༄༅། །པཎྜི་ཏ་སུམ་པ་ཡེ་ཤེས་དཔལ་འབྱོར་མཆོག་གི་སྤྱོད་ཚུལ་བརྗོད་པ་སྒྲ་འཛིན་བཅུད་ལེན་གྱི་བཀླགས་བྱང་ཙམ་དུ་བྲིས་པ།
རྩོམ་པ་པོ།:གངས་ཤར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2024-04-24
ཀློག་གྲངས།:
སུམ་པ་མཁན་ཆེན་ཡེ་ཤེས་དཔལ་འབྱོར་ནི་སྔོན་བྱོན་སྐྱེས་བུ་དམ་པ་ཉི་ཟླ་ལྟ་བུ་མང་བོ་ས་སྟེང་འདིར་གཅིག་རྗེས་གཉིས་མཐུད་དུ་བྱོན་པའི་ཁྲོད་ན་རིན་ཆེན་གསེར་གྱི་ཉི་གདུགས་ལྟར་ཆེས་དབུ་འཕང་མཐོ་ཞིང་ངེས་པ་དོན་གྱི་མཁས་པའི་དབང་བོ། དག་དང་མ་དག་པའི་ཁམས་ཆེན་པོར་རིས་མེད་བསྟན་འགྲོའི་སླད་དུ་དངོས་བརྒྱུད་ཅི་རིགས་ཀྱི་སྒོ་ནས་མཛད་པ་བསམ་གྱིས་མི་ཁྱབ་པ་གནང་མྱོང་བའི་བོད་ཀྱི་དགེ་འདུན་པ་ཞིག་ཡིན་ལ། ལུང་རིགས་ཟུང་འབྲེལ་གྱི་དཔྱད་པ་དང་། དཀའ་སྤྱད་སྡུག་རུས་ཀྱི་རྒྱུ་རྐྱེན་ཕུན་སུམ་ཚོགས་པ་མང་བོ་ཞིག་གི་ཐབས་ལམ་ལ་བརྟེན་ནས་ཏིང་འཛིན་གྱི་རྟོགས་པ་བརྙེས་ཅིང་། མཁྱེན་བརྩེ་ནུས་གསུམ་གྱི་ཀློང་བརྡོལ་བའི་སྤྲུལ་སྐུ་ཞིག་ཀྱང་ཡིན་ནོ། །
བརྩོན་འགྲུས་ཀྱི་མཐུ་དང་ཤེས་རབ་ཀྱི་རྩལ་ཞན་པའི་བདག་ལྟ་བུ་ལ་མཚོན་ན་ལྟ་རྒྱ་ཐོས་རྒྱ་སོགས་ཀྱི་བློ་སྒོ་ཧ་ཅང་དོག་པའི་རྐྱེན་གྱིས། ཁོང་གི་མཁྱེན་བརྩེ་ཟླ་བའི་དཀྱིལ་འཁོར་གཞན་དོན་ནམ་མཁའ་ཆེན་པོའི་དབྱིངས་སུ་ཁྱབ་པའི་འོད་ཟེར་གྱི་དཔལ་ལས་འཁྲུངས་པ། རྨོངས་པའི་སྨག་ཆེན་གྱི་ཚེར་མའི་ཐང་སྟོང་དུ་འཁྱམས་ཤིང་འཆོལ་བའི་རིགས་དྲུག་སྤྱིའི་མགོན་དང་སྐྱབས་དང་དཔུང་གཉེན་དང་། ཁྱད་པར་ཁོང་གིས་སྐུའི་བཀོད་པ་བདེ་ཆེན་ཆོས་ཀྱི་དབྱིངས་སུ་བསྡུས་མཐར་ཁོང་གི་སྐུའི་ཚབ་ཏུ་གནང་བའི་གླེགས་བམ་པོད་བརྒྱད་ལྷག་ཅིག་མཆིས་པ་དེའི་ནང་ནས་མང་བོ་ཞིག་ལ་ཞིབ་ཕྲ་ཡོད་པའི་སྒོ་ནས་མཇལ་བ་ཕར་ཟད། རགས་བལྟས་ཙམ་ཡང་བྱེད་པའི་བསོད་ནམས་མ་རག་མོད། ཁོང་གི་རང་རྣམ་«སྒྲ་འཛིན་བཅུད་ལེན»དང་། «ལོ་རྒྱུས་དཔག་བཟང་ལྗོན་བཟང» «འཛམ་གླིང་སྤྱི་བཤད་གཏམ་སྙན་རྣ་བའི་བདུད་རྩི»སོགས་རེ་ཟུང་ལ་མཇལ་ཙམ་བྱས་པའི་རྐྱེན་དང་། ལྷག་པར་ཁོང་གི་རང་རྣམ་སྒྲ་འཛིན་བཅུད་ལེན་ལ་ཐེངས་འགར་མཇལ་བ་སོགས་དང་འབྲེལ་ཁོང་ནི་ཅུང་ཟད་ཅིག་ངོ་འཕྲོད་པ་དང་། ཁོང་ལ་ཆ་རྒྱུས་ཅི་ཡང་མེད་པ་ལས་ལྡོག་ཏེ་ཁོང་གི་རྣམ་པར་ཐར་བའི་ཕྱོགས་དེ་ཅུང་ཙམ་ངེས་པར་བྱས་ཤིང་། ལྷག་པར་ཁོང་གི་རྣམ་ཐར་གྱི་ཚིག་གི་སྡེབ་སྦྱོར་དང་། གསུང་བབ་ཀྱི་སྤྱི་ཁོག་འདིས་སེམས་སུ་བག་ཆགས་ཟབ་མོ་ཞིག་བཞག་པའི་རྐྱེན་བྱས་པ་མ་གཏོགས། རྒྱ་བོད་ཧོར་གསུམ་གྱི་ཉམ་ཐག་སྐྱེ་དགུའི་དཔལ་དུ་བསྟར་བའི་མཛད་པ་དང་འཕྲིན་ལས་ནི་བདག་ལྟ་བུ་ཞིག་གི་བློར་ཤོང་བའི་ལས་སྐལ་མེད་མོད། བློ་ངོར་འཚམ་ཚུལ་གྱི་དྲང་ཐད་ནས་བལྟས་ན་ཆོག་པའི་རྣམ་པར་ཐར་བའི་ཕྱག་རྗེས་འདིས་ཀྱང་སེམས་ཀྱི་རྟ་ཕོ་རང་དབང་མེད་པར་ཁ་ལོ་བསྒྱུར་བར་བྱས་པའི་བརྡ་ཙམ་དུ་མཐོང་ཆོག་གོ །
