གི་མིང་ནི་འགྱུར་རྣམ་པ་སྣ་ཚོགས་ཤིག་ཡིན་ཁར། “འཆར་སྣང་རིང་ལུགས”ཞེས་པ་ཞིག་ད་སྔོན་མ་མཐོང་བ་དང་། སྣང་ཡན་རིང་ལུགས(Romanticism浪漫主义画派)ལ“འཆར་ཡན་རིང་ལུགས”ཞེས་བསྒྱུར་ཡོད་ས་མང་དུ་ཡོད་པས། “འཆར་སྣང་རིང་ལུགས”ཞེས་པ་“འཆར་ཡན་རིང་ལུགས”ཀྱི་འགྱུར་ཨེ་ཡིན་བསམ་རུང་། ལུགས་དེ་ནི་ནུབ་ཕྱོགས་སྲོལ་རྒྱུན་རི་མོའམ་གནའ་སྲོལ་རི་མོའི་གྲུབ་མཐའ་གཙོ་བོའི་གྲས་ཤིག་ཡིན་པས། ལུགས་དེའི་འབྲི་ལུགས་སྤྱད་དེ་བྲིས་པ་ནི་དེང་རབས་རི་མོའི་ཁོངས་སུ་མི་འགྲོ་ངེས་ཀྱང་། “འཆར་སྣང་རིང་ལུགས”ཞེས་པ་སྔོན་ཆད་བོད་ཡིག་ཏུ“བག་ཆགས་རིང་ལུགས”ཞེས་བསྒྱུར་ཡོད་པའི“དྲན་སྣང་རིང་ལུགས(Impressionism印象主义)”ལ་ཟེར་བཞིན་མེད་འགྲོ་སྙམ་པ་ཞིག་ཀྱང་བྱུང་།གལ་ཏེ་དེ་ལྟར་ཡིན་ཚེ། དགེ་ཆོས་ཀྱི་རི་མོ་དེང་རབས་རི་མོའི་གྲུབ་མཐའ་དམིགས་བསལ་བ་ཞིག་གི་འབྲི་སྟངས་སུ་བཤད་པ་ཡིན་པས། དགེ་ཆོས་དེང་རབས་རི་མོ་པར་སྒྲུབ་བྱེད་གནད་འགག་ཅན་ཉག་གཅིག་ཏུ་གྱུར་ཡོད། རྩོམ་དེར་དེང་རབས་རིང་ལུགས་ཀྱི་རི་མོའི་གྲུབ་མཐའི་མིང་དྲངས་པ་དང་པོ་དང་། དེང་རབས་རིང་ལུགས་ཀྱི་རི་མོའི་གྲུབ་མཐའ་སྣ་ཚོགས་ལས་འཆར་སྣང་རིང་ལུགས(Impressionism印象主义)སམ་དྲན་སྣང་རིང་ལུགས་ཀྱི་མིང་ཐོན་པ་ཐ་མ་ཡིན་རུང་། དེས་ནི་དེང་རབས་རིང་ལུགས་ཀྱི་གྲུབ་མཐའ་དང་དགེ་ཆོས་གཉིས་ཐད་ཀར་འབྲེལ་ནས་གླེང་བ་ཡིན་སྟབས་ཚིག་གཅིག་ལས་མེད་ཀྱང་འདིར་དེ་ལ་ལྕི་ཚད་ཆེ་ཙམ་ཡོད་དོ་སྙམ།
དེ་ཡང་རྩོམ་དེར་འདི་ལྟར་བྲིས་འདུག་སྟེ། “རི་མོ་ཨང་གྲངས༢༤བར་སྐད་གྲགས་ཆེ་བའི་འཇིགས་མེད་རིའི(Abhayagiri)མཆོད་རྟེན་བྲིས་ཡོད་པ་དང་མཆོད་རྟེན་དེ་ནི་སྤྱི་ལོ་སྔོན་གྱི་དུས་རབས་དང་པོའི་ནང་བཞེངས་སྐྲུན་བྱས་པར་གྲགས། དགེ་ཆོས་ཀྱིས་སིངྒལའི་ཡུལ་དུ་གནས་སྐོར་བྱེད་སྐབས་སྔོ་ལྡུམ་རྩི་ཤིང་འཕྱུར་བའི་ཁྲོད་དུ་མཆོད་རྟེན་ཉམས་རྒུད་དུ་འགྲོ་བའི་སྐབས་ཡིན། ཁོང་གིས་ཆུ་ཚོན་རི་མོ་དེར་མཆོད་རྟེན་མཐའ་འཁོར་དུ་ཤིང་སྡོང་ཤིང་ཕྲན་སྐྱེ་བཞིན་པ་དང་མཆོད་རྟེན་རྩེ་ཏོག་གས་ཆག་ཅན་དེ་སྒང་ནས་ཕྱིར་ཐོན་ཡོད་པའི་ཚུལ་དེ་འཆར་སྣང་རིང་ལུགས་ཀྱི་འབྲི་སྲོལ་བེད་སྤྱོད་ཀྱིས་བྲིས་པ་དང་། མཆོད་རྟེན་གྱི་མདུན་ངོས་ས་ཐང་དུ་དགེ་འདུན་པ་གཉིས་ལངས་ཏེ་བསྡད་ཡོད།”ཅེས་དགེ་ཆོས་ཀྱིས་དེང་རབས་རིང་ལུགས་ཀྱི་རི་མོའི་གྲུབ་མཐའ་གཙོ་བོ་ཞིག་གི་འབྲི་སྟངས་བེད་སྤྱོད་བྱས་ཚུལ་བཤད་པ་ཡིན་ཕྱིར། དགེ་ཆོས་དེང་རབས་རི་མོ་པ་ཡིན་མིན་གྱི་གནད་དོན་ནི་ཚིག་དུམ་དེ་གཅིག་པུར་ཁེན་དགོས་པ་ལྟ་བུར་མཐོང་བྱུང་།
