བོད་ཡིག་ཡིག་གཟུགས་ཀྱི་བྲིས་རྩལ་སྐོར་གྱི་བསམ་གཞིགས།
རྩོམ་པ་པོ།:རྟ་མགྲིན་མགོན་པོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2024-03-25
ཀློག་གྲངས།:
བོད་ཡིག་ཡིག་གཟུགས་ཀྱི་བྲིས་རྩལ་ཚད་རིམ་གཏན་ཁེལ་སྐོར་གྱི་ཐོག་མའི་བསམ་གཞིགས།
རྟ་མགྲིན་མགོན་པོ།
ཐུ་མིའི་ཡིག་སྲོལ་གསེར་གྱི་སོན་བཟང་ལས། །
ལེགས་བྲིས་ལྗོན་པའི་འདབ་བརྒྱ་གྲོལ་བ་ཡིས། །
འགྲོ་བའི་གདུང་བ་སེལ་བའི་གསེར་སྐྱེམས་བཞིན། །
གངས་རིའི་ཞིང་མཆོག་རྒྱས་པའི་དཔལ་དུ་སྨིན། །
ཡིག་གཟུགས་འབྲི་སྦྱོང་བཟོ་ཡི་བྱེ་བྲག་པ། །
ཤེས་བརྩོན་ལམ་བཟང་མ་ནོར་ཉེར་ལེན་པའི། །
བྲིས་རྩལ་འབྲས་ལྡན་རྒྱས་པའི་སྡོངས་གྲོགས་སུ། །
དགེ་ལེགས་འབྲས་བུ་སྩོལ་བའི་ཐབས་ལ་འབད། །
ཅེས་ཚིགས་སུ་བཅད་པས་མདུན་བསུས་ཏེ་འདིར་བརྗོད་པར་བྱ་བ་ནི་བྲིས་རྩལ་ཚད་རིམ་ཞེས་པ་དེ་ཡིན། དེ་ནི་སྤྱིར་བཏང་གི་ཡིག་འབྲི་ཙམ་མ་ཡིན་པར་འབྲི་བ་བོ་གང་ཟག་ལ་དམིགས་བསལ་དུ་ལྡན་པའི་སོར་མོའི་འདེགས་འཇོག་གི་རྩལ་ཏེ། ཡི་གེའི་ཆེ་ཆུང་དང་། ལྕི་ཡང་། དམ་ལྷོད། འཇམ་མཉེན་སོགས་ལི་ཁམས་འཛར་གསུམ་ལ་ལྡན་དགོས་པའི་ཁྱད་ཆོས་དང་། ཁྱད་པར་དག་སྙོམས་མཛེས་གསུམ་དང་། ལེགས་མགྱོགས་འགྲིག་གསུམ་སོགས་བྲིས་ཀྱི་འཇོན་ཐང་ཁྱད་པར་ཅན་དེ་ལ་གོ་བ་མ་ཟད། འཇོན་ཐང་མཐོ་དམན་དང་བྲིས་ཀྱི་རྩལ་མཐོ་དམའ་ནི་ཡི་གེ་བྲི་བའི་སྐབས་སུ་འབྲི་བ་བོས་བྲི་བྱའི་ནང་དོན་གང་ཡིན་པ་དེ་འབྲི་བྱེད་ཅི་རིགས་ལ་བརྟེན་ནས་འབྲི་གཞི་གང་ཡིན་པ་དེ་ལ་ཡུལ་དུས་གནས་སྐབས་ཀྱི་ཆ་རྐྱེན་གང་ལ་གང་འཚམ་མམ་བབ་བསྟུན་གྱི་སྒོ་ནས་སོར་མོའི་འདུ་བྱེད་ལས་ཐོན་པའི་རྩལ་གྱི་མཐོ་དམའ་ལས་དབྱེ་བ་འབྱེད་པ་ཡིན་པས། བྲིས་རྩལ་མཐོ་དམན་གྱི་ཚད་རིམ་ཅི་ཙམ་དགར་བ་དང་། ཚད་རིམ་སོ་སོའི་བསླབ་གཞིའི་ནང་དོན་དང་། བསླབ་སྦྱང་གི་གོ་རིམ། བསླབ་ཡུན་གྱི་དུས་ཚོད་སོགས་སྲོལ་རྒྱུན་དང་གསར་གཏོད་གཉིས་ལྡན་གྱི་སྒོ་ནས་གཏན་འཁེལ་བྱ་དགོས། དེ་ལྟ་བུའི་ཚད་གཞི་ཞིག་གཏན་ཁེལ་བྱེད་པའི་དམིགས་ཡུལ་ནི། རྒྱུད་ལྡན་བོད་ཀྱི་ཡིག་གཟུགས་རིག་གནས་འཛིན་སྐྱོང་སྤེལ་གསུམ་ལ་སྲོལ་རྒྱུན་གྱི་བསླབ་སྦྱང་གོ་རིམ་རྒྱུད་འཛིན་དང་། བྲིས་རྩལ་མཐོར་འདེགས་གཏོང་བའི་ཐབས་ལམ་ཡང་དག་ཤོས་དེ་རྒྱུན་འཁྱོངས་བྱེད་པར་མཛུབ་སྟོན་ནམ་སྐུལ་འདེད་གཏོང་བ། སྲོལ་རྒྱུན་ཡིག་རྩལ་རྒྱུད་འཛིན་དང་བྲིས་རྩལ་གྱི་མཛེས་དཔྱོད་སྦྱོང་གསོ་སྐྱོང་བྱས་ནས་བོད་ཀྱི་ཡིག་གཟུགས་རིག་གནས་དར་སྤེལ་གཏོང་རྒྱུ་དེ་ཡིན། སྐབས་སུ་བབས་པའི་གླེང་གཞི་འདི་སྦྱོར་དངོས་རྗེས་གསུམ་གྱི་སྒོ་ནས་བྲི་བ་ལ་དང་པོ་ཐ་སྙད་གཅིག་གྱུར་དང་བོད་ཡིག་ཡིག་གཟུགས་ཀྱི་བྲིས་རྩལ་ཚད་རིམ་གཏན་ཁེལ་གྱི་དགེ་མཚན་བརྗོད་པ་སྦྱོར་བ་ཀླད་ཀྱི་དོན་དང་། གཉིས་སུ་བྲིས་རྩལ་ཚད་རིམ་ཇི་ལྟར་དགར་ཚུལ་དང་ཚད་རིམ་སོ་སོའི་བསླབ་སྦྱང་གི་གོ་རིམ། བསླབ་གཞིའི་ནང་དོན། བསླབ་ཡུན་དུས་ཚོད་སོགས་ཁ་གསལ་དུ་བརྗོད་པ་དངོས་གཞིའི་ནང་དོན་དང་། གསུམ་པ་ཞར་བྱུང་མིང་གི་རྣམ་གྲངས་སོགས་བསྟན་པ་སྟེ་མཇུག་གི་དོན་དང་གསུམ་མོ། །ལེགས་བྲིས་ལྗོན་པའི་འདབ་བརྒྱ་གྲོལ་བ་ཡིས། །
འགྲོ་བའི་གདུང་བ་སེལ་བའི་གསེར་སྐྱེམས་བཞིན། །
གངས་རིའི་ཞིང་མཆོག་རྒྱས་པའི་དཔལ་དུ་སྨིན། །
ཡིག་གཟུགས་འབྲི་སྦྱོང་བཟོ་ཡི་བྱེ་བྲག་པ། །
ཤེས་བརྩོན་ལམ་བཟང་མ་ནོར་ཉེར་ལེན་པའི། །
བྲིས་རྩལ་འབྲས་ལྡན་རྒྱས་པའི་སྡོངས་གྲོགས་སུ། །
དགེ་ལེགས་འབྲས་བུ་སྩོལ་བའི་ཐབས་ལ་འབད། །
དང་པོ། ཐ་སྙད་གཅིག་གྱུར་དང་བོད་ཡིག་ཡིག་གཟུགས་ཀྱི་བྲིས་རྩལ་ཚད་རིམ་གཏན་ཁེལ་གྱི་དགེ་མཚན་བརྗོད་པ།
༡.ཐ་སྙད་གཅིག་གྱུར། གཤམ་ནས་བོད་ཀྱི་ཡིག་གཟུགས་ཚད་རིམ་དུ་བརྗོད་པའི་མིང་ལ་དབུ་ཅན་དང་། ཚུགས་རིང་། ཚུགས་ཐུང་། ཚུགས་ཆུང་། འཁྱུག་མ་ཚུགས། འཁྱུག འཁྱུག་ཆེན། འབྲུ་ཚ། ལཉྫ། ཝརྟུ་སོགས་ཡིག་གཟུགས་རིགས་བཅུ་ནི་བྲིས་རྩལ་ཚད་རིམ་གྱི་ནང་དོན་གཙོ་བོར་གྱུར་ཡོད་ནའང་མདོ་དབུས་ཁམས་གསུམ་དུ་མིང་གི་འབོད་ལུགས་མི་འདྲ་བ་སྣ་ཚོགས་སུ་ཡོད་པས་ཐ་སྙད་རྣམས་གཅིག་གྱུར་གྱི་སྒོ་ནས་འཆད་པར་བྱ་སྟེ། དང་པོ། དབུས་དང་། གཙང་དང་། ཁམས་གསུམ་གྱིས་ཚུགས་རིང་དུ་འབོད་པ་ལ་ཨ་མདོ་བས་སུག་རིང་དུ་འབོད་པ་རྩོམ་འདིར་ཚུགས་རིང་དུ་འབྲི། གཉིས་པ། དབུས་གཙང་ཁམས་གསུམ་གྱི་ཚུགས་ཐུང་དང་ཨ་མདོའི་སུག་ཐུང་ལ་འདིར་ཚུགས་ཐུང་ལྟར་འབྲི། གསུམ་པ་དབུས་དང་ཨ་མདོའི་ཚུགས་ཆུང་དང་། གཙང་བཀྲ་ཤིས་ལྷུན་པོའི་ཚུགས་ཆུང་ངམ་ཚུགས་མ་ཐིག་གཉིས་རྣམས་ལ་འདིར་ཚུགས་ཆུང་ལྟར་འབྲི། བཞི་པ། དབུས་ཀྱི་ཚུགས་མ་འཁྱུག་དང་ཨ་མདོའི་རྒྱུགས་བྲིས་དང་། གཙང་གི་ཚུགས་མ་ཐིག་གཅིག་རྣམས་ལ་འདིར་ཚུགས་མ་འཁྱུག་ཏུ་འབྲི། ལྔ་པ། དབུས་གཙང་གི་འཁྱུག་དང་། ཨ་མདོའི་འཁྱུག་བྲིས་ལ་འདིར་འཁྱུག་ཏུ་འབྲི། དྲུག་པ། དབུས་ཀྱི་འཁྱུག་ཆེན་དང༼འཕྲིན་ཡིག འདྲེན་ཡིག༽། གཙང་གི་འདྲེན་ཡིག་དང་། ཨ་མདོའི་འཁྱུག་ཡིག་ལྕགས་ཐག་མ་རྣམས་ལ་འདིར་འཁྱུག་ཆེན་དུ་འབྲི། བདུན་པ། དབུས་གཙང་ཨ་མདོ་གསུམ་གྱི་དཔེ་ཚུགས་དང་མགོ་ལོག་སོགས་ཀྱི་སྡེར་ནང་ས་བྲིས་ལ་འདིར་དཔེ་ཚུགས་སུ་འབྲི། བརྒྱད་པ། མདོ་དབུས་ཁམས་གསུམ་གྱི་འབྲུ་ཚ་རྣམས་ལ་འདིར་འབྲུ་ཚ་རུ་འབྲི། དགུ་པ། ལཉྫ་དང་ཝརྟུ་སོགས་དེ་བཞིན་དུ་འབྲི་བ་བཅས་འདིར་གཅིག་གྱུར་དུ་གླེང་དགོས་པ་ནི་བརྩམས་ཆོས་འདི་ཀློག་པའི་མགོ་ཉོག་དང་འཁྲུལ་བ་སེལ་བའི་ཕྱིར་རོ། །
