«གསེར་གྱི་བྱ་སྐྱིབས»བཀླགས་པ། གདོན་མིག
རྩོམ་པ་པོ།:གདོན་མིག
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2024-04-23
ཀློག་གྲངས།:
བྲག་སྟེང་གི་གསེར་གྱི་རྒྱལ་ཁབ་མཐོང་བ།
སྒོ་བུ་ཤ་བོ་ཚེ་རིང་གི«གསེར་གྱི་བྱ་སྐྱིབས»བཀླགས་པ།
ངའི་ཡིད་དུ། «ལེགས་བཤད་གསེར་གྱི་ཕྲེང་བ»དང་། «གཏམ་རྒྱུད་གསེར་གྱི་ཐང་མ»དང་། «གསེར་གྱི་ཡལ་ག»དང་། «གསེར་གྱི་རྒྱལ་ཁབ»སོགས་གསེར་གྱི་མིང་གིས་གདགས་པའི་གླེགས་བམ་མང་པོ་ཞིག་གི་འཕྲིན་ལས་འཁོར་བའི་མོད་ལ། གྲོགས་སྒོ་བུ་ལགས་ཀྱིས་བརྩམས་པའི«གསེར་གྱི་བྱ་སྐྱིབས»འདི་ལའང་། གསེར་ལྟ་བུའི་འཕྲིན་ལས་ཤིག་དར་བའི་ཡིད་ཆེས་མི་དམན་པ་ཞིག་རྙེད་བྱུང་།དེབ་འདི་ན་ནིང་བྲེལ་ཟིང་བར་ཐེངས་ཤིག་བཀླགས་མོད། གཟབ་ནན་ཞིག་མ་ཐུབ་པས་ཡང་བསྐྱར་སེམས་དལ་མོས་ཐེངས་ཤིག་བཀླགས་པ་ལ། ཤེས་བྱ་དང་སེམས་བྱུང་། ལོ་རྒྱུས་ཀྱི་དྲན་པ་སོགས་ཡིད་རབ་བསྒུལ་བའི་ལེགས་བྱང་མང་དུ་བསྩལ། དེ་བས། དེབ་འདི་བཀླགས་པའི་ཟིན་ཐོ་ཞིག་འབྲི་ཐུབ་ན་དེབ་འདི་མ་རེག་པའི་སྐྱེ་བོ་འགའ་རེ་ལའང་སྐུལ་ལྕག་ཅིག་ཏུ་འགྱུར་བར་བསམ་སྟེ་ཤེས་རྒྱ་དམན་པའི་སྙུ་གུ་ལག་ཏུ་འཛིན་ཁུལ་བགྱིས་པ་ལ་དགེ་ལེགས་འབྱུང་བར་ཤོག
དེབ་འདི་གཙོ་ཆེ་བའི་རབ་བྱེད་བཞིས་གྲུབ་ཅིང་། བོད་ཡུལ་སྟོད་སྨད་བར་གསུམ་ལ་བསྐྱོད་དེ་བྲིས་པའི་ཡུལ་བསྐོར་ཟིན་ཐོ་བཅུ་བདུན་འཁོད་འདུག སྤྱིར་བོད་རང་ལ་ཡུལ་བསྐོར་རྩོམ་རིག་གི་སྲོལ་རྒྱུན་རིང་བོ་ཞིག་མི་འདུག་ཅིང་། དགེ་འདུན་ཆོས་འཕེལ་གྱི«གཏམ་རྒྱུད་གསེར་ཐང»གི་གོང་ལ«ཆག་ལོ་ཙཱ་བའི་རྣམ་ཐར»དང«འཛམ་གླིང་རྒྱས་བཤད»ལྟ་བུའི་ལམ་ཡིག་སྐོར་ཞིག་ཡོད་མོད། ཕྱིས་ཀྱི«གཏམ་རྒྱུད་གསེར་ཐང»ལྟ་བུའི་ཡུལ་བསྐོར་ཟིན་ཐོ་ནི་མེད་པས། གཅིག་ཐང་ན། པཎྡི་ཏ་དགེ་ཆོས་མཆོག་གི«གཏམ་རྒྱུད་གསེར་ཐང»གིས་བོད་ཀྱི་རྩོམ་བྱུང་ལོ་རྒྱུས་ཁྲོད་ཡུལ་བསྐོར་རྩོམ་རིག་གི་སྒོ་ཆེན་གསར་བ་ཞིག་ཕྱེས་མེད་པའི་ངེས་པ་མེད་ཅིང་། དེའི་ཉེར་ལེན་གྱིས་མཁས་དབང་དོན་གྲུབ་རྒྱལ་དང་འཕྲིན་ལས་ཆོས་གྲགས་སོགས་ཀྱིས་ཀྱང་ཡུལ་བསྐོར་ཟིན་ཐོ་འགའ་རེ་བྲིས་ཡོད་པར་མ་ཟད། བླུན་པོ་སྙུག་ཐོགས་ཀྱི«རྐང་བའི་སྒྲུང»དང་གངས་དབང་ལགས་ཀྱི«རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག»(དེབ་གསུམ། འདི་རིག་གནས་ལྷུག་རྩོམ་ལ་གཞོལ་ཆེ།) ནམ་མཁའི་ནོར་བུའི«བྱང་འབྲོག་གི་ལམ་ཡིག» རྨེ་རུ་ཡུལ་ལྷ་ཐར་གྱི«ཧི་མ་ལ་ཡ་བརྒལ་བ» ཧོར་གཙང་ཀླུ་རྒྱལ་གྱི«ཟིན་བྲིས་ཁབ་སྐུད་མ» མི་ལ་ཙི་ཙིའི«ཆོལ་གསུམ་ལམ་ཡིག»(གློག་རྡུལ་མུ་འགོད་བྱེད་ཀྱིན་ཡོད) འབྲོག་སྐྱ་བོའི«དུས་མཐའི་འཁྱམ་བསྐྱོད»(དེབ་ལྔ) དེ་མིན«སྦྲང་ཆར»སྟེང་དུའང་ཡུལ་བསྐོར་ལྷུག་རྩོམ་འགའ་རེ་བཀོད་ཡོད།
ཡིན་ནའང་། ཡུལ་བསྐོར་ཟིན་ཐོའི་རྩོམ་ལུས་འདི་བོད་ཀྱི་གནའ་དེང་གི་རྩོམ་རིག་གཞུང་ལུགས་དང་རྩོམ་བྱུང་ལོ་རྒྱུས་ཁྲོད་བཞག་མེད་ལ། འབྲིང་རིམ་བསླབ་གཞིའི་ཁྲོད་དུའང་ཉུང་ཙམ་ལས་ཐོན་མེད། དེའི་རྒྱུ་མཚན་ནི་དུས་རབས19བར་བྷོ་སྒྲེ་ལེ་ཨར(1821-1867)གྱི«སྡིག་པའི་མེ་ཏོག»བརྩམས་པ་ནས་བཟུང་། ལྷུག་རྩོམ་སྙན་ངག་གི་རྩོམ་སྲོལ་གསར་མ་དེ་ལྷུག་རྩོམ་གྱི་རྩོལ་སྲོལ་གཞན་དག་ལས་འགོངས་ཏེ་སྒྱུ་རྩལ་རྩོམ་རིག་གི་སྒང་ལ་ཐོལ་གྱིས་བུད་ཅིང་། དེའི་ཡར་སྔོན་གྱི་འཛམ་གླིང་རྩོམ་བྱུང་ལོ་རྒྱུས་ཁྲོད་ལྷུག་རྩོམ་གྱི་རྩོམ་ལུས་དེ་རབ་རིབ་ཀྱི་ཚུལ་ཏུ་བཞག་ཡོད། དེ་ནི་སྒྲ་དོག་འཇུག་གི་དབང་དུ་བྱས་པའི་ལྷུག་རྩོམ་གྱི་རིགས་དབྱེའི་གཞུང་ལུགས་མ་བྱུང་བས། སྐབས་རེར་དུངས་བརྗོད་དང་ཡིད་འགྱུར་གཅིག་ཏུ་འཁྲུལ་བ་དང་། སྐབས་རེར་རིག་གནས་ལྷུག་རྩོམ་དང་ཡུལ་བསྐོར་ལྷུག་རྩོམ་གཉིས་གཅིག་ཏུ་བསྲེས་པ་ལྟ་བུས་ལྷུག་རྩོམ་གྱི་རྩོམ་ལུས་འདི་སྒྱུ་རྩལ་རྩོམ་རིག་གི་ཁོངས་སུ་བསྡུ་དང་མི་བསྡུ་བ་ཅི་རིགས་བྱུང་ཡོད།