གཞན་དུ་ནུབ་ཕྱོགས་ཀྱི་འབྲི་སྟངས་མང་པོ་ཞིག་དགེ་ཆོས་ཀྱིས་བེད་སྤྱོད་བྱས་ཡོད་ཚུལ་བཤད་པ་སྟེ། “ནང་ཆོས་ཀྱི་བརྗོད་གཞི་ལས་གཞན་འཇིག་རྟེན་པའི་སྐོར་ལ་ཡང་ཐུགས་སྣང་སླེབས་ཡོད། གང་ཡིན་ཟེར་ན་ཁོང་གིས་བྲིས་པ་རེད་ཟེར་བའི་འདྲ་རིས་འགའི་གྲས་སུ་དངོས་ཡོད་རིང་ལུགས་འབྲི་རྩལ་གྱིས་དཀར་པོ་དང་ནག་པོའི་ནང་བོད་སྲིད་གཞུང་གི་ལས་སྣེ་ཞིག་བྲིས་འདུག…”ཅེས་པ་ལྟ་བུ་སོགས་ཀྱིས་དགེ་ཆོས་ལགས་ནུབ་ལུགས་རི་མོར་མཁས་ཚུལ་འགྲུབ་རུང་། དེང་རབས་རི་མོ་པར་མི་འགྲུབ་སྟེ། དངོས་ཡོད་རིང་ལུགས(Realism现实主义)ནི་ནུབ་ཕྱོགས་གནའ་སྲོལ་རི་མོའི་གྲུབ་མཐའ་རྩོད་མེད་དེ། གནའ་སྲོལ་དངོས་བྲིས་རིང་ལུགས་སམ་དངོས་ཡོད་རིང་ལུགས(Classical Realism古典现实主义)ཞེས་ཡོངས་སུ་གྲགས་པ་ཉིད་ཡིན་པས། གནའ་སྲོལ་རི་མོ་བྲིས་པས་དེང་རབས་རི་མོ་པར་ཇི་ལྟར་འགྱུར་ཏེ་མི་འགྱུར་ལ། རང་རེའི་དགེ་ཆོས་ཀྱི་རི་མོ་གླེང་མཁན་ཚོའི་ཁྲོད་དུ་དེ་ལྟ་བུ་མང་སྟེ། (དགེ་འདུན་ཆོས་འཕེལ་གྱི་སྲོལ་རྒྱུན་རི་མོའི་སྒྱུ་རྩལ་དང་དེང་རབས་འདུ་ཤེས)ཞེས་པ་ཞིག་ཏུ། “སྒྱུ་རྩལ་རིག་པའི་མིག་རྒྱང་གིས་བལྟས་ན། ཁོང་གི་སྲོལ་རྒྱུན་ལྷ་རིས་སྒྱུ་རྩལ་འབྲི་སྟངས་ཀྱི་ལྟ་བ་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད་དེ། སྲོལ་རྒྱུན་འབྲི་སྟངས་ལས་མཚན་བཟང་སོ་གཉིས་དང་དཔེ་བྱད་བརྒྱད་ཅུ་ལྟར་མཛེས་པའི་ཆ་བྱད་མ་ལུས་ཕྱོགས་གཅིག་ཏུ་སྤུངས་པ་སྐྱོན་གྱིས་མ་གོས་པའི་དཔེ་མཚོན་སྣང་བརྙན་བསྐྲུན་ཐབས་ལས། སོ་སོའི་ཁྱད་པར་འབྱེད་བྱེད་སྒོ་གསུམ་ཡོན་ཏན་ཐད་ཀྱི་སྒྱུ་རྩལ་རང་གཤིས་ཁྱད་གསོད་བྱས་པས། མི་བརྒྱ་ངོ་གདོང་གཅིག་དང་ཤིང་བརྒྱ་ལོ་མ་གཅིག་གི་སྣང་ཚུལ་འདི་ལ་དཔྱད་པ་ཞིབ་མོ་བཏང་ནས། ཕྱི་གླིང་དེང་རབས་ཀྱི་དངོས་ཡོད་རིང་ལུགས་དང་སྒྱུ་རྩལ་བསྐྱར་དར་གྱི་དངོས་འབྲི་རིང་ལུགས་པའི་སྒྱུ་རྩལ་བསམ་བློ་དང་། སྐྱ་འབྲི་རི་མོ་དང་སྣུམ་ཚོན་རི་མོའི་སྒྱུ་རྩལ་ཐབས་ཤེས་ལ་སློབ་སྦྱོང་དང་ཟུར་བལྟ་བྱས་ནས། བོད་སྲོལ་རྒྱུན་གྱི་ལྷ་རིས་སྒྱུ་རྩལ་སྣང་བརྙན་ལ་རང་གཤིས་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་འབྲི་སྟངས་སྤྱད་དེ་རྩོམ་པ་པོའི་སྒྱུ་རྩལ་ཁྱད་ཆོས་འབུར་དུ་ཐོན་དགོས་པའི་ལྟ་བ་བཏོན།”ཞེས་བཀོད་འདུག དེ་ཡིས་བོད་ཀྱི་སྲོལ་རྒྱུན་ཐང་ཀའི་འབྲི་སྟངས་ལ་དམའ་འབེབས་ཞོར་དུ་དགེ་ཆོས་ཀྱི་རི་མོར་བསྟོད་ར་ཆེ་ཤོས་ཤིག་བྱས་པ་ཡིན་མོད། འོན་ཀྱང་དེང་རབས་ཀྱི་དངོས་ཡོད་རིང་ལུགས་ཟེར་བའི་གྲུབ་མཐའ་ཞིག་མེད་པ་མ་ཟད། དངོས་ཡོད་རིང་ལུགས་སམ་དངོས་བྲིས་རིང་ལུགས་ནི་ནུབ་ཕྱོགས་གནའ་སྲོལ་རི་མོའི་ལུགས་འཁྲུལ་མེད་ཡིན་པས། དེ་ལ་དེང་རབས་ཞེས་པའི་མིང་ཚིག་སྦྱོར་ནུས་ཚོད་མིན་ལ། གནའ་སྲོལ་རི་མོ་ཞེ་ན་གནའ་བོའི་སྲོལ་རྒྱུན་གྱི་རི་མོ་ཞེས་པའི་བསྡུས་མིང་ཡིན་སླད། ནུབ་ཕྱོགས་ཀྱི་སྲོལ་རྒྱུན་ལ་ང་ཚོས་དེང་རབས་འབོད་རྒྱུ་མིན་ཚེ་གང་འདོད་གླེང་བ་ལས་མ་འདས་པས། དེ་ལྟར་སྨྲ་མཁན་དེ་ཡི་སྒྱུ་རྩལ་རིག་པའི་མིག་རྒྱང་གི་རིང་ཚད་ལྷང་ལ་བུད་པ་མ་ལགས་སམ། དགེ་ཆོས་ཀྱི་རི་མོར་ནུབ་ཕྱོགས་གནའ་སྲོལ་རི་མོ་དང་བོད་ཀྱི་ཐང་ཀའི་རི་མོ། དེ་བཞིན་མ་དུ་ལ་ཡི་སྟོན་པའི་སྐུ་དང་། ཨན་ཊན་བྲག་ཕུག་གི་རི་མོ་ནས་རོ་ལི་ཧཱ་ཉི་ཀུ་ལ་ཡི་བརྩམས་ཆོས་དྭངས་གསལ་ཞེས་པ། ལྐོག་གྱུར་རིང་ལུགས་ཀྱི་ཧེ་མ་ལ་ཡའི་ཆུ་ཚོན་རི་མོ། ཐ་ན་ཨུ་རུ་སུའི་འཕགས་པའི་སྐུ་བརྙན་བཅས་ཚང་མས་ཁོང་ལ་ཤུགས་རྐྱེན་ཐེབས་ཡོད་ཚུལ་གྱིས་ཁྱད་ཆོས་བརྒྱ་སྟོང་ལྡན་རུང་ཁོང་ཉིད་དེང་རབས་རི་མོ་པར་འཇོག་བྱེད་དུ་མི་འགྱུར་རོ། །
དེ་བས་དགེ་ཆོས་ཀྱི་རི་མོ་འགའ་ལ་དེང་རབས་རིང་ལུགས(Modernism现代主义)ཀྱི་གྲུབ་མཐའ་ཁག་སྟེ། འཆར་སྣང་རིང་ལུགས་སམ་དྲན་སྣང་རིང་ལུགས(Impressionism印象主义)༼གཤམ་ནས་དྲན་སྣང་རིང་ལུགས་ཞེས་འབྱུང་།༽དང་། དྲན་སྣང་རིང་ལུགས་ཕྱི་མ(Post—Impresionsm后印象主义)། གཅན་གཟན་རིང་ལུགས(Fauvism野兽主义)དང་། ལངས་གཟུགས་རིང་ལུགས(Cubism立体主义)། དེ་བཞིན་དངོས་ཡོད་ཐོད་བརྒལ་རིང་ལུགས(Surrealism超现实主义)སོགས་ཀྱི་གྲུབ་མཐའ་གང་རུང་ཞིག་གི་ཁྱད་ཆོས་ལྡན་པར་བསྒྲུབ་ནུས་ན། གཞི་ནས་དགེ་ཆོས་ལགས་ཀྱི་རི་མོ་དེང་རབས་རི་མོའི་ངོས་ནས་གླེང་བ་ཡིན་ཕྱིར། ཞིབ་འཇུག་པ་རྡོ་ནོལ་ལོ་པེ་སི་ལགས་ཀྱིས་རི་མོ་ཨང་གྲངས༢༤པ་དྲན་སྣང་རིང་ལུགས་སུ་བཤད་པ་ནི། དགེ་ཆོས་དེང་རབས་རིང་ལུགས་སུ་འཇོག་བྱེད་ཀྱི་ཚིག་གནད་གལ་ཆེན་ཞིག་ཏུ་སྙམ།
དགེ་ཆོས་ངེས་པར་དུ་དེང་རབས་རི་མོ་འབྲི་མཁན་ཞིག་ཏུ་ངོས་འཛིན་ཞུ་དགོས་ཚེ། འཇིགས་མེད་རིའི་མཆོད་རྟེན་གྱི་རི་མོ་དེ་དྲན་སྣང་རིང་ལུགས་ཀྱི་རི་མོར་བསྒྲུབ་པ་ལ་ཨུ་ཚུགས་བྱེད་པ་ལས་བྱ་ཐབས་གཞན་མེད་དེ། དྲན་སྣང་རིང་ལུགས་ཡན་ཆོད་ཀྱི་ནུབ་ལུགས་རི་མོའི་གྲུབ་མཐའ་སྟེ། གནའ་སྲོལ་རིང་ལུགས་དང་གནའ་སྲོལ་རིང་ལུགས་གསར་མར་གཏོགས་པའི་རི་མོའི་གྲུབ་མཐའ་གང་ཞིག་ཡིན་རུང་དེང་རབས་རི་མོའི་གྲས་སུ་མི་འགྲོ་བ་ནི། ནང་པའི་གྲུབ་མཐའ་གོང་འོག་གི་ཕྱི་དོན་བདེན་གྲུབ་ཏུ་འདོད་མི་འདོད་ཀྱི་ཁྱད་པར་ལྟ་བུ་ཞིག་ཤོར་ཡོད་པས། ཅུང་ཟད་ཞིབ་ཏུ་བལྟས་ན་རི་མོའི་གྲུབ་མཐའ་ཕན་ཚུན་དང་གནའ་དེང་གི་རི་མོའི་རིང་ལུགས་ཁག་ནོར་དོགས་ཆེར་མེད་པ་སྟེ། དཔེར་ན་ཐང་ཀའི་རི་མོར་རྒྱུས་མངའ་ཅུང་ཟད་ཡོད་པ་ཞིག་གིས་བོད་ཀྱི་ཐང་ཀའི་ལུགས་ཆེན་ཁག་ནོར་མི་སྲིད་པ་ལྟ་བུ་རེད།
བཞི།
སྤྱི་ལོ་དུས་རབས་བཅུ་དགུ་པའི་ལོ་རབས་དྲུག་ཅུ་པར་ཧྥ་རེན་སི་ནས་དབུ་བརྙེས་ཤིང་ལོ་རབས་བདུན་ཅུ་བརྒྱད་ཅུའི་བར་འཕེལ་རྒྱས་ཀྱི་རྩེར་སོན་པའི་དྲན་སྣང་རིང་ལུགས(Impressionism印象主义)ཞེས་པའི་ལུགས་འདི་ནི། གནའ་དེང་རི་མོའི་དབྱེ་མཚམས་གྱི་གྲུབ་མཐའ་གཙོ་བོ་ཡིན་ལ། སྤྱིར་དེང་རབས་རིང་ལུགས་ཀྱི་རི་མོའི་གྲུབ་མཐའ་ཁག་གི་ཐུན་མོང་གི་ལྟ་བ་སྟེ། རི་མོ་ཉིད་རྩོམ་རིག་དང་ལོ་རྒྱུས་ལ་བརྟེན་པ་ལས་ཐར་དགོས་ཞེས་དང་། ཡུལ་ཇི་བཞིན་འབྲི་བའམ་རི་མོ་ཉིད་རང་བྱུང་གི་གཡོག་པོ་བྱེད་མི་འོས་དང་། རི་མོ་ནི་སྒྱུ་རྩལ་ཡིན་གྱི་ཚན་རིག་མིན་སོགས་ཀྱི་རྩ་བའི་ལྟ་བ་གསར་པ་བཏོན་ཞིང་། འབྲི་ཐབས་ཀྱང་གནའ་སྲོལ་རི་མོའི་གྲུབ་མཐའ་ཁག་གམ་སྐབས་དེའི་གཙོ་རྒྱུག་གི་རི་མོའི་རིང་ལུགས་