༢.བྲིས་རྩལ་ཚད་རིམ་གཏན་ཁེལ་གྱི་དགེ་མཚན། བོད་ལ་དུས་རབས་བདུན་པའི་སྐབས་སུ་སློབ་དཔོན་ཐོན་མི་སམ་བྷོ་ཊས་བོད་ཡིག་གསར་བཟོ་བྱས་པ་ནས་བཟུང་བོད་ཐུན་མོང་གིས་སྤྱོད་པའི་ཡིག་གཟུགས་བྱུང་བ་དང་། ཕྱིས་སུ་རིམ་བྱུང་གི་མཁས་དབང་དང་ཡིག་མཁན་རྣམ་པས་རང་གི་བློ་གྲོས་དང་སྦྱང་བརྩོན་ལ་བརྟེན་ནས་བྲིས་ལག་བྱང་ལ་སོང་ནས་དར་རྒྱས་བཏང་བ་དང་མཉམ་དུ་རིམ་བཞིན་བྲིས་རྒྱུན་མི་འདྲ་བ་བྱུང་ལ། བྲིས་རྒྱུན་དེ་དག་ལ་སོ་སོའི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་མཛེས་དཔྱོད་ཆགས་ཤིང་དེར་མཐུན་པའི་ཡིག་གཟུགས་ཀྱི་མཛེས་ཉམས་ཁྱད་པར་ཅན་ཐོན་པའི་འཇོན་ནུས་དེ་ལ་བྲིས་ཀྱི་རྩལ་ལམ་བྲིས་རྩལ་གོང་ནས་བརྗོད་ཟིན་པ་ལྟར་ཡིན། བྲིས་རྩལ་དེ་ལྡན་མཁན་ལ་བྲིས་རྩལ་པ། བྲིས་རྩལ་བ། ཡིག་མཁན[1]སོགས་སུ་བརྗོད་ན་འཚམ་ལ། ང་ཚོས་དེང་ཕྱིན་ཡིག་གཟུགས་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་བྱ་རིམ་ཁྲོད་བྲིས་པ་རྣམས་ཀྱིས་རང་རང་གི་བྲིས་རྩལ་ཆུ་ཚད་ག་འདྲ་ཞིག་ཏུ་སླེབ་ཡོད་མེད་དང་། བྲིས་རྩལ་གྱི་ཆུ་ཚད་མཐོ་དམན་ལ་ཤན་འབྱེད་བྱེད་པའི་སྐབས་སུ་དཔེར་ན་ང་ཚོས་མི་ཞིག་གི་རྒྱུད་ཀྱི་ཡོན་ཚད་མཚོན་པ་ལ་སློབ་ཆུང་། སློབ་འབྲིང་། མཐོ་འབྲིང་། སློབ་ཆེན་དང་དངོས་གཞི། ཞིབ་འཇུག་སློབ་མ་ལྟ་བུའི་མིང་གིས་བོས་ན་ཉན་པ་པོའི་ཡིད་ལ་དེ་མ་ཐག་མི་དེའི་སྤྱིའི་ཡོན་ཚད་ག་ཙམ་ཡིན་པ་གསལ་ལེར་འཆར་ཐུབ་པ་བཞིན། ཡིག་མཁན་རྣམས་ལ་ཡང་གོ་རིམ་གསལ་བའི་བྲིས་རྩལ་ཐོབ་ཐང་མཚོན་བྱེད་ཀྱི་མིང་དང་དེའི་ཚད་གཞི་ཞིག་ཅིས་ཀྱང་དགོས་པ་མ་ཟད། དེ་འདྲའི་ཚད་རིམ་ལ་སོ་སོའི་མིང་དང་། བསླབ་གཞི་དང་བསླབ་ཡུན་དུས་ཚོད་སོགས་ཀྱང་མ་ལག་ཚང་བའི་སྒྲིག་གཞི་ཞིག་ཡོད་དགོས་པའི་རེ་བ་ཉིན་རེ་བཞིན་ཇེ་ཆེར་འགྲོ་བཞིན་པའི་དོན་དངོས་ཁྲོད། དེ་ལྟ་བུའི་བྲིས་རྩལ་ཚད་རིམ་གཏན་འཁེལ་བྱ་རྒྱུ་ནི་ཕྱི་རབས་ཡིག་གཟུགས་པ་རྣམས་མུ་མཐུད་དུ་གོ་རིམ་ལྡན་པའི་སློབ་སྦྱོང་གི་ལས་ལ་བསྐུལ་བ་དང་། ཡིག་གཟུགས་ཀྱི་མཛེས་དཔྱོད་བློ་སྦྱོང་གསོ་སྐྱོང་བྱེད་པ། བསླབ་སྦྱང་ལ་གོ་རིམ་ལྡན་པ། ལོག་ལམ་ལ་མི་འགྲོ་བའི་ཁག་ཐེག་ཡོང་ཐུབ་པ་སོགས་ཀྱི་སྒོ་ནས་ཡིག་གཟུགས་རིག་གནས་འཛིན་སྐྱོང་སྤེལ་གསུམ་གཏོང་བར་གཞོགས་འདེགས་དང་ཁྲིད་སྟོན་བྱ་རྒྱུ་ནི་ཚད་གཞི་གཏན་འཁེལ་གྱི་དམིགས་བྱའི་ཡང་སྙིང་དུ་འདོད།
ཚད་གཞི་འདི་འདྲ་ཞིག་མེད་ན་རྒྱུད་ལྡན་བྲིས་དང་དེའི་དམིགས་བསལ་གྱི་བསླབ་སྦྱང་ཕྱག་ལེན་རྣམས་རྒྱུད་འཛིན་མི་བྱེད་པར་རང་གི་མྱོང་གོམས་དང་བག་ཆགས། དགའ་ཕྱོགས་ཁོ་ནའི་རྗེས་སུ་འབྲངས་ནས་ཡིག་གཟུགས་སློབ་སྦྱོང་ལ་ཞུགས་ཚེ། རོང་ཐ་དམ་ཆོས་རྒྱ་མཚོས་རྣམ་བཞག་གནའ་དུས་མཁས་པའི་ལམ་སྲོལ་ལ། །མི་བརྟེན་ལག་པའི་ཟློས་གར་བསྒྱུར་བ་ཙམ། །བྱིས་པའི་ཐལ་མོའི་སྤུན་ཟླ་ལས་ཅི་ཞིག །ཅེས་གསུངས་བ་ནང་བཞིན་ཡིན་ལ། བྲིས་རྒྱུན་སྣ་ཚོགས་མཉམ་བསྲེས་བྱེད་པ་དང་བྲིས་རྒྱུན་སོ་སོའི་དམིགས་བསལ་གྱི་འབྲི་ལུགས་བོར་ནས་གང་འདོད་དུ་འབྲི་བའམ། རང་རང་ལ་འབྲི་ལུགས་རེ་དང་འགྲོ་ལུགས་རེ་བྱུང་སྟེ་ཡིག་གཟུགས་ཀྱི་རྣམ་གྲངས་ནམ་མཁའི་སྐར་ཚོགས་ཀྱི་རྗེས་སུ་འགྲོ་བ་དང་། རིམ་བཞིན་ཡིག་གཟུགས་སྒྱུ་རྩལ་འདིའང་གཞུང་ལུགས་ཀྱི་སྲོག་ཤིང་བོར་བའི་རང་སྣང་གང་ཤར་དང་། འཕྲུལ་སྣང་ཡ་མ་བརླ། སྨྱོན་པའི་རྣམ་རྟོག་ལྟ་བུའི་རི་མོའི་ཟློས་གར་ཁོ་ན་ཞིག་ཏུ་འགྱུར་ཉེན་ཆེ་བར་སྙམ།
འདི་ལྟ་བུའི་དགེ་སྐྱོན་མདོར་བསྡུས་ཙམ་ལ་གཞིགས་ནའང་། ཚད་གཞི་ཡག་པོ་ཞིག་སྤྱི་བྱེ་བྲག་གི་སྒོ་ནས་དམིགས་སུ་བཀར་ཞིང་ལོགས་སུ་མ་བཀོད་ཚེ་གསར་སློབ་མང་དག་ཅིག་ལ་ཡང་དག་པའི་མཛུབ་སྟོན་དང་ངེས་ཤེས་འབྱུང་དཀའ་བས་ཡིག་ཚོགས་ལ་མ་འཛེམས་པར་བཀོད་པ་ཡིན།
གཉིས། བྲིས་རྩལ་ཚད་རིམ་ཇི་ལྟར་དགར་ཚུལ་དང་། མིང་གི་འདོགས་ཚུལ། བསླབ་སྦྱང་གི་མགོ་ཚུགས་ས་དང་གོ་རིམ། རིམ་པ་སོ་སོའི་བསླབ་གཞིའི་ནང་དོན། ཚད་རིམ་སོ་སོའི་དམིགས་ཚད་དང་བསླབ་ཡུན་གྱི་དུས་ཚོད།
༡.བྲིས་རྩལ་ཚད་རིམ་ཇི་ལྟར་དགར་ཚུལ། བྲིས་རྩལ་ཚད་རིམ་དགར་ཚུལ་གྱི་གཞི་དང་ཁུངས་གང་ལ་བཅོལ་དགོས་ཟེར་ན། དེ་ནི་བོད་རང་གི་ཡིག་གཟུགས་ཀྱི་གཞུང་ལུགས་དང་བསྟན་བཅོས་དང་། དམ་པ་གོང་མའི་གསུང་རྒྱུན། ཡིག་གཟུགས་སོ་སོའི་ཐུན་མོང་མ་ཡིན་པའི་བྲིས་རྒྱུན་མན་ངག་དག་ལ་གཞི་བཅོལ་དགོས་པ་ནི་སྨྲས་མ་དགོས། དེ་དག་གི་སྐོར་ལ་ཐོག་མར་ཁྱུང་བོ་གཡུ་ཁྲིས་ཡི་གེ་སྤྲུལ་བའི་སྐུ་ཡིན་ལ། །དེ་བཞིན་གཤེགས་པའི་གསུང་རྟེན་དང་། །སངས་རྒྱས་རྣམས་ཀྱི་ཐུགས་ཡིན་ཕྱིན། །བཟོ་རིགས་ཀུན་ལས་ཁྱད་དུ་འཕགས། །ཞེས་གསུངས་པས་ཡི་གེའི་ངོ་བོ་བླ་ན་མེད་པར་བསྟན་པ་དང་། གཞན་ཀུན་གཞི་ཤོག་གུ་གཏན་ལ་ཕབ། །ཁ་ཐིག་དང་ནི་གཞུང་ཐིག་གཉིས་ཞེས་པ་ལས་ཐིག་ལ་འདྲེན་པའི་སྲོལ་ནི་སྔ་མོ་ནས་བྱུང་ཡོད་པ་མ་ཟད། དྲུང་ཡིག་སྨོན་ལམ་རྒྱ་མཚོ་ལགས་ཀྱི་ཡིག་གཟུགས་བློ་གསལ་སྤྱི་ནོར་གྱི་མཆོད་བརྗོད་དུ་གཡུ་ཁྲིས་ཆ་ཚད་ཐིག་ཁོངས་སུ་འབྲི་བའི་སྲོལ་ཕྱེས་པ་ཞེས་གསུངས་པ་ལས་ཡི་གེ་ཆ་ཚད་དུ་ཐིག་ཁུངས་སུ་དྲངས་ནས་ཡི་གེ་ལ་ཆ་ཆེན་དང་ཆ་ཆུང་དུ་དབྱེ་བར་བསྟན་པ། ཞལ་ལྕེ་བོན་གྲོང་པའི་ཆབ་ཤོག་ནང་དང་པོར་མཁས་པའི་སློབ་དཔོན་བསྟེན་པ་དང་། །བར་དུ་རིག་པའི་འཕྲང་ལ་ཤར་བ་དང་། །མཐའ་མར་ལག་ལེན་བརྩོན་འགྲུས་བསྐྱེད་པར་གནང་། །ཞེས་གསུངས་པ་ལས་རྒྱུད་ལྡན་བྲིས་ལ་མཁས་པའི་སློབ་དཔོན་ཚད་ལྡན་བསྟེན་དགོས་པ། སྦྱོང་བ་བོའི་རིག་སྟོབས་དང་། བརྩོན་པ་དག་ལ་གནས་ནས་སྦྱང་དགོས་པར་བསྟན་པ། དེ་ཡང་ཐོག་མར་ཐིག་ལ་རུས་པ་དང་། །བར་དུ་རུས་ལ་ཤ་ཉམས་འདོན་པ་དང་། །མཐའ་མར་ཤ་ལ་མཛེས་ཉམས་བསླབ་པ་སོགས། །ཞེས་གསུངས་པ་རྣམས་དང་། གཞན་ཡང་སྨྱུ་གུའི་བསྟན་བཅོས་དང་དམ་པ་གོང་མའི་གསུང་རྒྱུན་དུ་ཡི་གེ་བཟོ་མཁན་ཚད་ལྡན་ཞེས་པ་དེ་ནི། ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ། དགེ་བ་ལ་དཀར་ཞིང་སྡིག་པ་ལ་འཛེམས་པ། སྣོད་དང་ལྡན་ཞིང་སྤང་བླངས་འཇུག་ལྡོག་ཤེས་པ། སྐྱེ་བ་སྔ་མ་ཇོ་བོ་ཨ་མོ་གྷའི་སྨོན་ལམ་ཐེབས་པ་གཅིག་གིས་འབྲི་དགོས་པ་ཡིན་ནོ་ཞེས་གསུངས་བ་ལས་ཡིག་མཁན་ཚད་ལྡན་ལ་གནའ་སྔ་མོ་ནས་ཚད་གཞི་མཐོན་པོ་ཡོད་པ་ལྟར་དང་། སློབ་སྦྱོང་གི་དུས་ཚོད་ཡང་དམངས་ཁྲོད་ངག་རྒྱུན་དུ་ཡང་ལྷ་རབ་ལོ་གསུམ། བྲིས་རབ་ལོ་དྲུག་ཅེས་པའི་བཤད་རྒྱུན་སོགས་ལས་འབྲི་བ་པོ་ནི་རིག་པ་དང་ལག་ཤེས་ཆེས་རྟུལ་བོ་ཡིན་ནའང་ཡིག་གཟུགས་རིགས་གཅིག་ལོ་དྲུག་ལ་ཡག་པོ་ཡོང་ཐུབ་པར་གོ་ཐུབ་པ་མ་ཟད། སྔ་མ་སྔ་མ་ཡུན་རིང་སྦྱང་ནས་ལེགས་པོ་བྱུང་ན་ཕྱི་མ་ཕྱི་མ་སྦྱང་བདེ་བར་ཕན་པ་དང་། འབྲས་བུ་ཐོབ་སླ་བའི་ལོ་རྒྱུས་ཀྱི་ཉམས་མྱོང་སོགས་དང་། དམ་པ་གོང་མ་རྣམས་ཀྱིས་ཡིག་གཟུགས་སྦྱོང་བ་ལ་ཐོག་མཐའ་བར་གསུམ་དུ་ཆེ་བ་ནས་ཆུང་བ་དང་། སྲ་བ་ནས་སྙི་བ། ལྕི་བ་ནས་ཡང་བ། དལ་བ་ནས་མགྱོགས་པའི་གོ་རིམ་བཞིན་སྦྱོང་བ[2]དང་། མཁས་དབང་ཚེ་ཏན་ཞབས་དྲུང་ལགས་ནས་འཁྱུག་ལ་བྱང་ན་ཡིག་རྩལ་རྫོགས་པའི་རྟགས་ཡིན་ཅེས་གསུང་བ་ལྟར་ན་འཁྱུག་ནི་ཡིག་རྩལ་གྱི་ཁོ་ལག་རྫོགས་པའི་རྟགས་མཚན་ཞིག་ཏུ་འཇོག་པའི་ངེས་ཤེས་རྙེད་པ། གཞན་ཀ་ཁ་ལོ་གསུམ་ཟེར་བ་ལ་གཞིགས་ན་ཐོག་མར་བྲིས་གཟུགས་གང་སྦྱང་ནའང་རྨང་གཞིར་གྱུར་བའི་ཀ་ཁ་ལ་ཞིབ་ཏུ་སྦྱང་བ་བྱས་ནས་དཔྱིས་ཕྱིན་པར་སོང་རྗེས་ད་གཟོད་ཚིག་གི་ཕྲེང་བ་སྤེལ་རྒྱུ་ནི་རྩ་བ་བརྟན་པོ་ཡོང་བའི་ཆེད་དུ་ཡིན་པར་གསུངས་པ། དེ་མིན་མཁས་དབང་རྣམས་ཀྱིས་ལི་ཁམས་འཛར་གསུམ་དང་། རྐྱང་མང་ཕེར་གསུམ་དང་། དག་སྙོམས་མཛེས་གསུམ། སྙོམས་གཙང་འགྲིག་གསུམ། ལེགས་མགྱོགས་དག་གསུམ་སོགས་ཀྱི་ཕྱག་ལེན་དང་། གཞུང་ཚིག་རྣམས་སུ་འདུས་པའི་ཐིག་རིས་དང་ཐིག་འགྲེལ། ཐུན་མོང་མ་ཡིན་པའི་གསུང་གི་རྟེན་བཞེང་ཚུལ། ཡིག་མཁན་གཅེས་ནོར་བཅུ་དྲུག་གི་བཟོ་རྩལ་སོགས་ལ་སྒོ་ཀུན་ནས་འབྲེལ་ཏེ་གཞིགས་ན་བོད་ཀྱི་བྲིས་རྩལ་ཚད་རིམ་ལ་རིགས་མི་འདྲ་བ་ངེས་ཅན་ཞིག་དགར་དགོས་པའི་ངེས་ཤེས་ངང་གིས་བསྐྱེད་ཡོང་། ཡིན་ནའང་བྲིས་རྩལ་ཚད་རིམ་ལ་རིགས་ག་ཚོད་དགར་རྒྱུའི་ཐད་ངེས་པར་དུ་ཁ་གསལ་ལ་དོན་འདུ་བ། སྤྱོད་བདེ་བ་སོགས་ཀྱི་ཁྱད་ཆོས་ལྡན་དགོས་པའི་དབང་གིས་བྲིས་རྩལ་ཚད་རིམ་ལ་སྡེ་ཚན་ཆེ་བ་བཞི་དང་། བྱེ་བྲག་གི་དབྱེ་བ་གསུམ་རེ་བཅས་སྡོམ་པས་དབྱེ་བ་བཅུ་གཉིས་སུ་དགར་བའི་དགོས་པ་མངོན་དུ་གྱུར་ཡོད། རྒྱུ་མཚན་གང་ལགས་ཤེ་ན། ཡི་གེ་ནི་བཟོ་རིག་པའི་ཡ་ཀྱལ་དང་། ཡིག་གཟུགས་ནི་ཡི་གེ་མཚོན་བྱེད་དུ་གྱུར་བའི་གཟུགས་ཀྱི་རྣམ་པ་དེ་ཡིན་པས། གཟུགས་ལ་གཟུགས་ཀྱི་འབྱུང་བ་བཞི་དང་ལྡན་པ། ཐིག་ལ་ས་ཆུ་མེ་རླུང་བཞིའི་ཐིག་གི་དབྱེ་བ་འབྱེད་སྲོལ་སོགས་ཡོད་སྟབས་དེ་བཞིན་དུ་བྲིས་རྩལ་ཚད་རིམ་ལའང་རྩ་བའི་དབྱེ་བ་བཞི་རུ་དགར་ན་མ་འཐུས་པ་མེད་པར་མ་ཟད། གོ་སླ་བ། སྤྱོད་བདེ་ལ་ཁ་གསལ་ཞིང་སྤྱི་ཁོག་ཚགས་དམ་པ་སོགས་ཀྱི་ཁྱད་ཆོས་མངོན་པར་ཚང་བས་དེ་ལྟར་དགར་ན་སྙམ།
༢.མིང་གི་འདོགས་ཚུལ། དེ་ཡང་ཇི་སྐད་དུ། མིང་དུ་གདགས་པར་མ་གྱུར་ན། །འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར། །དེའི་ཕྱིར་རྨོངས་པ་བསལ་བའི་ཕྱིར། །མགོན་པོས་མིང་དུ་གདགས་པར་མཛད། །ཅེས་གསུངས་པ་བཞིན་རིམ་པ་དེ་དག་གི་མིང་འདོགས་ཚུལ་ཧ་ཅང་གལ་ཆེ་བས་ཡུན་རིང་ཞིབ་འཇུག་དང་དཔྱད་བསྡུར་བྱས་པ་བརྒྱུད་བོད་ཀྱི་མིང་འདོགས་ཆོས་ཉིད་གཞིར་བཟུང་ནས་ཚད་རིམ་བཞི་ལ་གོ་རིམ་བཞིན་ཀ་རིམ། འཕེལ་རིམ། གྲུབ་རིམ། རྫོགས་རིམ་བཅས་བཞི་རུ་བཏགས་པ་མ་ཟད། སྤྱོད་ཡུལ་མི་འདྲ་བ་དང་དགོས་མཁོ་མི་འདྲ་བའི་དབང་གིས་དམའ་རིམ། འབྲིང་རིམ། མཐོ་རིམ། ཆེད་མཁས་ཏེ་དོན་གཅིག་མིང་གི་རྣམས་གྲངས་བཞི། གཞན་བྲིས་རྩལ་ཞིབ་ཏུ་མཚོན་པའི་ཕྱིར་དུ་དེ་དག་རེ་རེ་ལ་བྱེ་བྲག་གི་དབྱེ་བ་གསུམ་གསུམ་བྱས་པའི་ཡན་ལག་གི་དབྱེ་བ་བཅུ་གཉིས་ཀྱི་བདག་ཉིད་ཅན་དུ་དགར་ཆོག་པར་སྙམ། སོ་སོ་གང་ལགས་ཤེ་ན། ཀ་རིམ་ལ་ཀ་རིམ་དང་པོ་དང་། གཉིས་པ། གསུམ་པ་གསུམ་དང་། འཕེལ་རིམ་ལ་འཕེལ་རིམ་དང་པོ་དང་། གཉིས་པ། གསུམ་པ་གསུམ། གྲུབ་རིམ་ལ་གྲུབ་རིམ་དང་པོ་དང་གཉིས་པ། གསུམ་པ་བཅས་གསུམ་དང་། མཐར་ཐུག་རྫོགས་པའི་རིམ་པ་ལ་རྫོགས་རིམ་དང་པོ་དང་གཉིས་པ། གསུམ་པ་གསུམ་བཅས་བྱེ་བྲག་གི་དབྱེ་བ་བཅུ་གཉིས་རང་བཞིན་དུ་གྲུབ་ཡོད།
རྩ་བའི་དབྱེ་བ་བཞི་ལ་མིང་དེ་ལྟར་བཏགས་པའི་སྒྲ་བཤད་དང་ངོ་བོ། ངེས་ཚིག་སོགས་ཅི་ལྟར་འདྲེན་ཟེར་ན། དང་པོ་ཀ་རིམ་ནི་ཡིག་གཟུགས་ལ་གསར་དུ་ཞུགས་པའི་རྣམ་པའི་ཆ་ནས་སླ་བའི་རིམ་པ་དང་། ཐོག་མའི་རིམ་པའམ་གདོད་མའི་རིམ་པ་ཞིག་ཡིན་པས་ཀ་རིམ་དུ་བཏགས་པ་དང་། གཉིས་པ་འཕེལ་རིམ་ནི་ཀ་རིམ་གྱི་རྨང་གཞི་ནས་རྒྱ་ཆེར་བསྐྱེད་ཅིང་འཕེལ་ནས་བྲིས་ཀྱི་སྦྱང་འབྲས་ལེགས་པར་ཐོན་པའི་རིམ་པ་གལ་ཆེན་ཞིག་ཡིན་པས་ན་འཕེལ་རིམ། གསུམ་པ་གྲུབ་རིམ་ནི་བྲིས་རྩལ་བསླབ་སྦྱང་ལ་འབྲས་བུ་སྨིན་པའམ་རྫོགས་པའི་རིམ་པ་ཐོབ་པར་མུ་མཐུད་གོང་འཕེལ་དང་མདུན་སྐྱོད་བྱེད་པའི་རྒྱུ་ཚོགས་དུ་མས་གྲུབ་པའི་རིམ་པ་ཞིག་ཡིན་པས་ན་གྲུབ་པའི་རིམ་པའམ་གྲུབ་རིམ། བཞི་བ་རྫོགས་རིམ་ནི་མཐར་ཐུག་ཡིག་གཟུགས་ཀྱི་བྲིས་རྩལ་བསླབ་སྦྱང་དང་བཅུ་ཕྲག་རིག་གནས་ཀྱི་བསླབ་སྦྱང་། ནང་སེམས་རྒྱུད་ཀྱི་ཡོན་ཏན་སོགས་གསུམ་ཀ་ལེགས་པར་འཛོམས་པའི་ཕྱི་ནང་བར་གསུམ་གྱི་ཡོན་ཏན་ངེས་ཅན་ཞིག་འབྲི་བ་བོ་མི་གཅིག་གི་ལ་ཡོངས་སུ་ཚང་བས་ན་རྫོགས་པའི་རིམ་པའམ་རྫོགས་རིམ་དུ་བཏགས་སོ། །
རིམ་པ་བཞིའི་ངོ་བོ་དང་རང་བཞིན་སོགས་ཡང་བསྐྱར་ནན་ཏན་གྱི་ཚུལ་དུ་བརྗོད་ན། གཅིག ཀ་རིམ་ནི་རྩ་བ་དང་རྨང་གཞི་ཡིན་པས་ཡིག་གཟུགས་སློབ་སྦྱོང་གི་འཇུག་སྒོའི་རིམ་པ་དང་སྤྲོ་བ་སྐྱེད་པའི་ནུས་པ་ཐོན་ཐུབ་རྒྱུ་ནི་རྩ་གནད་ཡིན་པ་དང་། རིམ་པ་འདི་ནི་ཡིག་གཟུགས་འབྲི་སྦྱོང་ཧྲིལ་བོར་མཚོན་ན་ཐབས་བརྒྱ་ཇུས་སྟོང་གིས་ཆེས་འཇུག་བདེ་བ་དང་བསླབ་སླ་བར་གཏོང་དགོས། དེ་ལྟར་བྱས་ན་ད་གཟོད་ཡིག་གཟུགས་གསར་སློབ་དག་ཡིག་གཟུགས་སྦྱོང་བར་ཡིད་ཆེས་ཀྱིས་ཁེངས་པར་འགྱུར་ངེས་པས། འདི་ཉིད་སློབ་ཁྲིད་ཀྱི་དམིགས་ཡུལ་དུ་འཛིན་དགོས། གཉིས། འཕེལ་རིམ་ནི་བྲིས་ཀྱི་ཁམས་རིས་དང་གསེགས་ཀྱི་དགེ་མཚན། ཐིག་གི་གཏོང་ལུགས་སོགས་ཀྱི་ཆོས་ཉིད་དང་། མཐེབ་རིས་དང་སྣག་སྣ་སོགས་ཀྱི་རིག་ལམ་གང་མང་རྙེད་ཅིང་སྦྱང་འབྲས་གོང་འཕེལ་མགྱོགས་ཤིང་། བསླབ་འབྲས་རྒྱ་བསྐྱེད་གཏོང་བའི་རིམ་པ་ཞིག་ཡིན་པས་བསླབ་གཞིའི་ནང་དོན་མང་ལ་སྔ་ཕྱིའི་འབྲེལ་བ་དམ་པ། བསླབ་ཚན་དང་བསླབ་ཚན་བར་གྱི་ཆོས་ཉིད་རྟོགས་སླ་བའི་རིམ་པ་ཞིག་དང་། བྲིས་རྩལ་འཕེལ་འགྲིབ་ཀྱི་འགྱུར་ལྡོག་ཧ་ཅང་རྒོད་པའི་རིམ་པ་ཞིག་ཡིན་པས་རིམ་པ་འདིར་རྒྱུན་འཁྱོངས་དང་གཟབ་ནན་ཧ་ཅང་གལ་ཆེ་བ་མ་ཟད། ཡིག་མཁན་ཞིག་ཏུ་འགྱུར་མིན་གྱི་འགག་རྩའི་རིམ་པ་ཞིག་ཀྱང་ཡིན། གསུམ། གྲུབ་རིམ་ནི་རིམ་པ་སྔ་མ་དག་ལས་བསླབ་སྦྱང་ལ་འབྲས་བུ་སྨིན་པར་ཐོད་བརྒལ་བྱ་བའི་རིམ་པ་ཞིག་ཡིན་པས། ཀ་རིམ་བཞིན་འཇུག་པ་ཡང་པོ་མིན་ལ། འཕེལ་རིམ་བཞིན་གྲུབ་འབྲས་མངོན་གསལ་ཐོན་པ་ཡང་ཡོང་དཀའ་པའི་རིམ་ཞིག་ཡིན་ལ། ཕྱོགས་གཞན་ནས་བཤད་ན་གྲུབ་རིམ་ནི་བསླབ་འབྲས་གཏན་འཇགས་ཡོང་བའི་ནུས་པ་མངོན་གསལ་དོད་པོ་ཡིན་པས་འབྲས་བུ་སྨིན་ཅིང་འགྲུབ་པའི་རིམ་པ་ཞིག་ཏུ་ངོས་འཛིན་བྱ་དགོས། བཞི། རྫོགས་རིམ་ནི་ཡིག་གཟུགས་སློབ་གཉེར་བ་སྤྱིའི་ཆ་ནས་ཆེད་ལས་མཁས་པའི་གྲལ་དུ་ཚུད་པ་ཡིན་པས། ཡིག་གཟུགས་མཁས་པའི་མཐར་ཐུག་གི་མཚན་རྟགས་སམ་འབྲས་བུ་འཐོབ་པས་ན་བྲིས་རྩལ་ཁོ་ན་མ་ཡིན་པར་བོད་ཀྱི་རིག་གནས་སྤྱིའི་ཆུ་ཚད་མཐོན་པོ་ཡིན་པ། གཞན་ཁྱུང་པོ་གཡུ་ཁྲིའི་ཡི་གེའི་བསྟན་བཅོས་སྟོང་ཐུན་སྨྱུ་གུའི་བསྟན་བཅོས་འཕྲུལ་གྱི་སྒྲོན་མེ་ལས་ཡི་གེ་བཟོ་མཁན་གྱི་དབང་དུ་བྱས་ན། ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ། །དགེ་ལ་དཀར་ཞིང་སྡིག་ལ་འཛེམ། །སྣོད་དང་ལྡན་ཞིང་སྤྱོད་ཤེས་པ། །ཞེས་གསུངས་པ་བཞིན་བྲིས་པ་རང་ཉིད་ཀྱི་ནང་སེམས་ཀྱི་ཡོན་ཏན་ཁྱད་པར་བ་དེ་དག་འཛོམས་དགོས་པ་ནི་ཧ་ཅང་དཀའ་བའི་གནས་ཡིན་ཡང་། དེ་ལ་བསླབ་པར་བྱ་བ་ནི་མཁས་པ་འཇུག་པའི་ལམ་ཡིན་པས་མི་འདོར་བར་བྱའོ། །
༣.བྲིས་རྩལ་ཚད་རིམ་གྱི་མགོ་ཚུགས་ས། ཐོན་མི་བཀའ་དྲིན་ཅན་གྱིས་བོད་ཡིག་གསར་དུ་བཟོས་པའི་ཐོག་མ་ནི་གཟབ་བྲིས་སམ་དབུ་ཅན་ཡིན་ལ། དབུ་ཅན་མགྱོགས་པོར་བྲིས་པས་གཤར་མའམ་འབྲུ་མའི་ཡིག་རྒྱུན་དར་བ་ལས་རིམ་བཞིན་དབུ་མེད་བྱུང་ཞིང་དར་བས་ན། དབུ་ཅན་ནི་རྨང་གཞི་ཡིན་པས་ཀ་རིམ་ཐོག་མའི་སྦྱང་བྱ་ནི་གཟབ་བྲིས་སམ་དབུ་ཅན་དུ་འཇོག་པ་ནི་རྟེན་འབྲེལ་དང་རྒྱུ་འབྲས་ཀྱི་འབྲེལ་བ་ལྟ་བུ་ཞིག་ཡིན་པས་སྤྱིར་བཏང་དུ་ཀ་རིམ་དང་པོའི་དུས་སུ་ཡིག་གཟུགས་སློབ་སྦྱོང་གི་མགོ་དབུ་ཅན་ནས་གཟུག་རྒྱུ་ནི་ལུགས་འབྱུང་གི་ཆོས་ཉིད་ཅིག་ཡིན་པ་སྨྲས་མ་དགོས་མོད། ན་ཆུང་གི་རིགས་དང་བློ་རབ་འབྲིང་ཐ་གསུམ། བརྩོན་པ་ཆེ་ཆུང་། ངེས་ཤེས་མགྱོགས་དལ་བཅས་མི་འདྲ་བའི་གནས་ཚུལ་ལྟར་ན་བྱིས་པ་ལོ་ཆུང་གི་རིགས་ལ་དབུ་མེད་ཚུགས་རིང་ནས་མགོ་འཛུག་པ་ཡང་དབུས་ཕྱོགས་ནས་ཡུན་རིང་ལག་ལེན་བསྟར་བའི་འགྲོ་ལུགས་ཤིག་ཏུ་ཆགས་ཡོད་པའང་ལོ་རྒྱུས་སུ་བྱུང་བ་ཁོ་ན་མ་ཡིན་པར་ཚན་རིག་དང་མཐུན་པའི་ཆ་དང་ལྡན་པས་མདོ་དབུས་ཁམས་གསུམ་གྱི་ས་ཆ་འགའ་ལ་ཐུན་མོང་མ་ཡིན་པའི་འགྲོ་ལུགས་རེ་ཟུང་ཡོད་ནའང་ཆུ་མགོ་གངས་ལ་གཏུགས་པའི་དཔེ་བཞིན་འགྲོ་དགོས་པ། གཞན་ཡང་སྔོན་བྱུང་མཁས་པས་རིག་པ་གཞོན་པའི་དུས་སུ་སློབས། །བ་ནི་དགུན་གྱི་དུས་སུ་གསོས། །ཞེས་གསུངས་པ་དང་། འབྲི་ཀློག་གཉིས་ནི་ཡོན་ཏན་ཀུན་གྱི་གཞི་ཞེས་སྨྲས་པ་ལས་ཀྱང་བྲི་བ་ནི་དེ་བས་གལ་ཆེན་དུ་བཟུང་ཡོད་པར་མཐོང་བ། དེང་རབས་སློབ་གསོ་རིག་པ་བ་དང་ཚན་རིག་པས་བརྟག་དཔྱད་བྱས་པ་ལྟར་ནའང་། བྱིས་པའི་སློབ་སྦྱོང་གི་རྒྱུན་མཐུད་ཡུན་ཚད་ལ་སྐར་མ་བཞི་བཅུ་ཡས་མས་ཧ་ཅང་འཚམ་པ་དང་། བྱིས་པའི་སློབ་གསོ་ནི་ཅུང་སླ་མོ་ནས་ཅུང་དཀའ་བའི་ཕྱོགས་སུ་བསྐྱོད་པའི་ཆོས་ཉིད་དེ། སློབ་ཆུང་གི་དུས་སུ་སློབ་སྦྱོང་བྱ་ཐབས་རྩེད་འཇོའི་རྣམ་པ་ནས་རིམ་བཞིན་སྣེ་མང་རྙོག་འཛིང་གི་ཕྱོགས་སུ་གོམ་པ་རིམ་བགྲོད་གཏོང་དགོས་པར་བརྗོད་པ་སོགས་མདོར་བསྡུས་ན་བོད་རང་གི་དམ་པ་གོང་མ་རྣམས་ནས་འབྲི་ཀློག་སློབ་སྐབས་སྔོན་ལ་དབུ་ཁྱུད་དང་། དེ་ནས་སླའོ་ཞེས་པའི་ཡིག་འབྲུ་ཞིག་འབྲི་བའི་རྒྱུ་མཚན་ཡང་གནད་འདི་ལ་ཐུག་པ་གནའ་སྔ་མོ་ནས་དར་ཡོད་པའང་ཤེས་ལྡན་སློབ་ལ་བསྐུལ་པའི་ཐབས་ལམ་ཡིན་པར་འདོད། དེ་བས་བྲིས་ལ་འཇུག་པ་ནི་ལོ་ཆུང་ནས་མགོ་འཛུག་པའི་གནད་འདི་ལ་བརྟེན་ནས་བྲིས་ལ་སྦྱོང་པའི་མགོ་དབུ་མེད་ནས་འཛུགས་པ་མ་ཟད། དབུ་མེད་ལས་ཀྱང་ཚུགས་རིང་ནི་ཐོག་མའི་བསླབ་གཞིར་འཇོག་དགོས། དེ་ནི་ཚུགས་རིང་གི་ཡིག་གཟུགས་རང་ངོས་ནས་བཤད་ནའང་སྨྱུག་ཁམ་གཅོད་སྟངས་དང་མཐེབ་རིས་གཏོང་སྟངས་སོགས་ལ་ཡིག་གཟུགས་མཐའ་དག་ལས་ཆེས་སླ་བའི་ཁྱད་ཆོས་ལྡན་པ། ཡིག་གཟུགས་སྦྱོང་བའི་རྨང་གཞིའི་མཐེབ་རིས་གཏོང་ཚུལ་མང་དུ་འདུས་པས་སློབ་མགོ་ཚུགས་རིང་ནས་གཟུག་རྒྱུ་ནི་སྔོན་རབས་མཁས་པའི་མཁྱེན་དཔྱོད་དང་བློ་གྲོས་ལས་ཐོན་པའི་ཐུན་མོང་མ་ཡིན་པའི་འགྲོ་ལུགས་ཤིག་ཡིན་པ་གོར་མ་ཆགས། ཡིན་ནའང་དེང་གི་དངོས་ཡོད་གནས་ཚུལ་ལ་གཞིགས་ན། ན་གཞོན་དང་དར་མ་གང་མང་ཞིག་གིས་ཡིག་གཟུགས་སྦྱོང་བའི་མགོ་དབུ་ཅན་ནས་བཙུགས་ཟིན་པ་མ་ཟད། བྲིས་རྩལ་ངེས་ཅན་ལ་སླེབས་རྗེས་སླར་ཚུགས་རིང་ནས་ཚུགས་ཐུང་དང་། ཚུགས་ཆུང་དང་ཚུགས་མ་འཁྱུག་གི་གོ་རིམ་བཞིན་སོང་ཟིན་པ་ཡིན་ནའང་མི་རབས་རྗེས་མའི་དུས་སུ་ཡོངས་ཁྱབ་ཏུ་ལུགས་གཅིག་ཁོ་ན་ལ་འགྲོ་ངེས་པས་འགལ་བ་མེད་པར་སྙམ་མོ། །
༤.བསླབ་སྦྱང་གི་གོ་རིམ་འགྲོ་ལུགས། ཡིག་གཟུགས་རིགས་གང་ཡིན་ཡང་ཐོག་མར་ཀ་ཁ་སྦྱོང་བ⑴དང་དེ་ལ་དབྱངས་བཞི་སྦྱོང་བ⑵། དེ་ནས་ཟློས་ཧྲལ⑶སྦྱོང་དགོས་ལ། ཟློས་ཧྲལ་གྱི་སྐབས་སུ་ཐོག་མར་ཡ་ར་ལ་བཏགས⑷དང་དེ་དག་ལ་དབྱངས་བཞི⑸འདོགས་པ། དེ་ནས་ར་ལ་ས་ཡི་མགོ་ཅན⑹དང་དེའི་དབྱངས་ལྡན་རྣམས⑺དང་། དེ་ནས་ཝ་བཏགས་ཅན་གྱི་ཡི་གེ⑻ དེ་ནས་རྐྱེན་གྱི་ཡི་གེ⑼། དེ་ནས་ལེགས་སྦྱར་འབྲི་བ་ལ་མཁོ་བའི་ཡི་གེ་སོགས⑽དང་། ཚིག་གི་ཕྲེང་བ་སྤེལ་ཚུལ་ལ་སྦྱང་བའི⑾གོ་རིམ་དག་བར་བརྒལ་མི་བྱེད་པར་གོ་རིམ་བཞིན་སྦྱོང་བ་དང་། དེ་ཡང་ཐོག་མར་སྦྱང་ཤིང་གི་གཞི་སྲ་མོ་ནས་ཤོག་བུའི་གཞི་རྙི་མོའི⑿སྟེང་དུ་དགེ་རྒན་གྱིས་སློབ་མའི་རྫོག་མགོ་ནས་བཟུང་སྟེ་འབྲི⒀བ། དེའི་རྗེས་སློབ་མ་རང་གིས་དགེ་རྒན་གྱི་བྲིས་ལ་སྐམ་བརྩེགས⒁བྱེད་པ་དང་དེ་ནས་རང་གིས་སྐམ་བྲིས⒂བྱེད་པ། མཐར་ཤོག་བུ་ལ་རློན་བྲིས⒃བྱེད་པ་བཅས་ཀྱི་གོ་རིམ་བཞིན་སྦྱང་དགོས།
༥ ཚད་རིམ་སོ་སོའི་སྤྱི་བྱེ་བྲག་གི་དམིགས་ཚད་དང་བསླབ་ཡུན་གྱི་དུས་ཚོད།
(༡) ཀ་རིམ་གྱི་སྤྱིའི་དམིགས་ཚད།