གང་ལྟར། སྒོ་བུ་ལགས་ཀྱི«གསེར་གྱི་བྱ་སྐྱིབས»ཞེས་པའི་ཡུལ་བསྐོར་ཟིན་ཐོ་འདི་གོང་འཁོད་ཡུལ་བསྐོར་དེབ་དག་ལས་ཅུང་མི་འདྲ་བ་ཞིག་འདུག་སྟེ། ནང་དོན་གྱི་ཆ་ནས་ལོ་ཙཱ་བའི་གདན་ས་འཚོལ་བའམ་ལོ་ཙཱ་བ་གང་དེའི་གདན་སའི་རིག་གནས་རྟོག་ཞིབ་ལྟ་བུ་བྱས་པ་ཤོས་ཆེ་ལ། འབྲི་ལུགས་ཀྱང་བསྟན་བཅོས་དང་རྣམ་ཐར་གྱི་འབྲི་སྲོལ་ལྟར་མིན་པར་ལོ་ཚིགས་དང་རེའུ་མིག ས་ཁྲ། པར་རིས། རིགས་དབྱེ། ཆ་ཚད་འཇལ་བ་དང་འཕྲེད་གཞུང་ཐིག་གི་ཚད་གྲངས། ཡང་ན། ལྷན་ཐབས། དཔེ་རིས། མཆན་བུ། འཕྲིན་ཡིག སྙན་ངག་སོགས་གཞི་གཅིག་ཏུ་བསྡེབས་ཏེ་བྲིས་པ་ལ། མཇལ་མ་ཐག་མིག་ལམ་དུ་འཆར་སླ་ཞིང་ཡུལ་དངོས་ལ་འགྲོ་བ་ལྟ་བུའི་སྣང་བ་འགོག་མེད་དུ་སྟེར། ལྷག་པར། ལྷ་སྐུ་དང་ཡུལ་ལྗོངས། ལྡེབས་རིས། གནའ་ཤུལ། བྲག་ཕུག མཆོད་རྟེན། ལྷ་ཁང་། གཙུག་ལག་ཁང་། རྡོ་རིང་སོགས་ཀྱི་ཚོན་ལྡན་པར་རིས200ལྷག་རྩོམ་གྱི་ལྷན་ཐབས་སུ་བཀོད་ཡོད་པ་དེབ་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡིན་ལ། ཁད་ཀྱིས་བལྟས་ཚེ། དེབ་འདི་ནི་བོད་ཀྱི་གནའ་ཤུལ་ཤེས་རིག་གི་གཏེར་མཛོད་ཅིག་ཡིན་ལ། རང་རེ་ལ་འདི་འདྲའི་པར་རིས་མང་པོ་བཀོད་པའི་ཡུལ་སྐོར་ཟིན་ཐོ་ནི«ཧི་མ་ལ་ཡ་བརྒལ་བ»དང་འདི་གཉིས་རེད་སྙམ། དགེ་ཆོས་ཀྱིས་ཀྱང་ཁོང་གི་རི་མོ་མང་ཤོས་ཤིག་གསེར་ཐང་གི་བར་བཅུག་ཏུ་བྲིས་མོད། རྗེས་སུ་དེ་ལྟར་དཔར་བའི་སྐལ་བ་མ་བྱུང་བར་གཤེགས།
དེ་མིན། རྣམ་ཐར་དང་ལམ་ཡིག་ལ་གཞི་བཅོལ་ནས་བྲིས་པར་སྣང་བའི་ལྷ་སྐུ་དག་གི་སྣང་བརྙན་གྱི་ལྷུག་བརྗོད་ནི་ཤིན་ཏུ་གསོན་ཉམས་ལྡན་ཞིང་། མ་མཐོང་ཡང་ཡིད་ལ་གསལ་བོར་འཆར་བར་བྱེད་པ་ཞིག་རེད། དཔེར་ན།