རྣམས་ཏེ། སློབ་གླིང་གྲུབ་མཐའ(academism学院派)དང་། སྣང་ཡན་རིང་ལུགས།(Romanticism浪漫主义画派) དེ་བཞིན་དངོས་ཡོད་རིང་ལུགས(Realism现实主义)སོགས་ཀྱི་ཞིབ་ཚགས་དོན་གཉེར་གྱིས། ཕྱི་སྣོད་དང་ནང་བཅུད་ཀྱི་བྱ་དངོས་གང་ཞིག་འབྲི་རུང་དེ་ཉིད་ཇི་མ་ཇི་བཞིན་དུ་རང་བྱུང་ཁྲོད་ཀྱི་མི་སྣ་སོགས་ཀྱི་སྣང་བརྙན་བསྐྱར་དུ་འབྲི་བར་འབད་པ་ལྷུར་ལེན་པའི་རྩ་དོན་དང་འགལ་བ་ལྟག་སྤྲོད་བྱས་ཡོད་པ་ལྟ་བུ་ཞིག་ཡིན།དེང་རབས་རིང་ལུགས་ཀྱི་གྲུབ་མཐའ་གཙོ་གྲས་དྲན་སྣང་རིང་ལུགས་ཀྱང་སྒྱུ་རྩལ་ལྟ་གྲུབ་ཀྱི་སྒྲོམ་གཞི་དེའི་ནང་དུ་ཡོད་ཅིང་། ལུགས་འདིའི་ཁྱད་ཆོས་ནི། མོག་མོག་གི་སྣང་བ་དང་། གང་དགར་བཏབས་པའམ་གཟབ་ནན་མིན་པའི་ཐིག་རིས། རབ་ཏུ་གསལ་བའི་ཚོན་མདངས་སོགས་གསར་རྩོམ་གྱི་ཐབས་སུ་བླངས་པས། དྲན་སྣང་རིང་ལུགས་ཀྱི་རི་མོ་པས་དངོས་པོའི་གཟུགས་དབྱིབས་ནི་རྣམ་པར་བཀྲ་བའི་ཚོན་མདངས་ཀྱི་ཀློང་དུ་ཡལ་བར་བྱས་ཕྱིར། དངོས་ཡོད་བྱ་དངོས་མིའི་སེམས་ལ་རྗེས་སུ་དྲན་ནས་སྣང་ངོར་ཤར་བ་ལྟ་བུར་སོང་སླད། གནའ་སྲོལ་རི་མོ་པ་གང་མང་གིས་འདི་ནི་དྲན་སྣང་ཙམ་སྟེ། ཤིན་ཏུ་མོག་མོག་རེད་ཅེས་པའི་ཟུར་ཟའི་ཚིག་དག་རིང་ལུགས་འདིའི་དངོས་མིང་ལ་གྱུར་སོང་བའམ། ལུགས་འདིའི་ཤིང་རྟའི་སྲོལ་འབྱེད་དམ་ཚབ་མཚོན་མི་སྣ་ཧྥ་རེན་སིའི་རླབས་ཆེན་གྱི་སྒྱུ་རྩལ་པ་ཁུ་ལའོ་ཏུ·མའོ་ནའེ(Claude Monet克劳德·莫奈)ལགས་ཀྱི«ཉི་འཆར་གྱི་དྲན་སྣང་།(ImpressionSunrise日出·印象)»ཞེས་པའི་བརྩམས་ཆོས་གྲགས་ཅན་དེ་ཉིད་ཀྱི་མིང་ལ་བརྟེན་ནས་བྱུང་བར་ཡང་གྲགས།
ལུགས་འདི་བྱུང་བ་ནས་ནུབ་ཕྱོགས་ཀྱི་གནའ་སྲོལ་རི་མོ་དང་དེང་རབས་རི་མོའི་བར་ལ་གཞི་རྩའི་ཆ་ནས་ཁྱད་པར་ཆེན་པོ་བྱུང་སྟེ་ལུགས་ཆེན་སོ་སོར་གྱེས་ཤིང་། དེ་ནས་རིམ་དང་ཅིག་ཅར་ལྟ་བུའི་སྒོ་ནས་དེང་རབས་རི་མོའི་གྲུབ་མཐའ་མང་དུ་བྱུང་སྟེ་དུས་རབས་གཅིག་ལྷག་ལ་འཛམ་གླིང་གི་གཙོ་རྒྱུག་སྒྱུ་རྩལ་གྱི་གདན་ཐོབ་ཀྱང་དེང་རབས་སྒྱུ་རྩལ་གྱི་གྲུབ་མཐའ་རྣམས་ཀྱིས་བཟུང་བཞག་པ་ཞིག་རེད།
དྲན་སྣང་རིང་ལུགས་ཀྱི་འབྲི་སྟངས་དང་དགེ་ཆོས་ཀྱི་རི་མོ་ཕན་ཚུན་གཤིབ་བསྡུར་བགྱིས་ཏེ་དགེ་ཆོས་དེང་རབས་རི་མོ་པར་བཞག་ན་འགྲིག་མིན་བལྟས་ཚེ་ལྟོས་བཅས་ཀྱིས་ཅུང་ཟད་འོས་ཙམ་ཡོད་པ་ལས། གཞན་དྲན་སྣང་རིང་ལུགས་ཕྱི་མ་དང་གཅན་གཟན་རིང་ལུགས། ལངས་གཟུགས་རིང་ལུགས་སོགས་དང་དགེ་ཆོས་ཀྱི་རི་མོའི་བར་ན་གནམ་ས་ལྟ་བུའི་ཁྱད་པར་ཡོད་ཅིང་དེ་དག་གི་གྲུབ་མཐར་ནོར་དོགས་གཞི་ནས་མེད་པས། དེང་རབས་རིང་ལུགས་ཀྱི་གྲུབ་མཐའ་གསར་མ་གསར་མར་དགེ་ཆོས་ཀྱི་རི་མོ་གཤིབ་བསྡུར་གྱི་ངལ་བ་མི་དགོས།