ཀ་རིམ་ནི་ཡིག་གཟུགས་འབྲི་སྦྱོང་གི་རྨང་གཞིའི་རིམ་པ་ཆེས་གལ་ཆེན་ཞིག་ཡིན། རིམ་པ་འདིའི་བསླབ་གཞི་ནི་ཚུགས་རིང་དང་། ཚུགས་ཐུང་། ཚུགས་ཆུང་གསུམ་ཡིན་ལ། དམིགས་ཚད་སྨྱུག་ཁ་ཅུང་སྙོམས་པོར་མཐེབ་རིས་གཏོང་ཤེས་པ། ཐིག་རྩ་ལ་གོ་བ་ལོན་པ། ཐིག་རྩ་ལྟར་འབྲི་ཤེས་པ་གསུམ་རིམ་བཞིན་འགྲུབ་པར་བྱ་རྒྱུ་དེ་ཡིན། དེ་ལྟར་ཡོང་ཐབས་ནི་རྒྱུད་ལྡན་བྲིས་ཀྱི་དགེ་རྒན་ཚད་ལྡན་དུ་བསྟེན་པ་དང་། དགེ་རྒན་གྱི་མཛུབ་སྟོན་འོག་ཐིག་ཆ་ཚང་འདེབས་ལུགས་ལྟར་སྦྱང་དགོས་པ་མ་ཟད། ཐོག་མཐའ་བར་གསུམ་དུ་ཐིག་དང་མ་བྲལ་བར་ཡང་ཡང་སྐྱོན་སེལ་བྱས་ནས་དག་སྙོམ་མཛེས་གསུམ་ལས་དག་པ་གཙོ་བོར་འཛིན་དགོས། འདིའི་སྐབས་ཀྱི་དག་པ་ནི་ཡིག་ཚད་དག་པ་ལ་གོ་དགོས། མདོར་བསྡུས་ན་དང་པོ་ཐིག་དང་མ་བྲལ་བ། བར་དུ་ཐིག་ལས་མ་འདའ་བ[3]ཞིག་ཡོང་ཐུབ་དགོས། སློབ་ཡུན་ནི་ལོ་གསུམ་ནས་ལོ་དྲུག་ཏུ་གཏན་ཁེལ་བྱས་པ་སློབ་གྲྭ་ཁག་གི་འགྲོ་ལུགས་དང་བསྟུན་པ་ཡིན་མོད། དགོན་སྡེ་ཁག་དང་སྤྱི་ཚོགས་ཁྲོད་ཀྱི་སྦྱང་བ་བོས་བསླབ་འབྲས་ཀྱི་གནས་ཚུལ་ལྟར་ལོ་གསུམ་གྱི་དུས་ཚོད་ནང་འགྲུབ་པར་བྱས་ནའང་མ་འཐུས་པ་མེད་དོ། །
(༢) ཀ་རིམ་དང་པོའི་བསླབ་གཞི་དང་དེའི་ནང་དོན། སློབ་ཡུན་དུས་ཚོད།
རིམ་པ་འདིར་ཚུགས་རིང་སྦྱོང་སྐབས་ཐོག་མར་ཡིག་རྒྱུན་ཁུངས་ལྡན་ཡིན་པའི་དགེ་རྒན་གྱི་ཁྲིད་སྟོན་འོག⑴ཡིག་གཟུགས་འབྲི་སྐབས་ཀྱི་འདུག་སྟངས་ལ་བསླབ་པ⑵དང་། སྨྱུ་གུའི་ངོས་འཛིན⑶དང་སྨྱུ་གུ་འཛིན་སྟངས⑷སོགས་ཐོག་མར་བསླབ་པར་བྱ་དགོས་ལ། ཁྲིད་རྒྱུན་གང་ལ་སྦྱང་ནའང་གཙོ་བོ་དེའི་ཐིག་རྩ⑸དང་། མན་ངག⑹ ཕྱག་ལེན⑺རྣམས་ལ་བག་ཆགས⑻གསལ་བོ་འཇོག་དགོས། ཐིག་ལ་འབྲི་ཐུབ་པ⑼། མཐེབ་རིས་གཏོང་ཤེས་པ⑽། བསླབ་སྦྱང་གི་དུས་ཡུན་ལོ་གཅིག་ནས་ལོ་གཉིས་དང་སློབ་སྦྱོང་གི་དུས་ཚོད་ཆེས་ཉུང་ན་ཆུ་ཚོད༨༠༠འདང་དགོས།
(༣) ཀ་རིམ་གཉིས་པའི་བསླབ་གཞི་དང་དེའི་ནང་དོན། སློབ་ཡུན་ལོ་ཚད།
རིམ་པ་འདིའི་སྦྱང་བྱ་ནི་ཀ་རིམ་དང་པོའི་རྨང་གཞིའི་སྟེང་ཚུགས་ཐུང་ཁ་སྣོན་བྱས་ནས་སློབ་སྦྱོང་བྱེད་པ①དང་། ཚུགས་ཐུང་སྦྱོང་སྐབས་ཐོག་མར་དགེ་རྒན་དམ་པའི་ཁྲིད་སྟོན་འོག⑴ཡིག་གཟུགས་འབྲི་སྐབས་ཀྱི་འདུག་སྟངས་མ་འགྲིག་པ་ལེགས་བཅོས⑵དང་། སྨྱུ་གུའི་ངོས་འཛིན་དེ་བས་ཞིབ་ཏུ་གཏོང་བ⑶དང་སྨྱུ་གུ་འཛིན་སྟངས་མ་འགྲིག་པ་ལེགས་བཅོས་ཡོང་བ⑷སོགས་བྱ་དགོས་ལ། བསླབས་ཟིན་པའི་ཡིག་གཟུགས་སྔ་མའི་ཁྲིད་རྒྱུན་ལྟར་ཚུགས་ཐུང་གི་ཐིག་རྩ⑸དང་། མན་ངག⑹ ཕྱག་ལེན⑺རྣམས་ལ་བག་ཆགས་གསལ་ལ་གོ་བ⑻ཡག་པོ་ལོན་པ། ཐིག་ལ་རུས་པ་དང⑼། རུས་ལ་ཤ་ཉམས་ཆགས་པ⑽། མཐེབ་རིས་སྙོམ་པོ་ཆགས་པ⑾། བསླབ་ཟིན་པའི་ཡིག་གཟུགས་འགའི་སྨྱུག་ཁའི་གཅོད་སྟངས་ཤེས་པ⑿། བསླབ་སྦྱང་གི་དུས་ཡུན་ལོ་གཅིག་ནས་ལོ་གཉིས་དང་སློབ་སྦྱོང་གི་དུས་ཚོད་ཆེས་ཉུང་ན་ཆུ་ཚོད༨༥༠འདང་དགོས་པའོ། །
(༤) ཀ་རིམ་གསུམ་པའི་བསླབ་གཞི་དང་དེའི་ནང་དོན། སློབ་ཡུན་ལོ་ཚད།
ཀ་རིམ་སྔོན་མའི་རྨང་གཞིའི་སྟེང་ཚུགས་ཆུང་ཁ་སྣོན་བྱེད་པ⑴། ཐོག་མར་དགེ་རྒན་དམ་པའི་ཁྲིད་སྟོན་འོག་ཡིག་གཟུགས་འབྲི་སྐབས་ཀྱི་འདུག་སྟངས⑵དང་། སྨྱུ་གུའི་ངོས་འཛིན⑶དང་སྙུ་གུའི་འཛིན་སྟངས⑷སོགས་ལ་སྐྱོན་སེལ་བྱས་ནས་མ་འགྲིག་པ་མེད་པ⑸དང་། ཁྲིད་རྒྱུན་སྔ་མ་བཞིན་ཚུགས་ཆུང་གི་ཐིག་རྩ⑹དང་། མན་ངག⑺ ཕྱག་ལེན་གཙོ་བོའི་རིགས⑻ལ་བྱང་ཆ་ལྡན་པ། གཞན་ཡིག་མཁན་གྱི་གཅེས་ནོར་བཞི་ལ་བག་ཆགས⑼ཡོད་པ། སྦྱངས་ཟིན་པའི་ཚུགས་རིང་དང་ཚུགས་ཐུང་གི་ཐིག་རྒྱས་འབྲིང་བསྡུས་གསུམ་གྱི་འདེབས་ལུགས་ཁོང་དུ་ཆུད་པ⑽། ཁམ་རིས་སོ་སོའི་མིང་ཡིད་ལ་ངེས་པ⑾དང་། ཐིག་རིས་ཐིག་བཤད་ལག་ལེན་ཐུབ་པ⑿། ཐིག་ལ་རུས་ཉམས་མ་ཤོར⒀བ། རུས་ལ་ཤ་ཉམས་འདོན་ཤེས་པ⒁བཅས་དགོས་སོ། །བསླབ་སྦྱང་གི་དུས་ཡུན་ལོ་གཅིག་ནས་ལོ་གཉིས་དང་སློབ་སྦྱོང་གི་དུས་ཚོད་ཆེས་ཉུང་ན་ཆུ་ཚོད༩༠༠འདང་དགོས་པའོ། །
(༥)འཕེལ་རིམ་གྱི་སྤྱིའི་དམིགས་ཚད།
འཕེལ་རིམ་ནི་བྲིས་རྩལ་མཐོར་འདེགས་ཀྱི་རིམ་པ་གལ་ཆེན་ཞིག་ཡིན་པས་རིམ་པ་སྔ་མའི་རྨང་གཞིའི་སྟེང་དབུ་ཅན་དང་ཚུགས་མ་འཁྱུག་དང་། འཁྱུག དཔེ་ཚུགས། འབྲུ་ཚ་སོགས་ཡིག་གཟུགས་རིགས་ལྔ་ལ་སྦྱང་བ་བྱེད་པ་དང་། རིམ་པ་འདིའང་སྔར་བཞིན་རྒྱུད་ལྡན་དགེ་རྒན་ཚད་ལྡན་དུ་བསྟེན་པ་དང་། ཐིག་དང་མ་བྲལ་བའི་སྒོ་ནས་ཐིག་ལས་མ་འདའ་བ་ཡོང་དགོས། དེ་མིན་ཐིག་ལ་རུས་ཉམས་ཆགས་པ་དང་རུས་ལ་ཤ་ཉམས་ཐོན་པ། ཤ་ལ་མཛེས་ཉམས་ཐོན་པ་མ་ཟད། གཞན་སྣག་ཤོག་སྨྱུག་གསུམ་གཙོ་བྱས་པའི་ཡིག་མཁན་གྱི་གཅེས་ནོར་བཞི་སྤྱོད་ཤེས་པ། རང་གི་བསླབ་བྱའི་ཁྲིད་རྒྱུན་དེའི་མདངས་མ་ཉམས་པར་རྒྱུད་ལ་ཡག་པོར་ལོན་པ། དཔེར་ན་ཁྲིད་རྒྱུན་གང་ཡིན་པ་དེ་ཇི་མ་ཇི་བཞིན་ཞིག་འབྲི་ཐུབ་པ། བྲིས་རབས་ལོ་རྒྱུས་དང་ཡིག་གཟུགས་ཀྱི་གཞུང་ལུགས་ལ་སློབ་སྦྱོང་ཅུང་ཟད་ཐོབ་དགོས་པ་བཅས་སོ།། སློབ་ཡུན་ལོ་ཚད་ཆེས་ཐུང་ན་ལོ་བཞི་དང་ཆེས་རིང་ན་ལོ་བརྒྱད་ལ་འགྲུབ་བར་བྱ་དགོས།
(༦) འཕེལ་རིམ་དང་པོའི་བསླབ་གཞི་དང་དེའི་ནང་དོན། སློབ་ཡུན་ལོ་ཚད།
རིམ་པ་འདིའི་སྦྱང་བྱའི་ཡིག་གཟུགས་ནི་རིམ་པ་གོང་མ་དག་གི་རྨང་གཞིའི་སྟེང་ཚུགས་མ་འཁྱུག⑴དང་དབུ་ཅན⑵གཉིས་ཡིན་ལ། སྦྱང་བྱའི་ཡིག་གཟུགས་གང་ཡིན་པ་དེའི་འབྲི་བྱེད་ཀྱི་སྨྱུག་ཁ་གཅོད་ཤེས་པ།⑶ སྣག་ཚ⑷དང་ཤོག་བུ⑸སྤྱོད་ཤེས་པ། ཐིག་ཚད་དང་ཐིག་བཤད་ཀྱི་མན་ངག་ཡིད་ལ་འཇགས་པ⑹། ཐིག་དང་མ་བྲལ་བར་འབྲི་ཐུབ་པ⑺། ཐིག་ལས་མ་འདའ་བར་འབྲི་ཐུབ་པ⑻། ཡིག་གཟུགས་བརྩམས་ཆོས་སྙོམ་པོར་འབྲི་ཐུབ་པ⑼། ཡིག་གཟུགས་ཀྱི་རུས་ཉམས་དང་ཤ་ཉམས་མ་ཤོར་བར་ཇི་མ་ཇི་བཞིན་དུ་འབྲི་ཐུབ་པ⑽། སྙོམ་དང་མཛེས་པའི་ཁྱད་ཆོས་ལྡན་པ⑾། སྨྱུག་ཁ་རང་གིས་གཅོད་ཤེས་པ⑿། བོད་ཀྱི་ཡིག་གཟུགས་བྱུང་འཕེལ་གྱི་ལོ་རྒྱུས་དང་བྲིས་རྒྱུན་ལོ་རྒྱུས་ལ་སློབ་སྦྱོང་དང་གོ་ཐོས་ཅུང་ཟད་ཡོད་པ⒀། སློབ་སྦྱོང་དུས་ཡུན་ལོ་གཅིག་ནས་གཉིས་ཡིན།
(༧) འཕེལ་རིམ་གཉིས་པའི་བསླབ་གཞི་དང་དེའི་ནང་དོན། སློབ་ཡུན་ལོ་ཚད།