ཁོང་འཁྲུངས་དུས་རབ་བྱུང་བཅུ་གཉིས་པའི་ཤིང་སྤྲེལ་ལོ་སྤྱི་ལོ༡༧༠༤ལོའི་ཟླ༨པའི་ཚེས༡༥ཉིན་སྐུ་འཁྲུངས། འཁྲུངས་ཡུལ«མདོ་སྨད་ཆོས་འབྱུང»དང«རང་རྣམ»དུ་གསལ་བ་ལྟར། ཁམས་གསུམ་ཆོས་ཀྱི་རྒྱལ་བོ་རྗེ་བླ་མ་འཁྲུངས་པའི་གནས་མཆོག་ཙོང་ཁའི་རིའི་སྟོད་ཀྱི་ཆ་དང་། ཁྲི་ཤོར་རྒྱལ་མོའི་ལྷོ་ནུབ་ངོས། སྔར་ཨོ་རོད་སོག་པོ་གཡས་རུ་ཐོག་མར་བསྡད་པའི་གནས་ཐོ་ལི་ཞེས་པ། འཁྲུངས་རུས་དང་ཡབ་ཡུམ་གྱི་མཚན། ཨོ་རོད་ཚོ་བཞིའི་ནང་གི་པཱ་ཐུད་ཀྱི་ཇིའི་རྒྱུད་པ་ཡབ་རྡོ་རྗེ་བཀྲ་ཤིས་དང་། ཡུམ་ཇུ་འུན་བྷར་བ་བཀྲ་ཤིས་མཚོ་གཉིས་ལ་ལྕང་སྲིང་བདུན་ཡོད་པའི་བཞི་བར་འཁྲུངས། ཁོང་གི་རྣམ་ཐར་ཞིབ་རྒྱས་རང་རྣམ་དང་། མདོ་སྨད་ཆོས་འབྱུང་། གངས་ཅན་མཁས་དབང་རིམ་བྱོན་གྱི་རྣམ་ཐར་མདོར་བསྡུས་བདུད་རྩིའི་ཐིགས་ཕྲེང་སོགས་སུ་གཟིགས་པར་བྱའོ། །
«རང་རྣམ་སྒྲ་འཛིན་བཅུད་ལེན»འདི་ཉིད་ལ་ལེའུ་ཚན་བཅུ་དགུ་ཙམ་དང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་པར་བསྐྲུན་བྱས་པའི་དཔེའི་ནང་དུ་ཐུགས་སྲས་རྣམས་ཀྱིས་དྲན་ཐོ་ཙམ་དུ་བཀོད་པའི་ཁ་བསྐང་གི་སྐོར་དང་བཅས་ཁྱོན་བསྡོམས་ཤོག་ངོས༧༥༦བཞུགས་ཤིང་། རྣམ་ཐར་འདི་ལ་གཞན་ལས་ཁྱད་དུ་འཕགས་པའི་ཟུར་མང་བོ་ཞིག་ཡོད་པ་དང་། ཁོང་གིས་སྐུ་ཚེའི་ནང་བདག་གིར་བཞེས་པའི་མཛད་པའི་རིམ་པ་ཁ་གསལ་ཞིང་ཞིབ་ཕྲའི་སྒོ་ནས་དད་པའི་ཞིང་སར་བཞེངས་བསྐྲུན་གནང་བ་མ་ཟད། དོན་སྟོན་སྟངས་ཀྱི་ཆ་ནས་ཀྱང་། གཅིག གཙོ་བོ་ལྷུག་མའི་སྙན་ངག་གི་མཛེས་རྒྱན་རྣམ་པར་སྤྲོས་ནས་བརྗོད་བྱའི་དོན་དེ་ཉིད་དཔེ་གཟུགས་གཉིས་གཙོས་སྙན་ངག་གི་གོས་ཀྱིས་བཀླུབས་ནས་གསུང་བ་དང་། གཉིས། དོན་གྱི་གལ་གནད་ཆེ་བ་དག་ཚིག་གི་བཀབ་སྦས་ཀྱི་སྦྱོར་བ་སོགས་ཉུང་བར་བྱས་ནས་ཐད་ཀར་ཁོང་གི་རྣམ་ཐར་དྲང་མོར་གསལ་བྲིས་གནང་བ་དང་། གཞན་ཁོང་གིས་མཛད་རིམ་ནང་དུ་འདུ་བའི་ཆོས་སྲིད་ཀྱི་བྱ་བའི་གོ་རིམ་མ་ལུས་པ་ཆོས་ཀྱི་ཁུངས་དང་བདེན་པའི་ཚིག་རྒྱབ་བརྟེན་དང་བཅས་དྲངས་ཤིང་། འཇིག་རྟེན་གྱི་མིའི་ཀུན་སྤྱོད་དང་གཤིས་ཀ་སོགས་སུ་མཐུན་པར་མཛད་པའི་ཕྱག་རྗེས་རེ་རེ་ཅི་བཞིན་ཐོན་ཡོད་དོ། །དེ་ལས་ཀྱང་ཚིག་བཅད་ལྷུག་གཉིས་ཀའི་ཆར་སྙན་ངག་གི་ཉམས་དང་། རྩོམ་ལུགས་ཀྱི་བབ་ནི་ཤིན་ཏུ་ནས་ཀྱང་ངོ་མཚར་ཞིང་། སྙན་པའི་གདངས་རབ་ཏུ་རྫོགས་པའི་སྒོ་ནས་བཞེངས་བསྐྲུན་གནང་ཡོད་དེ། སྐབས་སྐབས་ཀྱི་ཚིགས་བཅད་དང་། ལྷག་པར་ལྷུག་མའི་བྲིས་པའི་སྙན་ངག་གི་སྦྱོར་བ་དང་། ཚིག་གི་བཀོད་སྟངས་དང་། མཛེས་རྩལ་སོགས་ནི་སུས་ཀྱང་ཐོན་མི་ཐུབ་པའི་ཚུལ་དུ་རྣམ་ཐར་འདི་ཉིད་བརྩམས་གནང་མཛད་ཡོད་པ་རེད། དཔེར་ན། དགེ་མཚན་རབ་བཀྲའི་གནས་ལེགས་དགའ་ཚུལ་དུ། །རིགས་རུས་དཔལ་མཐོ་རྩ་བརྟན་ལས་ཐོན་པའི། །ཕུན་ཚོགས་མི་ལུས་ལྗོན་བཟང་འཁྲུངས་པའི་ཚེ། །བརྒྱ་བྱིན་མཐོང་བྱེད་སྟོང་བགྲད་བལྟ་བ་བཞིན། །དེ་ཡང་སྔོན་དགེའི་མ་ལ་ཡར་སྐྱེས་པའི། །དགེ་ལེགས་སྤྲུལ་སྙིང་དྲི་ངད་དད་རླུང་གིས། །ལེགས་བཤད་བགོ་སྐལ་ལེན་ལ་རིངས་འདི་ནི། །མེས་པོས་གསར་དུ་སྤྲུལ་སྙམ་འཕྱང་མོ་ཉུག །བརྟན་གཡོའི་དཔལ་གྱི་རྩེ་མོ་དལ་འབྱོར་རྟེན། །དགེ་ལེགས་འབྱུང་གནས་ཡིད་བཞིན་ནོར་འགྲན་གང་། །རྨོངས་པའི་ལྟོ་འགྲོ་ཟ་བའི་མཁའ་ལྡིང་སྙིང་། །ལེན་ནུས་འདི་ཀོ་རྒྱལ་བས་བྱིན་མིན་ཅི། །འདི་ལྟར་ཁོང་གི་གནས་ཕུན་སུམ་ཚོགས་པ་དགེ་མཚན་གྱི་དཔལ་ཡོན་ཀུན་དུ་འབར་ཞིང་བཀྲ་བའི་དགའ་ཚལ་དུ་རིགས་རུས་ཀྱི་དཔལ་མཐོ་ལ། སྙིང་སྟོབས་དང་ཤེས་རབ་ཀྱི་རྩ་བ་བརྟན་ཅིང་། བྱམས་བརྩེ་གཤིས་རྒྱུད་མངའ་བའི་ཁྱིམ་རྒྱུད་དུ་དགོས་འདོད་ཐམས་ཅད་ཡིད་ལ་སྨོན་པ་ལྟར་འགྲུབ་པའི་དཔག་བསམ་ལྗོན་པ་དང་འདྲ་བའི་དལ་འབྱོར་མིའི་སྐྱེ་བ་བཞེས་ཚུལ་སོགས་ལས་བརྩམས་པའི་སྙན་ངག་འདི་ལྟ་བུ་དང་། གཞན་ཁོང་གིས་རྟེན་ལ་རབ་བྱུང་གི་ཚུལ་ཁྲིམས་བླངས་ཏེ་རྒྱལ་བའི་བསྟན་པ་རིན་པོ་ཆེ་ལ་ཞུགས་ཚུལ་གསུངས་པའི་མཇུག་གི་ཚིགས་བཅད། ངུར་སྨྲིག་བླ་གོས་དམར་སེར་གྱིས་དྲངས་ཏེ། །རང་རྒྱུད་ནམ་མཁར་ཁྲིམས་གཙང་ཉི་ཤར་བས། །བག་ཆགས་འདབ་བརྒྱ་བཞད་དྲི་རབ་འཐུལ་འདིས། །ཐུབ་པའི་ཉན་ཐོས་ངལ་གསོར་བྱིན་པ་སྙམ། །དྲང་སྲོང་ཆེན་པོའི་གངྒཱའི་ཚུལ་ཁྲིམས་རྒྱུན། །འཛུམ་དཀར་ཝུ་བའི་མེ་ཏོག་འཐོར་བཞིན་དུ། །བདག་ཡིད་མཚོ་མོར་བབས་ལན་དགའ་ཟླའི་འོད། །ཕོག་ཚེ་སྤུ་ལོང་ཟེགས་མ་ནམ་མཁར་འཐོར། །ཞེས་སོགས་ཀྱིས་མཚོན་མགོ་མཇུག་བར་གསུམ་དུ་ཕུན་སུམ་ཚོགས་པའི་རྩོམ་སྟངས་ཀྱི་ཚིག་རྒྱན་སོགས་བེད་སྤྱད་ནས་མང་བོར་གསུངས་ཤིང་། སྙན་ངག་གི་གཞུང་ལྟར། ལུས་སྲོག་རྒྱན་གྱི་འབྲེལ་བ་ལས། །རྩོམ་གྱི་ལེགས་ཉེས་གསལ་བར་འགྱུར། །ཞེས་པ་བཞིན་ལུས་དང་རྒྱན་ལ་བརྟེན་ནས་སྲོག་གམ་བརྗོད་བྱའི་དོན་སྟོན་སྟངས་དང་། སྙན་ངག་གི་ཕུན་སུམ་ཚོགས་པའི་མཛེས་པ་དང་། རྩོམ་གྱི་ལེགས་ཉེས་སྣ་ཚོགས་ལུས་རྒྱན་དང་འབྲེལ་བར་གསུངས་པ་ལྟར། སུམ་པ་མཁན་ཆེན་གྱིས་རང་རྣམ་ནང་བྲིས་པའི་སྙན་ངག་བཅད་ལྷུག་གང་ལ་མཚོན་ན་སྙན་ངག་གི་རྒྱན་གཟུགས་སོགས་ཀྱི་བཀོད་སྟངས་དང་། ལྷག་པར་ཚིག་ཉམས་དང་མཛེས་རྩལ་གྱི་ཆ་ལ་ཆེས་མཚར་ཞིང་ཡིད་དུ་འོང་བ། སྙན་ཞིང་ཀློག་པར་སྤྲོ་བ་སོགས་ཁྱད་ཆོས་བླ་ན་མེད་པ་ཞིག་འདུག་གོ །
