«མཚོ་བོད་མཐོ་སྒང་གི་མི་དང་རང་བྱུང་ཁམས»དང«བོན་གྱི་ལོ་རྒྱུས་ཡིག་ཚང་ཞིབ་འཇུག»ཅེས་པའི་དཔེ་དེབ་གསར་པ་འགྲེམས་སྤེལ་དང་རིག་གནས་སྤེལ་རེས་ཚོགས་འདུ་ཁྲེང་ཏུའུ་རུ་འཚོགས།
རྩོམ་པ་པོ།:
ཡོང་ཁུངས།:གངས་ལྗོངས་ཉི་གཞོན།
དུས་ཚོད།:2023-12-31
ཀློག་གྲངས།:
སྤྱི་ཟླ༡༢པའི་ཚེས༣༠ཉིན། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་ཧུར་ཐག་གིས་འཛུགས་པ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བ། ཁམས་པའི་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན། ཞིབ་འཇུག་བཅས་བྱ་ཆེད། དཀར་མཛེས་ཁུལ་ཁམས་པའི་རིག་གནས་ཞིབ་འཇུག་ཁང་གིས་གཙོ་སྒྲུབ་དང་། བྲག་འགོ་རྫོང་རྩོམ་རིག་སྒྱུ་རྩལ་དང་སྤྱི་ཚོགས་ཚན་རིག་མཉམ་འབྲེལ་ལྷན་ཚོགས་དང་ཁྲེང་ཏུའུ་གངས་རིན་པོ་ཆེ་རིག་གནས་ཁྱབ་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གཉིས་ཀྱིས་འགན་སྒྲུབ་བྱས་པའི་མཁན་པོ་ཚེ་རིང་ནོར་བུའི་གསུང་བརྩམས«མཚོ་བོད་མཐོ་སྒང་གི་མི་དང་རང་བྱུང་ཁམས»དང«བོན་གྱི་ལོ་རྒྱུས་ཡིག་ཚང་ཞིབ་འཇུག»ཅེས་པའི་དཔེ་དེབ་གསར་པ་འགྲེམས་སྤེལ་དང་རིག་གནས་སྤེལ་རེས་ཚོགས་འདུ་ཁྲེང་ཏུའུ་རུ་འཚོགས།
དེབ་གསར་འགྲེམས་སྤེལ་དང་རིག་གནས་སྤེལ་རེས་ཚོགས་འདུའི་ཐོག་རིམ་པ་ཁག་གི་འགོ་ཁྲིད་དང་བོད་ཀྱི་ཆེད་མཁས་པ། དགོན་སྡེ་དང་ཆོས་ལུགས་མཐུན་ཚོགས་ཀྱི་འཐུས་ཚབ་པ། སློབ་གྲྭ་ཆེན་མོའི་རབ་འབྱམས་ཞིབ་འཇུག་སློབ་མ་དང་འབུམ་རམས་པ། དེ་མིན་འབྲེལ་ཡོད་གསར་འགྱུར་སྡེ་ཁག་སོགས་ཀྱི་མི་བརྒྱ་ཕྲག་ལྷག་ཞུགས་ཡོད་ཅིང་། ཚོགས་ཞུགས་འགོ་ཁྲིད་དང་ཆེད་མཁས་པས་དཔེ་དེབ་གཉིས་ལ་དཔྱད་བརྗོད་དང་གདེང་འཇོག་ཚད་མཐོན་པོ་གནང་བ་དང་། རྒྱལ་ཁབ་དཔེ་མཛོད་ཁང་དང་ལྷོ་ནུབ་མི་རིགས་སློབ་ཆེན་སོགས་ལ་དཔེ་སྦྱིན་གནང་བ་རེད།
དེ་ཡང་དཔེ་དེབ་གསར་པ་འགྲེམས་སྤེལ་གྱི་མཛད་སྒོ་མཇུག་སྒྲིལ་རྗེས«མཚོ་བོད་མཐོ་སྒང་གི་མི་དང་རང་བྱུང་ཁམས»དང«བོན་གྱི་ལོ་རྒྱུས་ཡིག་ཚང་ཞིབ་འཇུག»ཅེས་པའི་དཔེ་དེབ་གཉིས་ཀྱི་ནང་དོན་དང་འབྲེལ་ནས་རིག་གནས་སྤེལ་རེས་ཚོགས་འདུ་འཚོགས་ཤིང་། ཆེད་མཁས་པ་རྣམ་པས་གསུང་བཤད་ལྷུག་པོ་གནང་།
མཁན་པོ་ཚེ་རིང་ནོར་བུས་དེབ་འདི་གཉིས་ཀྱི་ནང་དོན་ནི་བོད་ཀྱི་རིག་གནས་སྐོར་དང་ལོ་རྒྱུས་སྐོར། ཆོས་ལུགས་ཀྱི་སྐོར། མི་སྣའི་སྐོར། ལྷག་པར་དུ་ཡར་ཐོག་གི་ལོ་རྒྱུས་སྐོར་མང་པོ་བཀོད་ཡོད། འདིའི་ནང་གི་རྒྱུ་ཆ་ནི་རྒྱ་ཡིག་གི་རྒྱུ་ཆ་དང་བོད་ཡིག་གི་རྒྱུ་ཆ། གནའ་རྫས་སྐོར། དམངས་ཁྲོད་དུ་ཡོད་པའི་ཆོ་ག་དང་གཏམ་རྒྱུད་སོགས་རྒྱུ་ཆ་མང་པོ་འཚོལ་བསྡུ་བྱས་ནས་ལོ་ངོ་བཅོ་ལྔ་ཡས་མས་ཤིག་ལ་དཀའ་ལས་བརྒྱབ་པའི་གྲུབ་འབྲས་ཡིན་ཞེས་གསུངས།
རྒྱུས་ལོན་བྱུང་བ་ལྟར་ན། «མཚོ་བོད་མཐོ་སྒང་གི་མི་དང་རང་བྱུང་ཁམས»ཞེས་པའི་དཔེ་དེབ་འདི་ནི་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་རྒྱ་ཡིག་གི་པར་མ་ཞིག་ཡིན་པ་དང་། མདོ་དབུས་མཐོ་སྒང་གི་གནའ་བོའི་མི་དང་རང་བྱུང་ཁམས། བོན་གྱི་ལོ་རྒྱུས་ཡིག་རྙིང་ཁྲོད་ཀྱི་མི་སྣ་གྲགས་ཅན་ཁག་ཅིག་གི་ངོ་སྤྲོད། བོན་པོའི་རིག་གནས་དང་ས་མིང་ཞིབ་འཇུག །དུས་རབས་བཅུ་པའི་ཚུན་གྱི་བོན་གྱི་རིག་གནས། ཞང་ཞུང་སྙན་བརྒྱུད་དང་མཐོ་སྒང་གི་རིག་གནས་བཅས་ས་བཅད་ཆེན་པོ་ལྔ་རུ་ཕྱེ་ནས་བྲིས་ཡོད། «བོན་གྱི་ལོ་རྒྱུས་ཡིག་ཚང་ཞིབ་འཇུག»ནི་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པ་དང་། ཡ་ཐོག་གདོད་མའི་བོན་གྱི་ལོ་རྒྱུས་དང་བོན་གྱི་ལྷ་རབས་སྐོར་བཤད་པ། སྟོན་པ་གཤེན་རབ་དང་ཐེག་པ་རིམ་དགུའི་སྐོར། འཛམ་གླིང་མཁས་པའི་རྒྱན་དྲུག་ནས་གནམ་གྱི་ཁྲི་བདུན་སྐབས་ཀྱི་མི་སྣའི་ངོ་སྤྲོད། བོད་རྒྱལ་གྲི་གུམ་ནས་གནམ་རི་སྲོང་བཙན་བར་གྱི་བྱུང་འཕེལ། སྲོང་བཙན་ནས་དར་མ་འུ་དུམ་བཙན་བར་གྱི་བོན་པོའི་རིག་གནས། བསྟན་པ་ཕྱི་དར་སྐབས་ཀྱི་བོན་པོའི་རིག་གནས། ཨ་ཁྲིད་རྫོགས་ཆེན་དང་འབྲེལ་བའི་མི་སྣ་འགའི་ངོ་སྤྲོད་བཅས་ས་བཅད་ཆེན་པོ་བརྒྱད་དུ་ཕྱེ་ནས་བྲིས་ཡོད།
མཁན་པོ་ཚེ་རིང་ནོར་བུ་ལགས་ནི༡༩༧༠ལོར་སི་ཁྲོན་དཀར་མཛེས་ཁུལ་བྲག་འགོ་གཞི་མདའི་གཞི་རིང་ལུང་པར་སྐྱེས། ད་ལྟ་སི་ཁྲོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ལས་འཛིན་དང་སི་ཁྲོན་བོད་བརྒྱུད་ནང་བསྟན་ལས་སྒྲུབ་ཚོགས་པའི་མི་སྣ། དཀར་མཛེས་ཁུལ་བོད་རིག་པའི་ཞིབ་འཇུག་ཁང་གི་རྒྱུན་ལས་ལས་འཛིན། དཀར་མཛེས་ཁུལ་མི་རིགས་ནང་བསྟན་རིག་གནས་ཞིབ་འཇུག་ལྟེ་གནས་ཀྱི་ཆེད་ལས་པ། བྲག་འགོ་རྫོང་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། བྲག་འགོ་རྫོང་ནང་བསྟན་མི་རིགས་རིག་གནས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་བཅས་ཡིན། ༢༠༠༥ལོར་མི་རིགས་དཔེ་སྐྲུན་ཁང་ནས«ཞང་བོད་ཡ་ཐོག་ཤེས་རིག་ཞིབ་འཇུག་ལས་འཕྲོས་པའི་གཏམ»ཞེས་པ་པར་སྐྲུན་བྱས་པ་དང་། ༢༠༡༢ལོ་ནས༢༠༡༧ལོའི་བར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་རྒྱ་ཡིག་གི་དེབ«རང་ངོ་མཐོང་བ» «གྲྭ་བཙུན་གྱི་ཟིན་ཐོ»དང་། མཚོ་སྔོན་མི་དམངས་དཔེ་སྐྲུན་ཁང་ནས་རྒྱ་ཡིག་གི་དེབ«བོད་ཀྱི་བླ་མ་ཞིག་གི་གཏམ་རྒྱུད» «རང་དང་གླེང་མོལ་བྱེད་པ» «བོན་ངོས་འཛིན»བཅས་པར་སྐྲུན་བྱས།
འབྲེལ་ཡོད་འོས་སྦྱོར།