"ཕྱི་སྒོའི་གཡས་གཡོན་གྱི་ཁ་ནང་ལྟའི་ལྡེབས་རིས་ལ་སྐུ་མདོག་དམར་པོ་མི་ལུས་ར་མགོ་ཅན། ཕྱག་གཡས་ཐོད་པས་བརྒྱན་པའི་དབྱུག་ཏོ་འཛིན་པ། གཡོན་སྡིག་མཛུབ་ཀྱིས་རང་གི་ཐུགས་ཀར་གཏད་པ། མེ་དཔུང་དམར་པོའི་དཀྱིལ་དུ་བཞེངས་པའི་སྐུ་བརྙན་གཉིས་བྲིས་འདུག"ལྟ་བུ། (བཀའ་སྲུང་གནོད་སྦྱིན་ར་མགོ་ཅན་གྱི་སྣང་བརྙན)
"སྐུ་མདོག་མཐིང་ག་རབ་ཏུ་བྱུང་བའི་ཆ་ལུགས་ཅན། ཕྱག་གཡས་མཆོག་སྦྱིན་གྱི་མཐིལ་ན་ཨ་རུ་རའི་འབྲས་བུ་འཛིན་ཅིང་། གཡོན་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ། དར་དམར་པོའི་ཆོས་གོས་རྣམ་གསུམ་གསོལ་ཏེ། ཞབས་ཟུང་མཉམ་པའི་སྟབས་ཀྱིས་པད་ཟླ་ལ་བཞེངས་པའོ།།"ལྟ་བུ། (ཟངས་མདོག་དཔལ་རིའི་རྡོ་བརྐོས་རི་མོ་སངས་རྒྱས་སྨན་བླའི་སྣང་བརྙན)
"ཞལ་གཅིག་ཕྱག་གཉིས། ཕྱག་གཡས་མཆོག་སྦྱིན་དང་། གཡོན་གདན་ལ་བརྟེན་པས་པདྨའི་ཡུ་བ་འཛིན་པ། ཞབས་གཡས་བརྐྱངས་པའི་སྐྱིལ་ཀྲུང་ཕྱེད་པའི་རོལ་པས་པད་མའི་གདན་ལ་བཞུགས་པ། རི་དྭགས་ཀྱི་པགས་པའི་ཚབ་ལ་དར་འཕྱངས་ཀྱིས་ནུ་མ་གཡོན་པ་བཀབ་པའོ།།"ལྟ་བུ། (སྤྱན་རས་གཟིགས་སེམས་ཉིད་ངལ་གསོ་ཡི་སྣང་བརྙན) ཕྱི་མ་གཉིས་ནི་མཆིམས་ཕུའི་ཟངས་མདོག་དཔལ་རིའི་རྒྱབ་ཞོལ་བྲག་བརྐོས་རི་མོ་དག་ལས་བཤུས་པ་ཡིན་ལ། ཟངས་རིའི་རྡོ་བརྐོས་རི་མོ་དག་སྒོ་བུ་ཤ་བོ་ཚེ་རིང་གིས་ཐོག་མར་རྙེད་པར་སྨྲ།
འདི་འདྲའི་སྐུ་བརྙན་གྱི་ཕྱག་རྒྱ་དང་ལྷ་སྐུའི་བཞེངས་སྟངས་བཞུགས་སྟངས་སོགས་བྲིས་པ་ལ་རྩོམ་རིག་གི་རོ་ཉམས་ཁྱད་འཕགས་ལྡན་ཞིང་། དགོན་སྡེའི་བཟོ་བཀོད་ཕྱོགས་ནས་ཀྱང་གསེར་དང་འདྲ་བའི་ཐ་སྙད་མང་པོས་དྲན་པ་གསོ་བར་བྱེད། དཔེར་ན། འདུ་ཁང་། གཙང་ཁང་། འོག་ཁང་། བར་ཁང་། སྟེང་ཁང་། སྦུག་ཁང་། གཞལ་ཡས་ཁང་སོགས་རིན་ཆེན་ཕྲེང་བ་སྤུང་པ་ལྟར་བཀོལ་འདུག་ཅིང་། ལྷ་རིས་ཀྱི་ཕྱོགས་ནས་ལྡེར་སྐུ། བྲིས་འབུར། བྲིས་སྐུ། འཇིམ་སྐུ་སོགས་ཀྱི་རིགས་དབྱེ་སྟེ། སྔོན་རྒྱལ་རྩེ་སྐུ་འབུམ་ཆེན་མོ་བཞེངས་སྐབས་ལྷ་བཟོ་ནི་བྲིས་བཟོ་ལ་གོ་བ་མིན་པར་འབག་བཟོ་ཁོ་ནར་གོ་བ་དང་། ལོགས་བྲིས་བཞེངས་མཁན་ལ་རི་མོ་མཁས་པ་ཞེས་བྲིས་འདུག་ཅེས་བྲིས་ཡོད་པས་ཀྱང་རང་སྟོབས་ཀྱི་ངེས་ཤེས་རེ་བྱིན་པ་གོར་མ་ཆག
གཞན། ཙ་མི་པཎ་ཆེན་གྱི་གདན་ས་སྟེ་མང་ཡུལ་སྐྱིད་གྲོང་དུ་འཕགས་པ་ཝ་ཏི་ལྷ་ཁང་ཡོད་པ་ཤེས་འཕྲལ། དགེ་འདུན་ཆོས་འཕེལ་རྒྱ་གར་ནས་ཕྱིར་ཕེབས་པའི་ལམ་བར་ཏུ་འཕགས་པ་ཝ་ཏི་ལྷ་ཁང་དུ་བཞུགས་ཤིང་། ཁོང་གིས་ཇོ་བོ་འཕགས་པ་ཝ་ཏི་བཟང་བོ་ལ་མཆོད་པ་ཕུད་དེ་དེབ་དཀར་རྩོམ་པའི་སྐོར་ཞུས་ནས་སྨོན་ལམ་བཏབ་པ་ལ། མཚན་མོར་ཇོ་བོས་ཁོང་གི་རྨི་ལམ་དུ་དེབ་དཀར་བརྩམ་ན་འཕྲིན་ལས་ཤིན་ཏུ་རྒྱས་མོད། རྩོམ་པ་ལ་བར་ཆད་ཡོད་པར་གསུངས་པ་དེ་ཡིད་ལ་ཤར་འཕྲལ་མྱུར་བར་རབ་བྱེད་དེ་ཀློག་དུས། ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་ལམ་གནུབས་ལོ་ཙཱ་བ་ཚུལ་ཁྲིམས་ཤེས་རབ(1172-1236)ཁོང་ཡང་དགོང་ལོ་ཉེར་བཞི་པར་ལྷོ་བལ་འགྲིམས་པའི་ལམ་ལ་ཆས་ཏེ། ཐོག་མར་གུང་ཐང་བརྒྱུད་ནས་སྐྱིད་གྲོང་དུ་འབྱོར། ཇོ་བོ་འཕགས་པ་ཝ་ཏི་བཟང་པོ་ལ་མཆོད་པ་རྒྱ་ཆེར་ཕུལ་ནས་རྨི་ལྟས་བརྟག་པར་བསྟེན། ཁོང་གི་ཐུགས་ལ་ཚེ་འདིར་རྒྱལ་བའི་རྟེན་གསུམ་དང་འབྲེལ་བའི་བྱ་བཞག་ཆེན་པོ་གསུམ་བསྒྲུབ་པའི་ཐུགས་འདུན་འཁྲུངས་ཏེ། རྗེས་སུ་བོད་ཡུལ་ཀུན་ལ་གྲགས་པ་འབར་བའི་ཁྲོ་ཕུ་བྱམས་ཆེན་ཁྲུ་བརྒྱད་ཅུ་ཅན་དེ་བཞེངས་པར་མ་ཟད། གསུང་དང་ཐུགས་ཀྱི་འཕྲིན་ལས་རྒྱ་ཆེར་དར་བ་སོགས་བཀོད་འདུག་པས། སྐྱིད་གྲོང་འདི་ལྷོ་བལ་དང་ཐག་ཉེ་ཞིང་སྔོན་ལོ་པཎ་དག་གི་བཞུད་ལམ་ཡང་ཡིན་པ་ནི་ཇོ་བོ་འཕགས་པ་ཝ་ཏི་བཟང་པོའི་སྨོན་ལམ་བཟང་པོ་དེས་ཀྱང་ཡིན་སྙམ་ཤར། དུས་མཚུངས་སུ། གནས་མཆོག་སྐྱིད་གྲོང་ལ་འགྲོ་འདོད་འགོག་མེད་ཅིག་སྐྱེས་སོང་།