རིམ་པ་འདིར་ཚད་རིམ་སྔ་མ་དག་གི་སྦྱང་བྱའི་རྨང་གཞིའི་སྟེང་འཁྱུག་ལ་སྦྱང⑴བ་དང་། དབུ་ཅན་ལ་མུ་མཐུད་དུ་གཏིང་ཟབ་མོའི་སྒོ་ནས་སློབ་སྦྱོང⑵བྱས་ནས་སྨྱུག་རིམ་གྱི་མིང་ཡིད་ལ་ངེས་པ⑶།ཡི་གེའི་ཐིག་རྩ་ཡིད་ལ་ངེས་པ⑷། དེར་བསྟུན་པའི་སྨྱུ་གུ་བཟོ་ཤེས་པ⑸། ཐིག་ཆས་སྨྱུག་གྲི་སོགས་རྒྱུན་སྤྱོད་ཡིག་མཁན་གྱི་གཅེས་ནོར་གཞན་པ་བཞི་བཀོལ་སྤྱོད་ཤེས་པ⑹། བོད་ཤོག་དང་རྒྱ་ཤོག་ལ་སྤྱོད་ཤེས་པ⑺། སྦྱང་བྱ་རྟག་ཏུ་ཐིག་དང་མ་བྲལ་བའི་སྒོ་ནས་འབྲི་བ⑻དང་དགེ་རྒན་གྱི་བྲིས་གཟུགས་ཇི་མ་ཇི་བཞིན་དུ་ཐོན་ཐུབ་པ⑼། དག་པ་དང་སྙོམ་པའི་ཁྱད་ཆོས་ལྡན་པ⑽། བརྩམས་ཆོས་ཁོག་འབུབ་ལུགས་ཅུང་ཟད་ཤེས་པ⑾། ཐམ་ཀ་ལ་ངེས་ཤེས་ཅུང་ཟད་ཡོད་པ⑿། བོད་ཀྱི་ཡིག་གཟུགས་བྱུང་འཕེལ་གྱི་ལོ་རྒྱུས་དང་བྲིས་རྒྱུན་ལོ་རྒྱུས་ལ་གོ་ཐོས་ཅུང་ཟད་ཡོད་པ⒀། སློབ་སྦྱོང་དུས་ཡུན་ལོ་གཅིག་ནས་གཉིས་ཡིན།
(༨) འཕེལ་རིམ་གསུམ་པའི་བསླབ་གཞི་དང་དེའི་ནང་དོན། སློབ་ཡུན་ལོ་ཚད།
སྐབས་འདིར་བསླབ་གཞི་སྔ་མ་དག་གི་བྲིས་རྩལ་མཐོར་འདེགས་དང་བྱང་ཆ་མངོན་གསལ་དོད་པོ་ཡོང་བའི་རྨང་གཞིའི་སྟེང་དབུ་ཅན་མུ་མཐུད་དུ་སྦྱོང་བ⑴དང་གཞན་དཔེ་ཚུགས⑵། འབྲུ་ཚ⑶གཉིས་ལ་སྦྱང་བ། སྦྱང་བྱའི་ཡིག་གཟུགས་གང་ཡིན་པ་དེའི་འབྲི་བྱེད་ཀྱི་སྨྱུ་གུ་བཟོ་ཤེས་པ⑷། ཐིག་ཆས་སོགས་ཡིག་མཁན་གྱི་གཅེས་ནོར་བརྒྱད་ལས་གང་མཁོ་སྤྱོད་ཤེས་པ⑸། ཁྱད་པར་སྣག་ཤོག་གཉིས་ལ་བྱང་བ⑹། སྦྱང་བ་ཐིག་དང་མ་བྲལ་བ⑺དང་།བྲིས་ཚད་ཐིག་ལས་མ་འདའ་བ⑻། ཐིག་ཚད་དང་ཐིག་བཤད་ལ་བྱང་བ⑼། བྲིས་རྒྱུན་ཇི་མ་ཇི་བཞིན་དུ་འབྲི་ཐུབ་པ⑽། ལྕགས་སྨྱུག་དང་ཕྱིང་སྨྱུག་སྤྱོད་ཤེས་པ⑾། དག་པ་དང་སྙོམ་པ་མཛེས་པ་གསུམ་གྱི་ཁྱད་ཆོས་ཐོན་ཐུབ་པ⑿། བརྩམས་ཆོས་ཁོག་འབུབ་ལུགས་ཅུང་ཡག་པོ་ཤེས་པ⒀། ཐམ་ཀ་སྤྱོད་པར་བྱང་བ⒁། བོད་ཀྱི་ཡིག་གཟུགས་བྱུང་འཕེལ་གྱི་ལོ་རྒྱུས་དང་བྲིས་རྒྱུན་ལོ་རྒྱུས་ཅུང་ཤེས་པ⒂། སློབ་སྦྱོང་དུས་ཡུན་ལོ་གཉིས་ནས་ལོ་བཞི་ཡིན།
(༩) གྲུབ་རིམ་གྱི་སྤྱིའི་དམིགས་ཚད།
གྲུབ་རིམ་གྱི་བསླབ་གཞི་ནི་རིམ་པ་སྔ་མ་དག་གི་རྨང་གཞིའི་སྟེང་འཁྱུག་ཆེན་དང་ལཉྫ། ཝརྟུ། ཧོར་ཡིག་སོགས་ཡིག་གཟུགས་རིགས་བཞི་ལ་སྦྱང་བ་ལེགས་པོ་འགྲོ་དགོས་ལ། སློབ་སྦྱོང་གི་དུས་ཡུན་ལོ་གསུམ་ནས་ལོ་དྲུག་ཡིན། རིམ་པ་འདིའི་ནང་བསླབས་ཟིན་པའི་ཡིག་གཟུགས་རིགས་བཅུ་གཉིས་ཙམ་ལ་རྨང་གཞི་ཡག་པོ་ཆགས་པ། པིར་སྨྱུག་ལེབ་མོ་སྤྱོད་ཤེས་པ། གསེར་བྲིས་དང་དངུལ་བྲིས་སོགས་ཐུན་མོང་མ་ཡིན་པའི་སྣག་ཚོན་རིགས་ལའང་སྦྱང་བ་དང་མྱོང་གོམས་ཅུང་ཟད་ཡོད་པ་མ་ཟད། ཡིག་མཁན་གྱི་ཡོན་ཏན་དྲུག༼དག་སྙོམ་མཛེས་གསུམ། ལེགས་མགྱོགས་འགྲིག་གསུམ༽ཚང་བ་དང་། ཡིག་གཟུགས་རིགས་བཅུ་ལ་བྱང་བ། ཡིག་གཟུགས་རིགས་གསུམ་ལ་མཁས་པ། བརྩམས་ཆོས་ཐིག་གིས་མ་བཅིངས་པའི་སྒྱུ་རྩལ་གྱི་རྣམ་པ་ངེས་ཅན་ཐོན་ཐུབ་པ་སོགས་ཐུན་མོང་གི་ཡོན་ཏན་འཛོམས་པ། བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་གྱི་གཞུང་ལུགས་ལ་ཞིབ་འཇུག་བྱེད་ཐུབ་པ། སྙན་ངག་གི་ཆུ་ཚད་ངེས་ཅན་ལྡན་དགོས་ལ་ཡིག་གཟུགས་ལོ་རྒྱུས་དང་གཞུང་ལུགས་ལ་སློབ་སྦྱོང་ཡག་པོ་ཡོད་པ་བཅས་སོ། །
(༡༠) གྲུབ་རིམ་དང་པོའི་བསླབ་གཞི་དང་དེའི་ནང་དོན། སློབ་ཡུན་ལོ་ཚད།
རིམ་པ་འདིའི་སྦྱང་བྱའི་ཡིག་གཟུགས་ནི་རིམ་པ་སྔོན་མའི་རྨང་གཞིའི་སྟེང་འཁྱུག་ཆེན་ལ་སྦྱང་བ་བྱེད་པ⑴། ཡིག་གཟུགས་མི་འདྲ་བ་བརྒྱད་ལ་བྱང་བ⑵། གཙོ་སྐྱོང་ཡིག་གཟུགས་རིགས་གཅིག་ལ་མཁས་པ⑶། ཡིག་གཟུགས་ཀྱི་རིག་གཞུང་ལ་ལྟ་རྒྱ་དང་མཐོང་རྒྱ་ལྡན་པ⑷དང་། བྲིས་ལག་བྱང་དང་བརྗོད་བྱའི་ནང་དོན་སོགས་སུམ་རྟགས་དག་གསུམ་གྱི་གཞུང་དོན་དང་མི་འགལ་བར་འབྲི་ཐུབ་པ་མ་ཟད། ཡི་གེའི་དག་ཆ་དང་ཐིག་གི་དག་ཆ་གཉིས་ལྡན་པ⑸། སྙན་ངག་གི་ཆུ་ཚད་ཅུང་བཟང་བ⑹། བརྩམས་ཆོས་གང་བྲིས་ཀྱི་ཇུས་འགོད་མཚར་ལ་དམ་ལྷོད་འགྲིག་པ⑺། ཤིང་སྨྱུག་དང་ལྕགས་སྨྱུག ཕྱིང་སྨྱུག་གསུམ་ལ་བྱང་བ⑻། བརྩམས་ཆོས་ལ་མངོན་གསལ་དོད་པའི་ཉམས་འགྱུར་གྱིས་ཕྱུག་པ⑼། མཚལ་བྲིས་ལ་སློབ་སྦྱོང་ངེས་ཅན་ལྡན་པ⑽། ཡིག་གཟུགས་ལོ་རྒྱུས་ལ་མཐོང་རྒྱ་ཆེ་བ⑾། ཡིག་གཟུགས་ཀྱི་གཞུང་ལུགས་ལ་ཞིབ་འཇུག་བྱེད་ཐུབ་པ⑿། སློབ་སྦྱོང་དུས་ཡུན་ལོ་གཅིག་ནས་ལོ་གཉིས་ཡིན།
(༡༡) གྲུབ་རིམ་གཉིས་པའི་བསླབ་གཞི་དང་དེའི་ནང་དོན། སློབ་ཡུན་ལོ་ཚད།
རིམ་པ་འདིའི་སྦྱང་བྱ་ནི་རིམ་པ་གོང་མའི་རྨང་གཞིའི་སྟེང་ལཉྫ་ལ་སྦྱང་བ་བྱེད་པ་དང⑴། ཡིག་གཟུགས་རིགས་དགུ་ལ་བྱང་ཆ་ཐོན་པ⑵། གཙོ་སྐྱོང་ཡིག་གཟུགས་མི་འདྲ་བ་གཉིས་ལ་མཁས་པ⑶། ཡིག་གཟུགས་ཀྱི་གཞུང་ལུགས་ལ་ཞིབ་འཇུག་བྱེད་པའི་ཆུ་ཚད་ཅུང་ཟད་ལྡན་པ⑷། བརྩམས་ཆོས་གསར་རྩོམ་ཀྱི་སྐབས་སུ་བྲིས་ལག་ལ་བྱང་བ⑸། རྗོད་བྱེད་བརྡ་སྤྲོད་པའི་གཞུང་དང་མི་འགལ་བ⑹མ་ཟད། སྙན་ངག་ལ་མཁས་པས་སྐབས་བབས་ཀྱི་དགོས་མཁོ་དང་བསྟུན་པའི་རྗོད་བྱེད་དུས་ལྟར་གསར་རྩོམ་ཐུབ་པ⑺། བྲིས་རྩལ་གྱི་ཆ་ནས་དག་སྙོམ་མཛེས་གསུམ⑻དང་ལེགས་མགྱོགས་འགྲིག་གསུམ⑼ཀྱི་ཡོན་ཏན་དང་ལྡན་པ། བརྩམས་ཆོས་གང་བྲིས་ཁོག་འབུབ་ལུགས་སམ་ཇུས་འགོད་མཚར་ལ་དམ་ལྷོད་རན་པ⑽། བྲིས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཆགས་པ་དང་ཉམས་འགྱུར་གསལ་ལ་སྒྱུ་རྩལ་གྱི་རིན་ཐང་ངེས་ཅན་ལྡན་པ⑾། པིར་སྨྱུག་ལ་སློབ་སྦྱོང་ཡག་པོ་ཡོད་པ⑿བཅས་སོ། །སློབ་སྦྱོང་གི་དུས་ཡུན་ལོ་གཅིག་ནས་ལོ་གཉིས་ཡིན།
(༡༢) གྲུབ་རིམ་གསུམ་པའི་བསླབ་གཞི་དང་དེའི་ནང་དོན། སློབ་ཡུན་ལོ་ཚད།
རིམ་པ་འདིའི་སྦྱང་བྱའི་ཡིག་གཟུགས་ནི་རིམ་པ་གོང་མའི་རྨང་གཞིའི་སྟེང་ཝརྟུ་དང་ཧོར་ཡིག་བསྣན་པ⑴དང་བཅས་བྲིས་གཟུགས་རིགས་བཅུ་བྱང་བ⑵། གཙོ་སྐྱོང་ཡིག་གཟུགས་མི་འདྲ་བ་གསུམ་ལ་མཁས་པ⑶། ཡིག་གཟུགས་ཀྱི་གཞུང་ལུགས་ལ་ཞིབ་འཇུག་གི་ཆུ་ཚད་ངེས་ཅན་ལྡན་པ⑷། བརྩམས་ཆོས་གསར་རྩོམ་ཀྱི་སྐབས་སུ་བྲིས་ལག་ལ་བྱང་བ⑸ སྣག་ཤོག་སྨྱུག་གསུམ་གང་ཡིན་སྤྱོད་པར་ཐོག་པ་མེད་པར་ཁོང་དུ་ཆུད་པ⑹། རྗོད་བྱེད་ཀྱི་ཚིག་བརྡ་སྤྲོད་དང་མི་འགལ་ཞིང⑺། སྐབས་བབས་ཀྱི་དགོས་མཁོ་དང་བསྟུན་པའི་ཚིག་དུས་ལྟར་རྩོམ་ཐུབ་པའི་ནུས་པ་དང་ལྡན་པ⑺། བྲིས་རྩལ་གྱི་ཆ་ནས་ཡིག་མཁན་གྱི་ཡོན་ཏན་དྲུག་དང་ལྡན་པ⑻དང་། བརྩམས་ཆོས་གང་བྲིས་ཇུས་འགོད་མཚར་ལ་དམ་ལྷོད་རན་པ⑼། མངོན་གསལ་དོད་པའི་ཉམས་འགྱུར་དང་སྒྱུ་རྩལ་གྱི་རིན་ཐང་ངེས་ཅན་ལྡན་པ⑽། རིག་གནས་ཀྱི་རྨང་གཞི་བརྟན་པོ་ཡོད་པ⑾མ་ཟད། པིར་སྨྱུག་ལ་བྱང་ཆ་ཐོན་པ⑿། ཡིག་གཟུགས་ལོ་རྒྱུས་ལ་ཞིབ་འཇུག་ཡག་པོ་ཡོད་པ⒀། སྤྱོད་ལམ་ཡག་པ⒁། སློབ་སྦྱོང་གི་དུས་ཡུན་ལོ་གཅིག་ནས་ལོ་གཉིས་ཡིན།