འདིའི་ནང་ཐོན་པའི་སྙན་ངག་ཚིགས་བཅད་མང་ཤོས་ནི་ཚགས་བར་དགུ་ཅན་དུ་བྲིས་པ་ཡིན་ཀྱང་། པཎ་ཆེན་སྐུ་ཕྲེང་དྲུག་པ་བློ་བཟང་ཡེ་ཤེས་ལ་ཕུལ་བའི་སྒྲ་རྒྱན་སྙན་ངག་ཞིག་ཡོད་པ་ནི་ཕལ་ཆེར་ཞིག་ཚགས་པར་བཅུ་གསུམ་ཅན་དུ་གྲུབ་པ་འདི་སྟེ། ཀཱ་ཡ་མཚན་དཔེ་བྲལ་གྱིས་སྤྲས་མཛེས་ཀུན་སྤུངས་སྤུན། །ཁ་བ་ལྟར་དཀར་དཀར་ཆོས་བྱེ་འབུམ་ལྷང་ལྷང༼འདོམ༽གདམས་གསུང་སྙན། །ག་ག་ཡངས་མཚུངས་མཚུངས་མེད་ཀུན་མཁྱེན་གསལ་གསལ་ཐུགས་དབྱིངས་ཟབ། །ང་ཅག་འགྲོ་བར་བར་མ་ཆད་དུ་ཧྲིག་ཧྲིག་སྤྱན་བརྩེས་གཟིགས། །ཅེས་པ་ནས་ཨ་ཧོ་སླར་མར་མར་གྱུར་ཡོངས་ལ་བཟང་བཟང་དགེ་ལེགས་འཕེལ། །དེ་ལྟར་གང་གི་ཡོན་ཏན་ཚོགས། །ཀཱ་ལི་རིན་ཆེན་འཕྲེང་མཛེས་སྤེལ། །ཀུན་བཟང་མཆོད་སྤྲིན་འགྲན་མཆོད་དགེའི། །འབྲས་བཟང་ཕྱོགས་དུས་ཀུན་འཕྱུར་ཤོག །ཅེས་པ་དང་། མཛའ་གཅུགས་བྱམས་བརྩེའི་འཛུམ་གྱིས་བསུས་ཏེ་ཀུན་མཁྱེན་བགྲོད་གཅིག་ལམ། །ཡོངས་འཛིན་ཐུབ་དབང་སྤྱན་སྔར་སེམས་མཆོག་འདུན་དང་འཇུག་པ་ཡི། །གཡར་དམ་རབ་བརྟན་གོ་ཆ་བགོས་ཚེ་འདོད་ལྷའི་མདའ་རྩུབ་མཚོན། །མེ་ཏོག་རྒྱན་གྱུར་མ་བཟོད་དབུགས་བརྩེགས་ཤུགས་རིང་ཕྱུང་བྲོས་སྙམ། །ཅེས་སོགས་ཀྱི་བར་སྐབས་སྙན་ངག་འདི་ཡང་ཚགས་པར་བཅུ་གསུམ་ཅན་གྱི་སྙན་ངག་ཅིག་ཡིན་ནོ། ། དཔེ་མཚོན་འདི་ཙམ་གྱིས་སྟེང་ནས་ཁོང་གི་རང་རྣམ་ནང་དུ་ཚུད་པའི་བཅད་མའི་སྙན་ངག་གི་སྐོར་གྱི་གསོལ་འདེབས་དང་། བསྟོད་ཚོགས། མགུར་མ་སོགས་ཀྱི་རྗོད་བྱེད་ཚིག་གི་རིན་ཐང་དང་ཁྱད་ཆོས། བརྗོད་བྱ་དོན་གྱི་རོ་བཅུད་ཟབ་དོན་སོགས་ཤིན་ཏུ་མང་བས་དོན་གཉེར་ཅན་ཚོས་གཟིགས་ཐུབ་ཚེ་རྣམ་ཐར་འདིའི་ནང་དུ་ཐོན་པའི་སྙན་ངག་གི་ཁྱད་ཆོས་མྱོང་ངེས་སོ། །
ལྷག་པར་ཁོང་གིས་ལྷུག་རྩོམ་གྱི་འབྲི་ལུགས་སྤྱད་ནས་བྲིས་པའི་རྩོམ་ལུས་ཀྱི་སྐོར་དེ་ནི་ཅི་འདྲའི་སྙན་ཞིང་འཇེབས་པ་དང་། སྒྲ་གདངས་སོགས་ཀྱང་དོ་མཉམ་པ་ཙམ་དུ་མ་ཟད། རབ་བཏགས་ཀྱི་དཔེ་དང་། དཔེ་རྒྱན། གཟུགས་རྒྱན་སོགས་དང་། ཚིག་གི་མཛེས་རྒྱན་སྤྱོད་ལུགས་ཀྱི་ཆ་ནས་ཀྱང་བརྗོད་བྱ་ཡུལ་གྱི་ཁྱད་པར་དང་མཐུན་པའི་སྒོ་ནས་འགའ་ཞིག་ཧ་ཅང་ལྷོད་པ་དང་། ཀླགས་ཡོང་དུས་སེམས་དང་དྲན་པ་འདི་ཉིད་ཀྱི་མཐིལ་དུ་རང་བཞིན་གྱིས་ལྷིང་ཞིང་འཇགས་པའི་གོ་སྐབས་ཤིག་དང་། ཞི་དུལ་བག་ཕེབས་ཀྱི་ཚོར་བ་ཞིག་རང་དབང་མེད་པར་བསྐྱེད་པ་དང་། འགའ་ཞིག་ནི་མིང་ཚིག་གི་སྒྲ་གདངས་ཧ་ཅང་དྲག་པ་དང་སྡེབ་སྦྱོར་གྱི་ཟིལ་ཤུགས་རེ་རེས་ཀྱང་ཀློག་པ་པོའི་སྣང་ངོར་མི་སྡུག་པའི་གཟོ་ལྟ་དང་། འཇིགས་མཉམ་གྱི་སྣང་བརྙན་སྣ་ཚོགས་ཤིག་དབང་ལྔའི་ཁ་སྒོ་རུ་འགོག་མེད་དུ་འཆར་བ་ཞིག་གོ །