དགེ་ཆོས་ཀྱིས་རི་མོ་མཐའ་དག་བྲི་བྱའི་ཡུལ་ལ་ཨེ་འདྲ་མི་འདྲ་ལ་འབད་བརྩོན་ཆེར་གནང་ཡོད་པ་ལས། དེང་རབས་ཀྱི་སྤྱི་མཚན་དུ་སོང་བའི་གྲུབ་མཐའ་རྗེས་མ་དག་གི་རི་མོ་འབྲི་སྟངས་གང་ལའང་བརྩོན་ལེན་བྱས་མེད་པ་མངོན་སུམ་ཡིན་པ་དེ་དང་། ཕྱི་རོལ་གྱི་འཇིག་རྟེན་ལ་ལྟ་རྟོག་མི་བྱེད་པར་ནང་གི་ཚོར་བ་གཙོ་བོར་བྱེད་པའམ། སྒྱུ་རྩལ་པ་མི་སྒེར་གྱི་ལྟ་བ་ཁོ་ན་སྐྱབས་སུ་བཟུང་ནས་འབྲི་བའི་ལངས་གཟུགས་རིང་ལུགས་ལྟ་བུའི་བར་ན་རི་མོའི་རིང་ལུགས་ཆེན་པོ་འགའི་བར་ཁྱད་བཞག་ནའང་ཆོག་ཚོད་ཡིན་པས། དྲན་སྣང་རིང་ལུགས་རྗེས་ཀྱི་དེང་རབས་རི་མོའི་གྲུབ་མཐའ་ཐམས་ཅད་དགེ་ཆོས་ཀྱི་རི་མོར་འདྲ་ཚུལ་དང་མཐུན་རབས་གླེང་བའི་ཡུལ་མེད་རྐྱེན། སུས་ཀྱང་འདྲ་ཚུལ་གླེང་མ་མྱོང་ལ་མཐུན་ལུགས་བཤད་ཀྱང་མི་སྲིད་སྙམ།
དགེ་ཆོས་ཀྱི་རི་མོ་ཨང་རྟགས༢༤པ་དྲན་སྣང་རིང་ལུགས་ཀྱི་འབྲི་སྟངས་ཡིན་པར་རྒྱུ་མཚན་གྱི་སྒོ་ནས་བཤད་ཐུབ་ཚེ། རི་མོ་གཅིག་ལས་མེད་ཀྱང་བོད་ཀྱི་དེང་རབས་རི་མོ་པ་དང་པོ་དང་ཐོག་མ་ཞེས་ཞུ་མི་ཆོག་པ་མེད་པས། དྲན་སྣང་རིང་ལུགས་ཀྱི་རི་མོ་དང་དགེ་ཆོས་ཀྱི་རི་མོའི་བར་ན་མཚུངས་ཆོས་ཀྱི་ཆ་དང་། དགེ་ཆོས་ཀྱི་རི་མོ་ལ་དྲན་སྣང་རིང་ལུགས་ཀྱི་རི་མོའི་རྩ་བའི་ཁྱད་ཆོས་དག་ཚང་མིན་ལས་དགེ་ཆོས་ཀྱིས་དྲན་སྣང་རིང་ལུགས་སམ “འཆར་སྣང་རིང་ལུགས་ཀྱི་འབྲི་སྲོལ་བེད་སྤྱོད་ཀྱིས་བྲིས་ཡོད”མེད་ལྟ་བ་ལས་བྱ་རྒྱུ་གཞན་མེད་དོ། །
དེ་ལ་དགེ་ཆོས་ཀྱི་རི་མོ་ཨང་རྟགས༢༤པ་ཐེ་བའི་ཆུ་ཚོན་རི་མོ་ཉི་ཤུ་རྩ་བདུན་ནི། ཞིབ་འཇུག་པ་རྡོ་ནོལ་ལོ་པེ་སི་ཡིས“དགེ་འདུན་ཆོས་འཕེལ་རྒྱ་གར་དང་སིངྒ་ལའི་ཡུལ་དུ་ལོ་ངོ༡༢བཞུགས་སྐབས་བྲིས་པའི་རི་མོ་འདི་དག་ནི་ཁོང་གིས་རང་ཉིད་ཀྱི་བརྩམས་ཆོས་གལ་ཆེན་དུ་འདོད་པའི“གཏམ་རྒྱུད་གསེར་ཐང་མ”ཡི་ཆེད་དུ་བྲིས་པའི་བར་འཇུག་རི་མོ་ཡིན་པར་སྣང་། ཆུ་ཚོན་རི་མོ་རེ་རེར་ཨང་གྲངས་འཁོད་ཡོད་ཅིང་ཨང་གྲངས་དེ་དག་གིས་རི་མོ་ཉི་ཤུ་རྩ་བདུན་དེ་དེབ་འདིའི་ཆེད་བྲིས་པའི་རི་མོ་སྤྱིའི་ཆ་ཤས་ཆུང་ངུ་ཙམ་ཡིན་པ་སྟོན་གྱི་ཡོད།”ཅེས་པ་ནི་དོན་ལ་གནས་པ་སྟེ། འདི་དག་གཏམ་རྒྱུད་གསེར་ཐང་གི་བཅུག་རིས་ཡིན་པ་བདེན་པ་ར་འཕྲོད་རྒྱུ་འདུག་ཅིང་། འདི་དག་གི་འབྲི་ཐབས་དངོས་བྲིས་ཁོ་ན་རྩལ་དུ་བཏོན་ཡོད་པ་དང་འབྲི་བྱེད་ཀྱང་ཆུ་ཚོན་དང་ལྕགས་སྨྱུག སྣག་ཚ་བཅས་བཀོལ་འདུག
སྤྱིར་དགེ་ཆོས་ཀྱི་རི་མོ་འབྲི་བར་རྒྱུ་མཚན་ཆེན་པོ་གཉིས་མཆིས་ཏེ། གཅིག་ནི་ཐང་ཀ་དང་དངོས་བྲིས་བྲིས་ཏེ་འཚོ་བའི་མཐུན་རྐྱེན་སྒྲུབ་པ་དང་། གཉིས་པ་ནི་ང་ཚོར་གྲགས་ཆེ་ཡང་དངོས་སུ་མཐོང་མ་མྱོང་བའི་བྱ་དངོས་མང་དག་ཅིག་ཟིན་བྲིས་སུ་བགྱིས་ནས་གཏམ་རྒྱུད་གསེར་ཐང་དང་མཉམ་དུ་ང་ཚོར་སྟོན་འདོད་པ་དེ་རེད། ཁོང་གིས། ཡུལ་སྣ་ཚོགས་བཀོད་པའི་དཔེ་རིས་རྣམས། །ལྗོངས་ཁང་ཁྱིམ་སྐྱེས་པ་བུད་མེད་སོགས། །ཤིང་མེ་ཏོག་ལྗོན་པའི་རིགས་བྱེད་སོགས། །ངས་དཀའ་ཡང་འབད་པ་བརྒྱ་ཡིས་བྱས། །ཞེས་པའི་ཚིག་དོན་ལ་སོམས་དང་། ཁ་གསལ་བོར་བཤད་ན་སྐབས་དེར་དགེ་ཆོས་ལགས་ལ་ཨང་ཀི་པར་ཆས་ཤིག་ཡོད་ཚེ་ཁོང་གིས་ཆུ་ཚོན་རི་མོ་འདི་དག་འབྲི་ཨེ་སྲིད་སྙམ་པ་ཞིག་རེད། དགེ་ཆོས་ཀྱིས་ཨེ་འདྲ་བསམ་ནས་འབྲི་བཞིན་འབྲི་བཞིན། རང་བྱུང་བསྐྱར་མཚོན་མི་བྱེད་པའི་ལྟ་བ་བཟུང་ནས་རྩོམ་རིག་དང་ལོ་རྒྱུས་ལ་བརྟེན་མི་འོས་པའི་འབོད་སྒྲ་སྒྲོག་པའི་རི་མོའི་རིང་ལུགས་ཤིག་ལག་ཏུ་བླངས་ཟེར་ན། དགེ་ཆོས་སྨྱོན་པས་སྨྱོ་རྟགས་སྟེང་ལ་“ལྷོ་ལམ་བྱང་བགྲོད”ཀྱི་གླེན་རྟགས་ཤིག་ཀྱང་བསྟན་བཞག་པ་ལས་མ་འདས།