(༡༣) རྫོགས་རིམ་གྱི་སྤྱིའི་དམིགས་ཚད།
རྫོགས་པའི་རིམ་དང་པོ་ནས་གསུམ་པ་ནི་ཡིག་གཟུགས་ཀྱི་ཡོན་ཏན་རྫོགས་པའི་རིམ་པ་ཡིན་པས་སློབ་སྦྱོང་གི་ལོ་ཚད་ལ་ངེས་བཟུང་མེད་མོད། སྔ་མའི་འགྲོ་ལུགས་ལྟར་ན་ལོ་དྲུག་ནས་དགུ་ཙམ་འགོད་པ་དང་། གཙོ་བོ་ཡིག་རྒྱུན་ཁུངས་ལྡན་རིགས་ལྔ་ནས་དགུ་ལ་འབྲི་མཁས་པ། བྲིས་རབས་ལོ་རྒྱུས་ལ་མཁས་ཤིང་བྲིས་རྒྱུན་རྒྱུད་འཛིན་ཐུབ་པ⑴། བྲིས་རྩལ་དང་བརྩམས་ཆོས་ཁོག་འབུབ་ཚུལ་གྱི་ཆ་ནས་སྨྱུ་གུའི་བསྟན་བཅོས་སོགས་སུ་གསུངས་པའི་མན་ངག་དང་ཡོན་ཏན་ཏེ། ཡི་གེའི་ཁོག་དོན་བཞི⑵། མཉམ་པ་བདུན⑶། ཡི་གེའི་མཛེས་པ་བརྒྱད⑷། ལེགས་མགྱོགས་མཛེས་གསུམ⑸། སྙོམ་གཙང་འགྲིག་གསུམ⑹། སྒྲ་དོན་གཟུགས་གསུམ་གྱི་དག་པ་གསུམ⑺དེ་ཡོན་ཏན་དགུ་དང་ལྡན་པ། བྲིས་རྒྱུན་རྒྱུད་འཛིན་གྱི་ཆ་ནས་སྐལ་ལྡན་སློབ་བུ་རྗེས་སུ་འཛིན་པར་དགའ་བ། སྤྲོ་བ། བརྩོན་པ། འཇུག་པ་བཞི་དང་ལྡན་པ⑻། གཞན་རྫོགས་རིམ་གསུམ་པ་ཚང་རྗེས་གཞི་ནས་བོད་ཀྱི་ཡིག་གཟུགས་ཆེད་མཁས་པའི་གྲལ་དུ་ཚུད་པ་ཡིན་པས་བྲིས་རྒྱུན་རྒྱུན་འཛིན་དང་དར་སྤེལ་ལ་བྱས་རྗེས་འཇོག་མཁན་གྱི་ཀ་སྡོང་ལྟ་བུ་ཡིན་དགོས་པས། ཁྱད་པར་རིག་གནས་ཀྱི་རྨང་གཞི་བརྟན་པོ་ཆགས་པ་མ་ཟད། སྤྱོད་ལམ་གཙང་ལ་མི་གཞི་ལེགས་པ་སོགས་མཁས་བཙུན་བཟང་གསུམ་ལྟ་བུའི་ཡོན་ཏན་དང་ལྡན་པ་སྨྱུ་གུའི་བསྟན་བཅོས་སུ་དངོས་བསྟན་ཞུས་པ་ལྟར་ཡོང་བ་ལ་འབད་དགོས།
(༡༤) རྫོགས་རིམ་དང་པོའི་བསླབ་གཞི་དང་དེའི་ནང་དོན། སློབ་ཡུན་ལོ་ཚད།
རིམ་པ་འདིར་སྦྱང་ཟིན་པའི་ཡིག་གཟུགས་ཐམས་ཅད་ལས་རིགས་ལྔ་ལ་མཁས་པ⑴ནི་རྩ་བའི་ཚད་གཞི་དང་ཡིག་མཁན་གྱི་གཅེས་ནོར་བཟོ་པའི་རིག་པ་དང་ཉམས་མྱོང་ཡོད་པ⑵། བྱེ་བྲག་བྲིས་རྩལ་གྱི་ཆ་ནས་བྲིས་ལ་དག་སྙོམ་མཛེས་གསུམ་དང་། བརྩམས་ཆོས་ཀྱི་ཁོག་འབུབ་ཚུལ་ལ་སྙོམ་གཙང་འགྲིག་གསུམ་གྱི་ཐུན་མོང་ཁྱད་ཆོས་དྲུག་འབུར་དུ་ཐོན་པ⑶། ཐུན་མོང་མ་ཡིན་ཁྱད་ཆོས་ལྡན་པ⑷། བྲིས་རྒྱུན་རྒྱུད་འཛིན་གྱི་ཆ་ནས་སྐལ་ལྡན་སློབ་བུ་རྗེས་སུ་འཛིན་པར་དགའ་བ། སྤྲོ་བ། བརྩོན་པ། འཇུག་པ་བཞི་དང་ལྡན་པ⑸། ཁྱད་པར་རིག་གནས་ཀྱི་རྨང་གཞི་བརྟན་པོ་ཆགས་པ⑹མ་ཟད། སྤྱོད་ལམ་གཙང་ལ་མི་གཞི་ལེགས་པ⑺།
(༡༥) རྫོགས་རིམ་གཉིས་པའི་བསླབ་གཞི་དང་དེའི་ནང་དོན། སློབ་ཡུན་ལོ་ཚད།
རིམ་པ་འདིར་སྦྱང་ཟིན་པའི་ཡིག་གཟུགས་ཐམས་ཅད་ལས་རིགས་དྲུག་ལ་མཁས་པ⑴ནི་རྩ་བའི་ཚད་གཞི་དང་ཡིག་མཁན་གྱི་གཅེས་ནོར་བཟོ་བའི་རིག་པ་དང་ཉམས་མྱོང་ཡོད་པ⑵། བྱེ་བྲག་བྲིས་རྩལ་གྱི་ཆ་ནས་བྲིས་ལ་དག་སྙོམ་མཛེས་གསུམ་དང་། བརྩམས་ཆོས་ཀྱི་ཁོག་འབུབ་ཚུལ་ལ་སྙོམ་གཙང་འགྲིག་གསུམ་གྱི་ཐུན་མོང་ཁྱད་ཆོས་དྲུག་འབུར་དུ་ཐོན་པ⑶། ཐུན་མོང་མ་ཡིན་ཁྱད་ཆོས་ལྡན་པ⑷། བྲིས་རྒྱུན་རྒྱུད་འཛིན་གྱི་ཆ་ནས་སྐལ་ལྡན་སློབ་བུ་རྗེས་སུ་འཛིན་པ། ཡིག་གཟུགས་ལོ་རྒྱུས་དང་རིག་གཞུང་ཐད་ཀྱི་དཔྱད་རྩོམ་དང་འཆད་ཁྲིད་སྤེལ་བ⑸། བརྩམས་ཆོས་ཁྱད་པར་ཅན་ཡོད་པ། བཅུ་ཕྲག་རིག་གནས་ཀྱི་མཁྱེན་རྒྱ་ཡང་བ⑹མ་ཟད། སྤྱོད་ལམ་གཙང་ལ་མི་གཞི་ལེགས་པ⑺།
(༡༦) རྫོགས་རིམ་གསུམ་པའི་བསླབ་གཞི་དང་དེའི་ནང་དོན། སློབ་ཡུན་ལོ་ཚད།
རིམ་པ་འདིར་སྦྱང་ཟིན་པའི་ཡིག་གཟུགས་ཐམས་ཅད་ལས་རིགས་བདུན་ལ་མཁས་པ⑴ནི་རྩ་བའི་ཚད་གཞི་དང་ཡིག་མཁན་གྱི་གཅེས་ནོར་བཟོ་པའི་རིག་པ་དང་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པ⑵། བྱེ་བྲག་བྲིས་རྩལ་གྱི་ཆ་ནས་བྲིས་ལ་དག་སྙོམ་མཛེས་གསུམ་དང་། ལེགས་མགྱོགས་འགྲིག་གསུམ⑶སོགས་བརྩམས་ཆོས་ཀྱི་ཁོག་འབུབ་ཚུལ་དང་བཅས་པར་ཐུན་མོང་ཁྱད་ཆོས་དང་ཐུན་མོང་མ་ཡིན་ཁྱད་ཆོས་ལྡན་པ⑷གཞན་ཡིད་འཕྲོག་པ། བྲིས་རྒྱུན་རྒྱུད་འཛིན་གྱི་ཆ་ནས་རྒྱུད་འཛིན་པ་བསྐྱེད་བསྲིང་དང་། ཡིག་གཟུགས་ལོ་རྒྱུས་དང་རིག་གཞུང་ཐད་ཀྱི་དཔྱད་རྩོམ་དང་ཕྱག་དཔེ་བཏོན་པ། འཆད་ཁྲིད་སྤེལ་ཐུབ་པ⑸། བརྩམས་ཆོས་ཁྱད་པར་ཅན་ཡོད་པ⑹། བཅུ་ཕྲག་རིག་གནས་ཀྱི་མཁྱེན་དཔྱོད་ཡངས་ལ⑺། མཁས་པའི་ཡོན་ཏན་གསུམ་དང་ལྡན་ལ་ཀུན་གྱིས་ཚད་མར་འཛིན་པ⑻བཅས་སོ། །
དེ་ལྟར་བྲིས་པ་སོ་སོའི་སྐྱེས་སྟོབས་དང་སྦྱང་སྟོབས། བློ་མཆོག་དམན་བར་གསུམ་གྱི་དབང་གིས་རིམ་པ་སོ་སོར་སློབ་ཡུན་མི་འདྲ་བའི་རྣམ་པས་བཅད་ཅིང་། ཀ་རིམ་དང་པོ་དང་ཀ་རིམ་བར་མ། ཀ་རིམ་གསུམ་པ་གསུམ་ལ་བསླབ་ཡུན་ལོ་༣ནས་༦གི་དུས་ཡུན་དང་། འཕེལ་རིམ་དང་པོ་ནས་འཕེལ་རིམ་བར་མ་དང་འཕེལ་རིམ་གསུམ་པ་གསུམ་ལ་ལོ་ངོ༦ནས༡༠ཡི་ཆེད་སྦྱོང་སློབ་ཡུན་དང་། རྒྱུན་མཐུད་སློབ་ཡུན་ལོ་ངོ་༩ནས---༡༦ཡས་མས་ཟིན་པ། གྲུབ་རིམ་དང་པོ་ནས་གྲུབ་རིམ་བར་མ་དང་གྲུབ་རིམ་གསུམ་པ་གསུམ་ལ་ལོ་ཚད༣ནས་༦གི་ཆེད་སྦྱོང་སློབ་ཡུན་འདང་དགོས་ལ། རྒྱུན་མཐུད་སློབ་ཡུན་ལ་ལོ་༡༢ནས་༢༢ཙམ་འདང་དགོས། རྫོགས་རིམ་དང་པོ་ནས་རྫོགས་རིམ་བར་མ་དང་རྫོགས་རིམ་གསུམ་པ་གསུམ་གྱི་བསླབ་ཡུན་ནི་ལོ་༦ནས་ལོ་༩ཡིན་ལ། རྒྱུན་མཐུད་སློབ་ཡུན་ལོ་༡༨ནས་༣༤ཙམ་དུ་ཚད་བཟུང་ནའང་དུས་ཚོད་ཁོ་ནའི་གཞལ་བྱ་མིན་ལ་གཙོ་བོ་བྲིས་པའི་རྒྱུད་ཀྱི་རྩལ་དང་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་སྤྱི་ལས་གྲུབ་པ་ལྟ་བུར་ངོས་འཛིན་དགོས།
གསུམ་པ། ཞར་བྱུང་མིང་གི་རྣམ་གྲངས་བསྟན་པ།