ལེའུ་བཅུ་བདུན་པའི་ནང་དུ་སུམ་པ་ཁོང་ཉིད་དགུང་གྲངས་དོན་བདུན་སྐབས་པཎ་ཆེན་རིན་པོ་ཆེའི་སྐུ་ཞབས་སུ་ཕྱིན་པའི་རྣམ་ཐར་གསལ་ཞིང་། དེར“དེ་ནས་ངེད་ཅག་གིས་སྔོན་བསགས་དགེ་བའི་འབྲས་བུ་འཁོར་ལོ་བཞི་ལྡན་རྟེན་གྱི་མྱུ་གུ་དེང་འདིར་འཁྲུངས་ཏེ་མཐོ་རིས་ཡོན་ཏན་དཔལ་གྱི་དར་བ་ཡལ་ག་ལོ་འདབ་རྒྱས་པའི་སྡོང་པོའི་རྩེར་ཕྱག་དང་བཅས་པའི་ཨུཏྤལ་ཟུམ་པ་དང་། ཆབས་གཅིག་ཏུ་དད་གུས་ཀྱི་པད་མ་དཀར་བོ་ཁོང་ནས་བཞད་བཞིན་དུ”ཞེས་པ་ལྟ་བུ་ནི་ཁོང་ཁུ་དཔོན་རྣམས་ཀྱིས་གོང་ས་མཆོག་ལ་མི་ཕྱེད་དད་པ་ཆེན་པོ་མཐུས་ལུས་ངག་ཡིད་གསུམ་གྱི་གུས་ཕྱག་གཙང་མ་སྔོན་དུ་བཏང་ནས་མཆོད་འཕུལ་རྒྱ་ཆེན་པོ་གནང་བ་སོགས་ཀྱི་སྐབས་དང་། གཞན་ཡང་། པཎ་ཆེན་གྱིས་ཀྱང་ཁོང་རྣམས་ལ་བྱིན་རླབས་བརྩེ་གཟིགས་གནང་བ་དང་། ཐུགས་དགྱེས་པའི་བཀའ་དྲིན་བསྐྱངས་པ་སོགས་ཀྱང་འདི་ལྟར་གསུངས་ཡོད་དེ། “དེར་འདུག་སྐབས་སུ་གང་གི་མདུན་ས་ག་ལ་བ་དེར་ནམ་སོང་ཚེ་དགྱེས་ཁའི་སྤྱན་རས་ཀྱིས་ཁོ་བོ་ལ་རྟག་པར་གཟིགས་ནས་ཞལ་རས་ཟླ་བའི་དཀྱིལ་འཁོར་འཛུམ་དཀར་ལས་བདུད་རྩིའི་ག་པུར་འོད་བསིལ་སྤྲོ་བཞིན་དུ་དཔྱིད་ཀྱི་ཕོ་ཉའི་དབྱངས་སྙན་མཆེད་པོས་ཞལ་རྩེད་གསུང་བ་དང”ཞེས་ཚིག་གི་གདངས་ལྷོད་པ་དང་། འཇམ་ཤའི་སྙན་ཆ་ལྡན་པ་དེ་ལྟ་བུ་དང། ཡང་། “ལུང་རིགས་གནམ་ལྕགས་ཐོག་མདས་དྲི་མ་གསུམ་གྱི་བྲག་རི་གསིལ་ནུས་པ་ཞིག་བྱུང་ན་ཅི་མ་རུང་སྙམ་པ་ལས་གཞན་བར་སྣང་གི་སྟོང་སྒྲའི་སྤུན་དུ་གྱུར་བའི་གྲགས་སྐམ་འདོད་ཅིང་། དངོས་ལ་དོན་སྒྲའི་སྐྱོན་ལྡན་ལ་ངན་གཡོ་ཁྱད་གསོད་འཁྲུགས་སོགས་ཉེས་པ་དང་བཅས་པའི་སྒོ་ནས་གཞུང་གི་གོ་བ་བཤིག་བྱེད་ཚིག་འཁྲི་སྐམ་པོ་གཙོ་བོར་བཟུང་སྟེ་འབྲུ་བཟང་དོར་ནས་སྤུན་པ་འཕྱར་འདྲའི་དོན་མེད་མགོ་ཟིང་མ་བྱས་ཤིང”ཞེས་ཚིག་སྦྱོར་བཀོད་སྟངས་ཀྱི་ཆ་ནས་སྒྲ་གདངས་དྲག་པོ་དང་། རྩོམ་ཉམས་ལ་མི་སྡུག་པའི་སྣང་བརྙན་ཤུགས་ཀྱིས་ཐོན་པ་འདི་ལྟ་བུ་སོགས་ཤིན་ཏུ་མང་ངོ་། །
འདི་དག་ལས་ཁོང་གི་སྙན་ངག་གི་མཚོན་ཐབས། ཁྱད་ཆོས་སོགས་ཤེས་ནུས་པ་དང་། ལྷུག་མའི་རྩོལ་ལུས་འདིའི་རིགས་ནི་ཁོང་གི་རྣམ་ཐར་གྱི་ཆ་ཐམས་ཅད་ལ་ཡོད་པ་དང་། འདིར་དཔེར་མཚོན་གྱིས་ཚིག་རེ་ཟུང་ཐད་ཀར་དྲངས་པ་ལས། ཞིབ་པར་རྣམ་ཐར་རང་དུ་མཇལ་ནས་ཁོང་གི་མཁྱེན་པའི་ཤེས་རབ་ལས་བབས་པའི་སྙན་ངག་གི་མཐུན་མོང་མ་ཡིན་པའི་ཚིག་གི་ཁྱད་ཆོས་དང་། སྦྱོར་བའི་སྒྲིག་སྟངས། མཛེས་པའི་ཉམས་དང་། སྙན་པའི་གདངས། དོན་གྱི་བཅུད་དང་། གནད་ཀྱི་མན་ངག་སོགས་ལ་སོ་སོའི་རོལ་རྒྱུའི་གོ་སྐབས་འཚོལ་བ་ལས། འདིར་མང་དུ་དྲངས་ནས་སྣ་ཚོགས་སྨྲ་བ་ལ་དགོས་པ་ཆུང་ཞིང་། ལན་རེར་གསུང་གི་ཆ་ཤས་རེ་རེ་ན་ཡང་རྒྱ་ཆེ་ཞིང་གཏིང་ཟབ་པའི་གདམས་པ་ཡོད་ཕྱིན་བདག་དང་བདག་འདྲའི་སྨྲ་བ་ཉུང་བར་བྱས་ན་ཕན་པ་དེར་ཆེའོ། །