དྲན་སྣང་རིང་ལུགས་ནི་ནུབ་ཕྱོགས་སྣུམ་ཚོན་རི་མོའི་གྲུབ་མཐའ་ཞིག་ཡིན་པས། འདི་ལ་ད་ལྟའི་ཆར་ཆུ་ཚོན་དར་མིན་མ་ངེས་ཀྱང་ལུགས་འདི་ཤིན་ཏུ་དར་བའི་སྐབས་སུ་ནི་སྣུམ་ཚོན་ཁོ་ན་ཡིན་པར་མངོན་པས། དགེ་འདུན་ཆོས་འཕེལ་གྱི་རི་མོ་ད་ལྟ་ང་ཚོའི་མིག་ལམ་དུ་གྱུར་པ་མཐའ་དག་ཆུ་ཚོན་དང་སྐྱ་བྲིས། ཐང་ཀའི་རི་མོ། སྣག་སྨྱུག་གི་རི་མོ་བཅས་ལས་སྣུམ་ཚོན་གྱིས་བྲིས་པ་ཞིག་གཞལ་བྱའི་ཡུལ་ན་མེད་པ་དང་། བརྒྱ་ལ་དགེ་ཆོས་ཀྱིས་ནུབ་ཕྱོགས་སྣུམ་ཚོན་རི་མོའི་འབྲི་སྟངས་ཆུ་ཚོན་དུ་བཀོལ་ནས་འབྲི་བར་བྱས་ཀྱང་། དྲན་སྣང་རིང་ལུགས་ལ་སྐྱ་བྲིས་འདེབས་པའི་སྲོལ་གཏན་ནས་མེད་པར་དུས་ཡུན་ཐུང་ཐུང་ནང་ཚོན་ཁོ་ནས་འགྲུབ་དགོས་པའི་རི་མོ་འབྲི་སྟངས་ཤིག་ཡིན་ཕྱིར། དགེ་ཆོས་ཀྱི་རི་མོ་ཨང་རྟགས༢༤པ་ལ་དཔེ་གཞིའི་སྐྱ་བྲིས་ཀྱི་ཤུལ་མངོན་ཞིང་། དེ་བས་ཀྱང་རི་མོ་དེའི་གཡས་ཀྱི་མས་ཟུར་ལ་རྡོ་བ་ཆེ་ཆུང་འགའ་ཕྲེང་བསྟར་དུ་བྲིས་པའི་མཐར་ལྕགས་སྨྱུག་གིས་བཅད་རིས་མངོན་གསལ་དོད་པོར་འཐེན་ཡོད་པ་དེས་ཀྱང་ང་ནི་དྲན་སྣང་རིང་ལུགས་སུ་མི་འདུ་ཟེར་བ་དང་མཚུངས།ད་རུང་མཆོད་རྟེན་གྱི་ཆོས་འཁོར་གྱི་ཆ་སོགས་ལ་ཞིབ་ཚགས་ཀྱི་རྣམ་པ་མངོན་དྲག་པས་དྲན་སྣང་རིང་ལུགས་ཀྱི་རི་མོའི་རྩ་བའི་འབྲི་སྟངས་ལས་གཞན་དུ་སོང་ཡོད་པ་ཅུང་ཞིབ་མོར་བལྟས་ན་ཤེས་སླ་བས། དྲན་སྣང་རིང་ལུགས་སུ་ཨུ་ཚུགས་བྱས་ཀྱང་མཐའ་མི་འཁྱོལ་བ་ཞིག་ཏུ་སྣང་བ་སྟེ། རི་མོ་འདི་མགྱོགས་བྲིས་སུ་བགྱིས་པའི་རྣམ་པ་དང་ཅུང་ཟད་མོག་མོག་ཏུ་སྣང་བ་བདེན་རུང་དེ་ཙམ་གྱིས་དྲན་སྣང་རིང་ལུགས་སུ་མི་འགྲོ་ལ། དེང་རབས་རི་མོའི་ཐ་སྙད་སྦྱོར་ནུས་པ་ཞིག་ཀྱང་མ་ཡིན། དྲན་སྣང་རིང་ལུགས་ནི་གནའ་དེང་རི་མོའི་ལྟ་གྲུབ་སོ་སོར་གྱེས་སུ་འཇུག་མཁན་གྱི་གཏེ་བོ་དེ་ཡིན་པས་གང་ལ་འཐེན་ན་དེར་ཡོང་བ་ཞིག་མ་རེད།
ལྔ།
ཁོང་གི་རི་མོ་ཨང་རྟགས༢༥པ་གོདྭཝ་པའི་མཆོད་རྟེན་དང་། ཨང་རྟགས༢༦པ་སིངྒ་ལ་འོད་མའི་ཚལ་གྱི་ཀུན་དགའ་ར་བ། དེ་བཞིན་རི་མོ་ཨང་རྟགས༩པ་སྟེ། རྐང་ལག་བཙུགས་ཏེ་གནས་སྐོར་ལ་འགྲོ་བ་དང་། ཤིང་གི་ཕུར་བ་སྟོང་གི་རྩེར་ཉལ་བའི་དཀའ་ཐུབ་པ། གཞན་ཁོང་གི་རི་མོ་ཨང་རྟགས༡༠དང༡༡པ། ཨང་རྟགས༡༤པ་སོགས་ནུབ་ཕྱོགས་གནའ་སྲོལ་རི་མོའི་གྲུབ་མཐའི་ཁོངས་གཏོགས། སྣང་ཡན་རིང་ལུགས(Romanticism浪漫主义)ཀྱི་བྲིས་རྒྱུན་ཏེ། དུས་རབས༡༩དང༢༠བར་ཡོ་རོབ་གླིང་དུ་ཤུགས་ཆེན་དར་བའི་ཆུ་ཚོན་སོགས་འབྲི་ཐབས་སྣ་ཚོགས་ཤིང་ཡུལ་ལྗོངས་གཙོ་ཆེར་འབྲི་བའི་ལུགས་ཤིག་རེད། རི་མོ་ཚགས་དམ་ཞིང་ཞིབ་ཆ་དོད་པ་སྟེ། དཔེ་མཚོན་འོས་པ་ཞིག་ལ་དབྱིན་ཇིའི་རི་མོ་པ་ཝི་ལིམ་ཧ་རྗེ(William