མིང་གི་རྣམ་གྲངས་བཤད་པ་ལ་འདིར་བྱེ་བྲག་ཏུ་རིམ་པ་ཁག་གི་མིང་འདོགས་ལུགས་ཞིབ་ཏུ་སོང་ཟིན་ནའང་འདིར་ཡང་ཞར་བྱུང་དུ་མདོ་ཙམ་བཤད་ན། གཅིག་ནས་བྲིས་རྩལ་རིམ་པ་སྔ་མ་གསུམ་ལ་དང་པོ་གཉིས་པ་གསུམ་པ་གསུམ་ལན་རེར་འཁོར་བའི་མིང་འདོགས་ལུགས་ཏེ། དཔེར་ན་ཀ་རིམ་དང་པོ་དང་། ཀ་རིམ་གཉིས་པ། ཀ་རིམ་གསུམ་པ། འཕེལ་རིམ་དང་པོ་དང་། འཕེལ་རིམ་གཉིས་པ། འཕེལ་རིམ་གསུམ་པ། གྲུབ་རིམ་དང་པོ་དང་། གྲུབ་རིམ་གཉིས་པ། གྲུབ་རིམ་གསུམ་པ། རྫོགས་རིམ་དང་པོ་དང་རྫོགས་རིམ་གཉིས་པ། རྫོགས་རིམ་གསུམ་པ་ལྟ་བུ་དང་། གཉིས་ནས་རིམ་པ་བཞི་ལ་ཐོག་མཐའ་བར་གསུམ་གྱི་མིང་གི་འདོགས་ལུགས་བཞིན། ཀ་རིམ་འོག་མ། ཀ་རིམ་བར་མ། ཀ་རིམ་ཐོག་མའམ་གོང་མ་བཅས་གསུམ་ཀ་བསྐྱར་བ་ལས་མིང་གི་རྣམ་གྲངས་གསར་བ་བཅུ་གཉིས་རང་བཞིན་གྱིས་ཐོན་ཡོང་། གསུམ་ནས་རིམ་པ་བཞི་ལུ་གུ་བརྒྱུད་དུ་དང་པོ་ནས་བཅུ་གཉིས་པའི་བར་དུ་བསྟར་ལ་བརྒྱུས་པའི་མིང་འདོགས་ཚུལ་ཏེ། ཀ་རིམ་དང་པོ། ཀ་རིམ་གཉིས་པ། ཀ་རིམ་གསུམ་པ། འཕེལ་རིམ་བཞི་བ། འཕེལ་རིམ་ལྔ་བ། འཕེལ་རིམ་དྲུག་པ། གྲུབ་རིམ་བདུན་པ། གྲུབ་རིམ་བརྒྱད་པ། གྲུབ་རིམ་དགུ་བ། རྫོགས་རིམ་བཅུ་བ། རྫོགས་རིམ་བཅུ་གཅིག་པ་དང་རྫོགས་རིམ་བཅུ་གཉིས་པ་བཅས་མིང་གི་འདོགས་ལུགས་དང་། བཞི་ནས་རིམ་པ་བཞི་ལ་མཐོ་རིམ་ནས་དམའ་རིམ་བཞིན་གོ་རིམ་ལྟར་གསེར་དངུལ་ཟངས་གསུམ་སྦྱར་བའི་མིང་གི་འདོག་ལུགས་ཏེ། ཀ་རིམ་གསེར་སྨྱུག་ནི་ཀ་རིམ་གསུམ་པ་དང་། ཀ་རིམ་དངུལ་སྨྱུག་ནི་ཀ་རིམ་གཉིས་པ། ཀ་རིམ་ཟངས་སྨྱུག་ནི་ཀ་རིམ་གསུམ་པ་ལྟར་འདོགས་པ་ཡང་འཕེལ་རིམ་དང་གྲུབ་རིམ་རྫོགས་རིམ་གསུམ་ལ་རིག་འགྲེས་པར་བྱས་ན་ཡང་མིང་གི་རྣམ་གྲངས་ཆ་ཚང་ཆགས་ཐུབ། ལྔ་ནས་ཡིག་རྩལ་མདོར་བསྡུས་སུ་བརྗོད་པ་ལ་ཀ་རིམ་བྲིས་རྩལ་བ་དང་། འཕེལ་རིམ་བྲིས་རྩལ་བ། གྲུབ་རིམ་བྲིས་རྩལ་བ། རྫོགས་རིམ་བྲིས་རྩལ་བ་སོགས་སུ་བརྗོད་བདེ་ལ་ཁ་གསལ་བའི་མིང་སྣ་ཚོགས་གང་མཁོ་བབས་བསྟུན་དུ་སྤྱོད་པའི་དགེ་མཚན་དང་བཅས་མ་ནོར་བར་བྱའོ།། །།
མཆན་འགྲེལ།
[1] བྲིས་རྩལ། ཡིག་གཟུགས་འབྲི་བའི་རྩལ་གྱི་མིང་ཡིན་ལ། བྲིས་རྩལ་གྱི་ངེས་ཚིག་ནི་ཡིག་གཟུགས་ཀྱི་བྲིས་རྒྱུན་མི་འདྲ་བ་གང་དེའི་ཡུན་རིང་འཕེལ་རྒྱས་ཁྲོད་སྤྱི་སྡོམ་བྱུང་བའི་དག་སྙོམས་མཛེས་གསུམ་སོགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་མཛེས་དཔྱོད་དུ་གྱུར་བའི་བྲིས་ཀྱི་སྒྱུ་རྩལ་རང་བཞིན་དེ་ལ་བྲིས་རྩལ་ཞེས་བརྗོད་པ་དང་། ཡིག་གཟུགས་ནི་ཡི་གེ་མཚོན་པའི་གཟུགས་རིས་ཁོ་ན་ལས་སྒྱུ་རྩལ་རང་བཞིན་ལ་གོ་བ་མི་འགྲོ་བས་མིང་དེ་གཉིས་ལ་ཁྱད་པར་ཆེ་བར་འདོད། །
[2] ལྷ་སའི་ཡིག་མཁན་ཆེན་མོ་རྒན་བསྟན་འཛིན་ལགས་ནས་༢༠༢༣ལོའི་ཟླ༤ཚེས་༣༠ཉིན་བོད་ཀྱི་ཡིག་གཟུགས་དུས་ཆེན་སྐབས་སུ་སི་ཁྲོན་ཁྲིན་ཏུའུ་ནས་ཡིག་གཟུགས་གླེང་མོལ་གྱི་ཁྲོད་མཁས་པའི་གསུང་རྒྱུན་དང་ཕྱག་ལེན་ཡིན་པར་གསུངས།
[3] དང་པོ་ཐིག་དང་མ་བྲལ་བ།། བར་དུ་ཐིག་ལས་མ་འདའ་བ།། མཐའ་མར་ཐིག་གིས་མ་བཅིངས་པ།། ཞེས་པ་ནི་གུས་པས་ཡིག་གཟུགས་དཔྱད་རྩོམ་ཞིག་གི་ཁྲོད་དུ་བཀོད་པའི་སྡོམ་ཚིག་ཞིག་ཏེ། སྡོམ་དེ་རང་ཉིད་ཀྱི་མི་ཚེ་གང་གི་ཡིག་གཟུགས་སློབ་གཉེར་དང་འབྲི་སྦྱོང་། བརྩམས་ཆོས་གསར་རྩོམ། སློབ་མ་གསོ་སྐྱོང་སོགས་ཀྱི་གོ་རིམ་ཁྲོད་ཀྱི་མྱོང་གྲུབ་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས་འཛིན་བདེ་བར་བྱས་པ་ཞིག་གོ །2022ལོར་སི་ཁྲོན་ནས་བོད་ཀྱི་ཡིག་གཟུགས་ཉིན་མོའི་བགྲོ་གླེང་ཚོགས་འདུ་དང་། 2023ལོའི་ཀན་ལྷོ་ནས་ཚོགས་པའི་སྨོན་ལམ་ཡིག་རྒྱུན་གྱི་བགྲོ་གླེང་ཚོགས་འདུའི་སྟེང་ཡིག་མཁན་རྣམས་དང་མཉམ་སྤྱོད་བྱས་མྱོང་།
དཔྱད་གཞིའི་ཡིག་རིགས་ཁག
༡. ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཤེས་བྱ་ཀུན་ཁྱབ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༢ལོ།
༢. སྡེ་སྲིད་སངས་དབང་བློ་བཟང་གི་བཟོ་རིག་སོགས་ལས་བྱུང་པའི་མིང་གི་རྣམ་གྲངས།
༣. རོང་ཐ་དམ་ཆོས་རྒྱ་མཚོའི་གསུང་རབ་ཡི་གེར་བྲི་བའི་ཆ་རྐྱེན་ཡི་གེའི་ཐིག་གི་རྣམ་བཞག་བཤད་པ་གནའ་དཔེ་ཕྱག་བསྟར་མ།
༤. རྗེ་མུ་དགེ་བསམ་གཏན་རྒྱ་མཚོས་མཛད་པའི་བློ་གསལ་དགའ་སྟོན།
༥. ཚེ་ཏན་ཞབས་དྲུང་ཚང་གི་གསུངས་འབུམ་པོད་བཞི་བ།
༦. དྲུང་ཡིག་སྨོན་ལམ་རྒྱ་མཚོས་མཛད་པའི་བོད་ཀྱི་ཡིག་གཟུགས་བློ་གསལ་སྤྱི་ནོར།
༧. ཡི་གེའི་བཤད་པ་མཁས་པའི་ཁ་རྒྱན།
༨. བྲིས་ཀྱི་མན་ངག་ཡི་གེའི་ཆ་ཐིག་ནམ་མཁའི་ནོར་བུ།
༩. དྲུང་ཡིག་རྣམ་རྒྱལ་རྡོ་རྗེ་སོགས་ཀྱིས་མཛད་པའི་བོད་ཡིག་གི་དཔེ་གཟུགས་ཞེས་བྱ་བ།
༡༠. དཔལ་བསྡུས་ཀྱི་བོད་ཀྱི་ཡི་གེའི་རྣམ་བཤད་སེང་གེའི་ང་རོ།
༡༡. ཡི་གེའི་རྣམ་བཞག་རབ་གསལ་མེ་ལོང་།
༡༢. ཡིག་གཟུགས་སྣ་བརྒྱའི་ཕྱི་མོ་ཞལ་བཤུས་མ།
༡༣. ལྷ་ཁང་བློ་བཟང་རྡོ་རྗེ་ལགས་ཀྱི་བཀྲ་ཤིས་ལྷུན་པོ་དགོན་པའི་རྩེ་སློབ་གྲྭའི་ཡིག་གཟུགས་ཀ་དཔེ།
༡༤. དཔལ་རིས་སངས་རྒྱས་ལགས་ཀྱི་བོད་ཡིག་འབྲི་ཚུལ་མཐོང་བ་ཀུན་སྨོན།
༡༥. སྤེན་ནོར་གྱི་གངས་ཅན་ཡི་གེའི་གཟུགས་རིས་ཀྱི་རིག་པའི་གཞུང་ལུགས་དང་ལག་ལེན་བསྡེབས་ཏེ་བསྟན་པ་གཡུ་ཁྲིའི་ཞལ་ལུང་།
༡༦. གྲོང་ཁང་ཚེ་རིང་ཆོས་རྒྱལ་གྱི་གངས་ཅན་ཡིག་སྲོལ་འཕེལ་རིམ་སྐོར་གྱི་གླེང་གཏམ་ཡིད་ཀྱི་རང་སྒྲ།
༡༧. རྒན་དོན་གྲུབ་ཚེ་རིང་དང་ལྷུན་གྲུབ་རྡོ་རྗེས་སྒྲིག་རྩོམ་བྱས་པའི་སློབ་ཆེན་བོད་ཡིག་ཡིག་གཟུགས་ཁྲིད་གཞི།
༡༨. རྒན་བསྟན་འཛིན་གྱི་བོད་ཀྱི་རྒྱུན་སྤྱོད་ཡིག་གཟུགས་འབྲི་ཚུལ་མཁས་པའི་ཞལ་གདམས།
༡༩. ཀྲུང་གོའི་ཡིག་གཟུགས་སྣ་བརྒྱའི་མེ་ལོང་།
རྩོམ་པ་པོའི་མཆན། རྩོམ་འདི་ནི་དེ་སྔའི་བོད་ཀྱི་ཡིག་གཟུགས་འབྲི་སྦྱོང་སྲོལ་རྒྱུན་དང་མཐུན་པའི་སྒོ་ནས་འཛིན་སྐྱོང་གནང་ཚུལ་དང་། དེང་རབས་དང་མཐུན་པའི་སྒོ་ནས་དར་སྤེལ་གཏོང་ཚུལ་ཞེས་པ་བརྗོད་དོན་བྱས་ནས༢༠༡༩ལོའི་མཐུན་ཚོགས་ཀྱི་དཔྱད་རྩོམ་ལས་བྱ་ལ་བྲིས་མོད། འཐུས་ཚང་མ་བྱུང་བས་ལོ་མཇུག་སྤྱི་སྡོམ་སྐབས་ནང་ཁུལ་ནས་མཉམ་སྤྱོད་ཙམ་བྱས་པ་ལས་ཕྱི་ལ་མ་བཏང་། ༢༠༢༢ལོར་རིམ་བཞིན་འགྱུར་བ་བཏང་ནས་བོད་ཀྱི་ཡིག་གཟུགས་ཚད་རིམ་གཏན་འཁེལ་ལ་ཐོག་མའི་ཞིབ་འཇུག་བྱས་ཁུལ་ཙམ་དུ་བཅོས་པ། ༢༠༢༣ལོའི་ལོ་མཇུག་ཏུ་ཡིག་རྒྱུགས་ཆོག་མཆན་རེག་པའི་གོ་སྐབས་དང་བསྟུན་དེའི་ཚད་གཞིའི་མ་ཟིན་ཙམ་དུ་བཅོས་པ་མ་འོངས་བོད་ཀྱི་ཡིག་གཟུགས་རིག་གནས་འཛིན་སྐྱོང་སྤེལ་གསུམ་ཁྲོད་ཀྱི་མཐུན་རྐྱེན་ཙམ་དུ་འགྱུར་ཅིག་གུ །
འབྲེལ་ཡོད་འོས་སྦྱོར།