འོན་ཀྱང་ཁོང་གི་གསང་གསུམ་གྱི་མཛད་པ་དང་། གཞན་དོན་ཆེར་དམིགས་ཀྱི་དགོངས་བཞེད་དེ་དག་རྨད་བྱུང་སྙན་འགྱུར་གྱི་དབྱངས་སུ་བསྲེས་ནས་གསུངས་པའི་རྣམ་ཐར་འདིའི་ནང་གི་སྙན་ངག་གི་ཁྱད་ཆོས་ནི་ཆེས་ཕུན་སུམ་ཚོགས་པ་དང་། བོད་ཀྱི་སྲོལ་རྒྱུན་སྙན་ངག་ནི་བཅད་མ་ཁོ་ན་ཙམ་མ་ཡིན་པར་མ་ཟད་ལྷུག་རྩོམ་གྱི་རྣམ་པའི་བྲིས་པའི་སྲོལ་རྒྱུན་སྙན་ངག་གི་རིག་པའི་མཛེས་སྡུག་འདི་ནི་ལོ་བརྒྱ་ཕྲག་དུ་མའི་སྔོན་ནས་བོད་རང་གི་ས་གནས་ཀྱི་མཁས་པ་ཁོང་དང་ཁོང་ལྟ་བུས་ཕྱག་བྲིས་སུ་བསྟར་བའི་ལོ་རྒྱུས་འདིས་ཀྱང་བོད་ཀྱི་སྙན་ངག་གི་མངའ་ཐང་དང་། རྒྱ་ཁྱོན་ནི་སུས་ཀྱང་ཤེས་ཐུབ་པ་ཞིག་ཡིན་པར་སེམས་སོ། །
རྣམ་ཐར་དུ་གསལ་བ་ལྟར་དོན་ལྡན་གྱི་མཁས་གྲུབ་ཆེན་པོ་རྗེ་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ་མཆོག་ཉིད་ལ། ཉིན་གཅིག་ལྕང་སྐྱ་ངག་དབང་ཆོས་ལྡན་རིན་པོ་ཆེས་ཁ་བཏགས་ཆེ་ལེགས་ཤིག་གནང་ནས་སུམ་པ་ཞབས་དྲུང་བློ་བཟང་བསྟན་པའི་རྒྱལ་མཚན་ཞེས་པ་བཀའ་གདམས་པའི་དགེ་བའི་བཤེས་གཉེན་ཞིག་ཡོད་པ་འདས་པས། དེའི་སྤྲུལ་སྐུ་ཁྱོད་རང་གིས་ཚོལ་ཞེས་བཀའ་གསུང་བསྩལ་པ་བཞིན། རྗེ་ཉིད་ནས་ཀྱང་ངས་དེ་རྙེད་འོང་ཞེས་བླ་མའི་བཀའ་གསུང་ལྟར་འཁྲུལ་མེད་ཀྱི་སྤྲུལ་སྐུ་འདི་ཉིད་ངོས་འཛིན་གནང་བ་ཡིན་ཞིང་། རང་རྣམ་དུ“དམ་པ་དེ་ཉིད་ཀྱིས་བདག་ལ་སུམ་པ་བླ་མ་དེ་ཉིད་ཀྱི་སྐྱེ་བ་ཡིན་ཞེས་གསུངས་ཀྱང་། སོམ་ཉིའི་གཞི་མང་དུ་མཆིས་ཏེ། ཅི་ཞེ་ན། བླ་མ་སྔ་མ་དེ་ཉིད་རང་དབང་ཐོབ་སྟེ་སྐྱེ་བ་སྔོན་མ་མ་བརྗེད་པར་སྐུ་སྐྱེས་ཡོང་ཐུབ་ངེས་ཤིག་ཡིན་ན། ཞེས་པ་ནས་གལ་ཏེ་དེའི་སྐྱེ་བ་ཡིན་སྲིད་ན་ཡང་བླ་མ་སྔ་མའི་གོ་ས་ཙམ་ཡང་མི་ནོན་པར་མ་ཟད་ཞབས་འདྲེན་བྱེད་ཅིང་གཞན་དོན་དུ་མིང་བཏགས་ཏེ་བླ་རྒན་གྲོང་ཆོག་མཁན་གྱི་རྣམ་ཐར་བསྐྱངས་ནས་དཀོར་ནག་མེ་ཆེན་གྱིས་སྦགས་ཏེ་ཤ་ཚིག་རུས་ཚིག་ལ་སོང་ཡང་བླ་མ་སྔ་མ་དེ་ཡིན་ཁུལ་བྱེད་ཅིང་བླ་མ་ལྷ་གང་ལའང་ཡིད་ཆེས་དང་དད་པ་ཁ་ཏོན་ཙམ་ཡང་མེད་པར་ཕྱི་མར་ངན་སོང་དུ་ཆས་པ་ལ་ཡ་མཚན་ཅི་ཡོད།”ཅེས་གསུངས་པ་དང་། གལ་ཏེ་གང་ལ་ངོས་བཟུང་བའི་བླ་མ་དེའི་སྐུ་སྐྱེས་མིན་ཀྱང་སྐྱེ་ཐོགས་གཅིག་ལ་སྔོན་བྱོན་བླ་སྤྲུལ་དེའི་རིགས་ཀྱི་གདན་ཐོབ་གོ་ས་ནོན་ཙམ་བྱུང