Hodges威廉·霍奇斯)ཞེས་པའི་འབྲི་སྟངས་ཡིན་པ་བསྙོན་དུ་མེད་དེ། རྡོ་ནོལ་ལོ་པེ་སིས་ཀྱང་དགེ་ཆོས་ཀྱིས་ལུགས་འདིའི་འབྲི་སྟངས་སྤྱད་ཡོད་ཚུལ་གླེང་བ་ལྟར་ཡིན་ཏེ། དགེ་ཆོས་ཀྱི་རི་མོ་དང་ཝི་ལིམ་ཧ་རྗེའི་འབྲི་སྟངས་ཀྱི་རི་མོ་གཉིས་གཤིབས་པ་ཙམ་གྱིས་དེ་གཉིས་ལུགས་གཅིག་ཡིན་པར་ངེས་ཤེས་གཏིང་ནས་སྐྱེ་ནུས་པ་ཞིག་ཏུ་སྣང་། བྲིས་རྒྱུན་འདི་ནི་ནུབ་ཕྱོགས་གནའ་སྲོལ་སྣང་ཡན་རིང་ལུགས(Romanticism浪漫主义)སུ་གཏོགས་ཤིང་། སྣང་ཡན་རིང་ལུགས་ཞེས་པའི་རི་མོའི་གྲུབ་མཐའ་འདི་ཡང་ཐོག་མར་ཧྥ་རེན་སི་ནས་བྱུང་བ་དང་། དུས་རབས་བཅོ་བརྒྱད་པའི་ཚུན་ལ་དབྱིན་ཇིའི་ཨར་ལས་འཛུག་སྐྲུན་ཁྲོད་དུ་མྱུ་གུ་འབུས་པ་ནས་བཟུང་སྟེ། ཕྱི་རོལ་ཡུལ་གྱི་ཉམས་འགྱུར་ལ་དགའ་བའམ་སྣང་ཡན་གྱི་བརྗོད་གཞི་ལ་དམིགས་པ་གཏད་ཆེ་བ་སོགས་ཀྱི་ཁྱད་ཆོས་མངོན་ཡང་། ལུགས་འདིའི་བརྩམས་ཆོས་དག་གི་ཁྱད་འཕགས་འབུར་ཐོན་གྱི་ཆ་ཆེ་ཤོས་ནི་དངོས་བྲིས་ཀྱི་ཐབས་ལམ་ལག་ཏུ་བླངས་ཏེ་གང་ཞིག་བྲིས་ན་དེ་ཉིད་མངོན་སུམ་དང་འདྲ་བ་ལ་འབད་པ་ཆེར་བྱེད་ཅིང་། རི་མོ་འབྲི་འགོད་ཁྲོད་བརྩེ་དུང་མཚོན་རྒྱུ་ཉེ་བར་ལེན་ཞིང་ཚོན་མདངས་ཀྱི་བསྡུར་བ་ཤུགས་དྲག་པས་ལུགས་འདིའི་རི་མོ་ལ་གསོན་ཉམས་ཆེན་པོ་ལྡན་པ་ཞིག་རེད།མཁས་པའི་དབང་པོ་དགེ་འདུན་ཆོས་འཕེལ་གྱིས་རི་མོའི་ལུགས་འདིའི་ཤུགས་རྐྱེན་དང་ལེན་བྱས་པའམ། ཁོང་གི་རི་མོར་ལུགས་འདིའི་ཤན་ཤུགས་ཐེབས་ཡོད་པ་མངོན་སུམ་དུ་སྣང་བར་མ་ཟད། རི་མོའི་བྲིས་རྒྱུན་འདི་རྒྱ་གར་ལ་དར་ཤུགས་ཆེ་ཙམ་བྱུང་ཚུལ་ཡང་དཔྱད་གཞིའི་ཡིག་ཆ་འགའ་ན་གསལ་བ་བཞིན་ཏེ། དུས་རབས་བཅོ་བརྒྱད་པར་རྒྱ་གར་དུ་དབྱིན་ཇིའི་ཆབ་སྲིད་གཡོ་འཕྲུལ་དང་འགྲོགས་ཏེ་རི་མོ་པ་ཝི་ལིམ་ཧ་རྗེ་སོགས་དབྱིན་ཇིའི་རི་མོ་པ་མང་པོ་རྒྱ་གར་ལ་ཡོང་ནས། དགེ་ཆོས་ནང་བཞིན་ཡུལ་དེའི་སྣོད་བཅུད་གཉིས་ཀ་རི་མོར་བྲིས་ཚུལ་འདུག་ལ། དེ་དག་གི་ཁྲོད་ན་དགེ་ཆོས་ཀྱི་རི་མོ་དང་འདྲ་བ་ཤིན་ཏུ་མང་། ད་དུང་དབྱིན་ཇིའི་ལུགས་འདིའི་རི་མོ་མཁན་ཐོ་མ་སི་ཌན་ནེལ(Thomas Daniell托马斯·丹尼尔)དང་ཁོང་གི་ཚ་བོ་ཝི་ལིམ་ཌན་ནེལ(William daniell威廉·丹尼尔)བཅས་ཀྱིས་ལུགས་འདི་རྒྱ་གར་དུ་དར་བར་བྱས་ཞེས་གྲགས། ལོ་རྒྱུས་ཀྱི་འཕེལ་རིམ་དེ་ནི་དགེ་ཆོས་ཀྱི་རི་མོ་ལ་ཐད་ཀར་འབྲེལ་ཞེས་བཤད་མི་ནུས་རུང་། ཁོང་ཅག་གི་འབྲི་སྟངས་དགེ་ཆོས་ཀྱི་རི་མོ་དང་ཤིན་ཏུ་འདྲ་ཞིང་། དགེ་ཆོས་ཀྱི་རི་མོ་དེ་དག་གི་རི་མོའི་གྲས་སུ་བཞག་ན་ཆུ་ལ་ཆུ་བཞག་ལྟ་བུར་སྣང་ལ། ཕ་ངོ་བུ་འཕྲོད་ཉིད་དུ་འགྱུར་བས་ཁོང་ཅག་གི་རི་མོའི་པར་རིས་གཤིབས་པ་ཙམ་ལས་སྒྲུབ་བྱེད་གང་ཡང་མི་དགོས་པ་མངོན་སུམ་བསྙོན་མེད་དུ་སོང་བ་འདི་ག་ལགས་སོ། །
དེ་བས་དགེ་ཆོས་ཀྱི་རི་མོ་དག་དེང་རབས་རིང་ལུགས་དང་འཆར་སྣང་རིང་ལུགས་སམ་དྲན་སྣང་རིང་ལུགས་ཀྱི་ལུགས་སུ་བཤད་པ་ནི་དགེ་ཆོས་ལ་དེང་རབས་ཀྱི་ཆོ་ལོ་སྣ་ཚོགས་སྦྱར་རྒྱུ་དགའ་དྲགས་ནས་ཅི་བྱེད་མེད་པའི་ཚད་དུ་སོང་བའམ། ཁོང་ཉིད་ནུབ་ལུགས་རི་མོར་བྱང་པ་ལ་དེང་རབས་རི་མོ་པའི་མིང་གིས་བོས་བཞག་པ་ཙམ་ལས་འདི་ལ་ཁུངས་སྐྱེལ་ནུས་པ་མི་འདུག་པས། ནུབ་ལུགས་རི་མོར་མཁས་པའི་དགེ་འདུན་ཆོས་འཕེལ་དང་། ཡང་ན་བོད་མི་ནུབ་ལུགས་རི་མོ་འབྲི་མཁན་དང་པོ་ལྟ་བུའི་མཚན་གནས་ཁོང་ལ་འཚམ་སྲིད་པ་ལས། དེང་རབས་རིང་ལུགས་ཀྱི་རི་མོ་པའི་གྲལ་མཐའ་ལ་བཞུགས་སུ་གསོལ་ན་འོས་པའི་ཚུལ་ཞིག་མི་མཇལ་ལོ། །
ད་ལྟ་ང་ཚོས་མཇལ་རྒྱུ་ཡོད་པའི་མཁས་པའི་དབང་པོ་དགེ་འདུན་ཆོས་འཕེལ་མཆོག་གི་རི་མོ་དག་ལ་ལོ་རྒྱུས་ཀྱི་རིན་ཐང་སོགས་ཕྱོགས་མང་པོ་ནས་གདེང་འཇོག་བྱེད་འོས་ཤིང་། ཁོང་དང་ཁོང་གི་གསུང་ཆོས་ཕལ་མོ་ཆེར་གུས་པ་ཚད་མེད་ཡོད་པ་བཞིན་དགེ་ཆོས་མཆོག་གི་རི་མོ་ལའང་རབ་ཏུ་དགའ་ཞིང་གུས་མོད་ཀྱང་། བྲིས་རྒྱུན་གང་དུ་གཏོགས་སོགས་ལ་དྲང་གཏམ་བཤད་དགོས་པའང་གནས་ལུགས་དང་གུས་ལུགས་གཉིས་ཀ་ཡིན་པར་གོ་བ་བླངས་ནས། ད་ལྟ་དགེ་ཆོས་ཁོང་མཚན་སྙན་ཕྱོགས་སུ་རྒྱས་བཞིན་པའི་སྒང་ཡིན་པས། ཁོང་ཉིད་སུས་ཀྱང་ཁ་ལ་ཁྱེར་ཞིང་དར་ཆ་བཞིན་འཕྱར་རྒྱུར་དགའ་བ་དང་། དངོས་བྲིས་ལ་འཇུག་པའི་གཞོན་སྐྱེས་མང་པོས་ཁོ་ཚོ་དེང་རབས་སྒྱུ་རྩལ་པ་ཡིན་ཟེར་བའི་རྒྱབ་དཔུང་ལ་དགེ་ཆོས་འདྲུད་རྒྱུ་ཨེ་ལོན་ལྟ་བ་སོགས་དང་། དགེ་ཆོས་ལ་དགའ་དད་ཆེ་དྲགས་པ་དག་གིས་གནའ་དེང་རི་མོའི་འཕེལ་རིམ་དང་ཁྱད་པར་སོགས་ལ་རྨོངས་བཞིན་དུ་དགེ་ཆོས་ཀྱི་སྟེང་ལ་ཆོ་ལོ་འོས་མིན་སྣ་ཚོགས་འདོགས་པ་འདི་རིགས་ཀྱང་ཡང་དག་པའི་ལས་སུ་མ་མཐོང་ཕྱིར། དགེ་ཆོས་ལགས་ཀྱིས། འདི་ནི་རང་བྱུང་བདེན་པའི་ཟླ་བ་སྟེ། །སྐྱོན་མེད་དུང་གི་ཁ་དོག་གསལ་བ་ལ། །ཕྱོགས་ལྷུང་ལར་རྒྱའི་རྣ་བ་རིང་བ་ཡི། །མི་སྡུག་རི་བོང་གཟུགས་དེ་ཅི་ལ་འབྲི། །གསུངས་པ་བཞིན་དྲང་པོའི་བློས་གནའ་དེང་གི་རི་མོའི་འཕེལ་རིམ་དང་ལྟ་གྲུབ་གཞིར་བཞག་ནས་དགེ་ཆོས་ཀྱི་རི་མོ་ངོ་སྤྲོད་པའི་ཟོལ་འདིའི་ངལ་བ་དང་དུ་བླངས་པའོ། །
ལར་མཁས་པའི་དབང་པོ་དགེ་འདུན་ཆོས་འཕེལ་མཆོག་གི་བསམ་བློ་དང་རྟོགས་པ། མི་ཚེའི་མྱོང་བ་སོགས་གང་ནས་གཞིགས་ཀྱང་ཁོང་གིས་བལྟས་ན་ཡིད་འཕྲོག་ཅིང་། དཔྱད་ན་དོན་ཆེ་བ། མྱོང་ན་རོ་བཅུད་སྣ་བརྒྱ་རྫོགས་པའི་བརྩམས་ཆོས་ཁྱད་དུ་འཕགས་ཤིང་ཕོན་ཆེ་བ་ཞིག་ཁོང་གིས་མི་ཡུལ་ལ་སྐྱེས་སུ་གནང་ན་ཤིན་ཏུ་འོས་ཚོད་ཡིན་པས། ཁོང་གིས་ང་ཚོར་བཞག་གནང་བའི་རི་མོ་མཐའ་དག་ལ་དཔྱད་གླེང་དང་ཉར་ཚགས། རྒྱུན་འཛིན་སོགས་བྱེད་དུ་ཡོད་པ་ནི་བསོད་ནམས་ཆེན་པོ་ཡིན་ལ། གངས་ཅན་བཟོ་རིག་སྒྱུ་རྩལ་བང་མཛོད་ནང་འོད་འཚེར་བའི་ནོར་བུ་ཁྱད་པར་བ་ཞིག་ལའང་ངོས་འཛིན་འོས། དེར་ཕྱོགས་མང་པོ་ནས་གདེང་འཇོག་ནི་ཅིས་ཀྱང་གལ་ཆེ་ལ། དེ་དང་འབྲེལ་ནས་གངས་རིའི་ལྗོངས་ཀྱི་རི་མོ་པ་དང་སྒྱུ་རྩལ་པའི་སྡེས་ཕན་ཚུན་ལ་ཤེས་བྱ་སྣ་རེའི་ལེགས་སྐྱེས་འབུལ་ནུས་ནའང་ཤིན་ཏུ་དགེའོ། །
འབྲེལ་ཡོད་འོས་སྦྱོར།