ད་དུང་། གངས་རིན་པོ་ཆེའི་བསྐོར་ལམ་གྱི་བཀའ་བརྒྱུད་པའི་དགོན་པ་ལྔ་སྟེ། ཆོས་སྐུ་དགོན། འབྲི་རྭ་དགོན། རྫུ་འཕྲུལ་དགོན། རྒྱང་གྲགས་དགོན། གསེར་དགོན་བཅས་ལ་དངོས་སུ་ཆས་པའི་ལམ་ཐིག་མ་ནོར་བར་ངོ་སྤྲོད་དང་། མ་ཕམ་གཡུ་མཚོ་བསྐོར་བའི་ལམ་ཐག་སྤྱི་ལེ་དང་མཐོ་ཚད་སོགས་གསལ་བར་མ་ཟད། མཚོ་མ་ཕམ་གྱི་ཁྲུས་སྒོ་རྣམ་བཞི་སྟེ། ཤར་གྱི་ཁྲུས་སྒོ་གསལ་བ་ལུང་དགོན། ལྷོ་ཡི་ཁྲུས་སྒོ་ཁྲུས་སྒོ་དགོན། ནུབ་ཀྱི་ཁྲུས་སྒོ་བྱིའུ་སྒོ། བྱང་གི་ཁྲུས་སྒོ་གླང་པོ་སྣ་དགོན་བཅས་ཡོད་པས། མ་ཕམ་གཡུ་མཚོའི་འགྲམ་དུ་གང་འདོད་ཅི་འདོད་ཀྱིས་གང་སར་ཁྲུས་བྱེད་མི་རིགས་པར། ཁྲུས་སྒོ་རྣམ་བཞི་ནས་ཁྲུས་བྱ་དགོས་པའང་ནན་མོར་བྲིས་འདུག དེ་མིན། ཤར་རྒྱལ་མོ་ཚ་བ་རོང་དུ་བགྲོད་ནའང་ཁྲིན་ཏུ་ནས་དབུ་བརྩམས་པའི་ལམ་ཐིག་ས་ཁྲ་ངང་བའི་དབྱིབས་ཅན་ལྟར་སོང་ནའང་མི་ཆོག་པ་མེད་སྙམ། མདོར་ན། དེབ་འདི་ནི་དཔྱད་གཞིའི་དེབ་བརྒྱ་ཕྲག་ལྷག་ལ་བསྟུན། གནའ་བོའི་བོད་ཀྱི་དགོན་སྡེ40ལྷག་དང་རྫོང་ཁག12ལ་ཉུལ་བའི་ཟིན་ཐོ་ཡི་གེར་བཀོད་ཅིང་། ས་རྒྱའི་ཆ་ནས་ནུབ་སྟོད་མངའ་རིས་དང་ཤར་རྒྱལ་མོ་ཚ་བ་རོང་། བྱང་ཏུན་ཧོང་གི་བར་ཏུ་ཉུལ་བའི་མཐོང་ཐོས་རྣམས་པར་དང་ཡེ་གེ དཔེ་རིས། ཐོ་འགོད་པ་སོགས་ཀྱི་ཐབས་སྤྱད་ནས་ཀུན་གྱི་སྤྱན་ལམ་དུ་བྱུ་རུའི་སྡོང་པོ་བཞིན་དུ་ཕུལ་བ་ལ་ཤིན་ཏུ་ངོ་མཚན་ལྡན་ནོ། །
དེབ་འདི་བཀླགས་ནས་ཕྱིར་འདང་ཞིག་རྒྱག་དུས། ཕྲ་རྒྱན་བཏབ་པ་ལྟ་བུའི་པར་རིས་ཀྱི་ཚོམ་བུ་དག་ལས་ཅི་ཞིག་ལ་ཞལ་མཇལ་མ་ཐུབ་པའི་སྣང་བ་འགོག་མེད་དུ་བྱིན་འོང་། ཡང་བསྐྱར་མགོ་ནས་མཇུག་བར་སྐུ་པར་ཆ་ཚང་མཇལ་དུས། རབ་བྱེད་གཉིས་པའི་ནང་གི་ཁྲོ་ཕུ་ལོ་ཙཱ་བའི་གདན་ས་འཚོལ་བ་ཞེས་པར། ཁྲོ་ཕུ་བྱམས་ཆེན་གྱི་སྐུ་འདྲ་ཞིག་མཐོང་བར་མ་གྱུར་ལ། མངའ་རིས་ཀྱི་རབ་བྱེད་ལས་ཀྱང་། ཙ་མི་ལོ་ཙཱ་བ་དང་ལོ་ཆེན་རིན་བཟང་རྣམ་པ་གཉིས་ཀྱི་སྐུ་འདྲ་ཡང་ཆུ་བུར་མིག་གི་གཟུགས་སུ་མ་ཤར་བ་ལ། ཞེ་ཕུག་ཏུ་སྟོང་ཆ་ཆེན་པོ་ཞིག་ལྷག་སོང་བའི་སྣང་བ་འདུག སྣང་བ་ནི་སྣང་བ་རང་དུ་འདུག་མོད། པར་གཞན་དག་ཀྱང་ལྷན་ཐབས་ཀྱི་ཚུལ་དུ་ཟུར་རྒྱན་ཙམ་ལས་ནང་དོན་དངོས་ལ་སྦྲེལ་ཏེ་རྩོམ་གྱི་སྤྱི་ཁོག་ལ་འབྲེལ་བ་དེ་འདྲ་མ་ཡིན་པའང་ཡོད་པ་ནི་རྩོམ་སྒྲིག་གིས་མ་ལོངས་པའི་སྐྱོན་ཏུ་འདུག་སྙམ། གང་ལྟར། «གསེར་གྱི་བྱ་སྐྱིབས»ལ་མཇལ་བའི་རྗེས་ལ། དུས་རབས་སྔོན་མའི་ནང་བོད་དུ་ཕེབས་པའི་ཕེ་ནེ་མུ་ཁར་ཇི་ཡིས་བཤད་པ་བཞིན། བོད་ནི་བྲག་སྟེང་གི་གསེར་གྱི་རྒྱལ་ཁབ་ཅིག་རེད་ཅེས་པའི་ཚིག་དེ་དྲན་ཞིང་། གསེར་ཞེས་པའི་དངོས་པོ་འདིས་བོད་ཀྱི་རིག་གནས་ཀྱི་ཕྱོགས་ཡོངས་ན་གོ་ས་གལ་ཆེན་ཞིག་བཟུང་ཡོད་པའང་རྟོགས་སོང་།
མདོར་ན། ཡུལ་སྐོར་ལྷུག་དེབ་འདིའི་རྩོམ་སྟངས་ནི«གཏམ་རྒྱུད་གསེར་ཐང»གི་རྩོམ་སྟངས་ཀྱི་ཤུལ་རྗེས་ཇི་བཞིན་དུ་མངོན་ཡོད་པ་རེད་ལ། དེ་ནི་རྩོམ་པ་པོས་དེབ་ཀྱི་དབུ་རུ་བཤད་ཡོད་པ་ལྟར། «གཏམ་རྒྱུད་གསེར་ཐང»ནི་ཁོས་ཆེས་བཀླགས་གྲངས་མང་བའི་དེབ་ཅིག་ཡིན་ཞེས་པས་ཀྱང་ཡིན་སྲིད། གང་ལྟར། རྗོད་པ་ལ་རང་དབང་ལྡན་ཞིང་སྙན་འགྱུར་གྱི་ཆ་ཤིན་ཏུ་རྒོད་ལ། ཚོར་འདྲེས་ཀྱི་སྙན་ཚིག་གིས་སྐབས་དང་སྐབས་སུ་བརྒྱན་པ་དེས། ལན་རེར་ཡིད་འགྱུར་ལྷུག་རྩོམ་ཞིག་ཀློག་པའི་མྱོང་བའང་བར་མེད་སྟེར། ཡིན་ནའང་། ཡུལ་སྐོར་ཟིན་ཐོ་ནི་རྩོམ་ལུས་ལྷུག་པ་ཡིན་རུང་། རྩོམ་གཞུང་དུ་ལུང་འདྲེན། ངོ་བཤུས། གསུང་དུམ། རྩིས་འགོད་སོགས་མང་དུ་བསྟར་དགོས་པ་དེས། ལྷུག་བརྗོད་ཀྱི་མཚམས་གཅོད་པར་བྱེད་ཀྱང་། དེབ་འདི་ཀློག་པའི་ཚེ་ན་དེ་ཐམས་ཅད་གཞུ་རྒྱུད་གཅིག་ཏུ་བཞག་འདུག་པའི་སྣང་བ་བཅོས་མིན་དུ་བྱིན་འོང་ངོ་། །
འབྲེལ་ཡོད་འོས་སྦྱོར།