་ཡང་རུང་མོད་ཀྱང་དེ་ཙམ་ཡང་བདག་ལ་མི་སྣང་བ་དང་། ཁོང་ལ་ང་རང་དེ་ཉིད་ཀྱི་སྐུ་སྐྱེས་ཡིན་སྙམ་པ་ཆུང་ངུ་ནས་ད་ལྟའི་བར་དུ་རྨི་ལམ་ཙམ་དུའང་མ་ཤར་ཞིང་དེའི་སྐྱེ་བ་ཡིན་པར་བཤད་ཀྱང་མ་མྱོང་བར་གསུངས་ཤིང་། ངེས་པ་དོན་གྱི་སྐྱེས་བུ་དམ་པ་འདི་དག་ནི། བསམ་བཞིན་ཏུ་འཁོར་བའི་གནས་འདིར་གཞན་ཕན་གྱི་སྙིང་སྟོབས་མཐོ་རུ་བཏེགས་ནས་སྐྱེ་བ་བཞེས་པར་གདོན་མི་ཟ་སྟེ། རྣམ་ཐར་ལས། “འབུ་སྲིན་ཡན་ཆད་ལའང་གནོད་འཚེ་བྱེད་མི་སྤྲོ་བ་དང་། རང་གི་ཉེ་དུ་གཡོག་འཁོར་མ་ཟད་གཞན་ངོ་ཤེས་མི་ཤེས་པའི་མི་དང་འབུ་སྲིན་ཡན་ཆད་ཤི་བ་མཐོང་ངམ་ཐོས་ཚེ་མིག་ཆུ་ཤོར་བ་ལན་མང་བྱུང་བ་དང་། དེ་བཞིན་དུ་གཞན་སུས་ཀྱང་མི་དང་དུད་འགྲོ་སོགས་སྲོག་ཆགས་གང་དང་གང་བསད་པ་དང་རྩྭ་དང་ནགས་ལ་མེ་ཤོར་བ་དང་དམག་འཁྲུག་སོགས་ཀྱི་གཏམ་ཐོས་ན་སྙིང་འཕར་ཞིང་སེམས་མི་བདེ་བ་རྟག་པར་ཡོད་པས་སྔོན་གྱི་བག་ཆགས་བཟང་པོ་ཞིག་ཡོད་ཀྱང་སྲིད་སྙམ”ཞེས་པ་ལྟར་ཡིན་ཡང་། སྐུ་ཚེའི་ནང་གཉོམ་ཆུང་ཁེ་ཆུང་གི་སྤྱོད་པ་སོགས་འདི་འདྲའི་རྣམ་པར་ཐར་བ་གཙིགས་སུ་བཟུང་ཞིང་། གདན་ཐོབ། གོ་ས། རྒྱུ་འབྱོར། འཁོར་འབངས་རྣམས་ཀྱི་བསླུ་བྲིད་ཀྱིས་མ་ལྷད་པར་རང་ལ་ཆེས་སྦྱིར་བཏང་གི་མི་ཞིག་ལས་ལྟ་སྟངས་ཅི་ཡང་མེད་པའི་ཐོག་སྐུ་ཚེ་མཐར་ཕྱིན་པ་འདིས་ནི། བླ་སྤྲུལ་གྱི་གོ་ས་དང་གདན་ཐོབ་ཡོད་པའི་རིགས་ལ་མན་ངག་ཟབ་ཤོས་ཤིག་གནང་བ་ཡིན་ཞིང་། རྗེ་བསྟན་པའི་སྒྲོན་མེའི་གསུང་ལྟར། སྐུ་སྐྱེ་བསྟན་དོན་དུ་བྱོན་ན། །བཤད་སྒྲུབ་ལག་རྗེས་ཤིག་འཇོག་དགོས། །ཅེས་པ་ལྟར་མི་ནུས་མོད། སྤྲུལ་སྐུ་ཐག་བཅད་ཀྱི་རིམ་པ་ནི་ཚད་ལྡན་བླ་མ་དགེ་བཤེས་དག་གིས་ཐུགས་བརྟགས་བཀའ་བབས་ཀྱིས་ཇི་ལྟར་གཏན་ཁེལ་བཞིན་འགྲོ་ལུགས་ཡང་དག་པ་ཞིག་གི་ངང་ནས་བསྒྲུབས་ཏེ་བླ་མ་སྐྱེས་བུ་དམ་པ་ཞིག་གིས་སྐུ་གོང་མ་སུ་ཞིག་གི་ཡང་སྲིད་དུ་ངོས་བཟུང་བ་ཞིག་ཡིན་ཕྱིན། མི་ཚེ་འདིར་ལས་དང་བསོད་ནམས་ཀྱི་རྐྱེན་པས་མཚན་གནས་དེ་ཙམ་འཁུར་བའི་ལས་སྐལ་ཡོད་པ་དང་། དད་ལྡན་སྐྱ་སེར་མང་བོ་ཞིག་གི་རེ་བའི་ཞིང་དུ་བཞག་པའི་ངོ་སོ་ཙམ་ལ་ཡང་བསམ་བློ་གཏོང་ས་ཤིན་ཏུ་མང་ཞིང་། སྐུ་གོང་མ་དག་གི་ངོ་མཚར་རྨད་བྱུང་གི་ཕྱག་རྗེས་ཁྲོད་འཚེར་བའི་མཚན་སྙན་དང་ཐོབ་ཐང་ཁུར་ནས་བསྟན་འགྲོའི་དོན་ཞིག་ནུས་མི་ནུས་གང་ཡིན་རུང་ཆེས་སྤྱིར་བཏང་གི་མི་ཞིག་ལས་ཀྱང་བྱ་སྤྱོད་སྡུག་པོ། རང་ཉིད་བླ་མ་དང་སྤྲུལ་སྐུ་ཡིན་སྙམ་པའི་ང་རྒྱལ་གྱིས་ཁུར་ཞིང་། སྤྱི་ཚོགས་ཁྲོད་ཀྱི་དད་ལྡན་མང་ཚོགས་ཀྱི་དད་པ་བེད་སྦྱད་དེ། སྟོན་པའི་དགོངས་བཞེད་དང་འགལ་ཞིང་། མིའི་འཚོ་གནས་ཀྱི་འགྲོ་སྲོལ་དང་མི་མཐུན་པའི་ལས་ཀ་བྱེད་མཁན་ཞིག་དང་། བསྟན་པ་དང་སྐུ་གོང་མའི་མཛད་འཕྲིན་ཁ་ལ་ཁྱེར་ནས་ལུང་རྟོགས་བསྟན་པའི་གཞུང་ལ་ཐོས་བསམ་ཙམ་ཕར་ཟད་འཇིག་རྟེན་འཁོར་སྒྲུབ་ཀྱི་བྱེད་པོ་ལྟ་བུ་ཞིག་ཏུ་གྱུར་ཚེ། བོད་བརྒྱུད་ནང་བསྟན་དང་འབྲེལ་བའི་སྒོ་ནས་ཡང་སྲིད་འཚོལ་བའི་ལམ་ལུགས་འདི་ལ་ནག་ཐིག་ཕབ་པ་དང་། བསྟན་འཛིན་གྱི་དབུ་འཕང་སྨད་པའི་རྒྱུ་རྐྱེན་དུ་འགྱུར་ངེས་ཆེ་བས་སུམ་པ་སྤྲུལ་སྐུ་མཆོག་གི་རང་རྣམ་དུ་ཡང་འདིའི་སྐོར་མང་དུ་གསུངས་པ་ནི། བདག་དང་བདག་འདྲའི་ཕྱིས་འབྱུང་བླ་སྤྲུལ་དག་གི་ཐུགས་བསམ་ཆེར་བཞེས་གནང་དགོས་ཚུལ་གདམས་པ་ཡིན་པར་ཐེ་ཚོམ་ཅི་དགོས་སྙམ་མོ། །
གཞན་ཡང་ཁོང་ཉིད་རྒྱུན་ལྡན་གྱི་འགྲོ་སྲོལ་ལྟར་ཆུང་དུས་སུ་ཡི་གེ་སྦྱོར་ཀློག་ནས་དབུ་བཟུང་ཞིང་། རིམ་གྱི་དབུས་གཙང་སྒོ་མང་གྲྭ་ཚང་དུ་བཞུགས་ནས་གཞུང་ཆེན་བཀའ་པོད་ལྔ་གཙོས་རིག་གནས་སྣ་ཚོགས་ལ་ཞིབ་སྦྱོང་གི་གོ་སྐབས་ལ་འབད་ནས་མཁས་པའི་གདན་ས་ཐོབ་པ་ཞིག་ཡིན་པ་དང་། ཁོང་ཆོས་གྲྭར་འགྲིམས་པའི་རྣམ་ཐར་དུ། “རང་གཅེས་འཛིན་ལྕགས་སྒྲོག་གི་འཆིང་བ་དམ་པོས༼བསྡམ༽སྡོམ། མི་ཤེས་པའི་ལིང་ཐོག་གིས་ཡིད་སྒྲིབ། མ་རྟོགས་པ་རྟོགས་པར་རློམས་ཀྱང་ལོག་པར་རྟོགས་པ་དང་སོམ་ཉིའི་དྲ་བས་གཡོག ང་རྒྱལ་གྱི་བྲག་རི་མངོན་པར་མཐོ། འདོད་ཆགས་ཀྱི་མེ་རབ་ཏུ་འབར། ཞེ་སྡང་གི་མཚོན་རྣོན་གཟེངས། ཕྲག་དོག་གི་རླུང་དམར་འཚུབ། འཕེན་བྱེད་ཀྱི་ལས་དང་ཉོན་མོངས་པའི་ཀུན་འབྱུང་གི་ཆ་ཤས་དུ་མའི་རྦ་རླབས་གནམ་དུ་འཕྱོ།”ཞེས་ཚིག་སྦྱོར་ཧ་ཅང་དྲག་པའི་སྒོ་ནས་དུག་གསུམ་ལས་ཉོན་གྱིས་བསྐྱེད་ཅིང་རང་དབང་མེད་པར་རྒྱུ་བའི་འཁོར་བ་དང་འཁོར་བའི་རྟེན་ལ་གནས་པའི་འགྲོ་བ་མིའི་རང་གཤིས་ཇི་ལྟ་བ་བཞིན་གཟུགས་རྒྱན་གྱི་ལམ་ནས་ར་སྤྲད་པ་དང་། ཕྱོགས་གཅིག་ནས་ལས་དང་སྨོན་ལམ་བཟང་བོའི་མཐུ་ལས་དལ་འབྱོར་གྱི་མིའི་ལུས་རྟེན་ཐོབ་པ་དང་། དེ་འདྲའི་རྟེན་ཉིད་ལ་མི་ཚེ་དོན་ཡོད་ཡོང་བའི་ཆེད་དུ་ཐོས་བསམ་སློབ་གཉེར་གནང་དགོས་པ་མ་ཟད། འཆད་རྩོད་ཀྱི་བྱ་བ་དེ་དག་ཀྱང་དོན་ལྡན་ལེགས་སྨིན་དུ་འགྲོ་དགོས་ཚུལ་ནན་ཏན་གྱིས་གསུངས་ཏེ། བུ་སྟོན་རིན་པོ་ཆེས། རང་ཉིད་གྲགས་འདོད་ཕ་རོལ་དམའ་བབས་འདོད། །ངག་འཁྱལ་སྣ་ཚོགས་སྨྲས་པས་གཞན་རྒྱུད་བསྲེག །གཡོ་སྒྱུའི་རྩོད་པ་ཚིག་རྩུབ་ངན་སེམས་ཅན། །འདི་འདྲའི་རྩོད་པ་འདི་ཡང་དམྱལ་བའི་རྒྱུ། །ཞེས་ཐོས་བསམ་སྒོམ་གསུམ་གྱི་ངོ་བོ་ཕྱིན་ཅི་ལོག་ཏུ་སོང་ཚེ་ཕར་བལྟས་ཚུལ་གྱིས་འཆད་རྩོད་རྩོམ་གསུམ་གྱིས་དུས་འདའ་བར་བྱས་ཀྱང་མཇུག་མཐའི་འབྲས་བུ་ཕུན་སུམ་ཚོགས་པ་ཞིག་གཏན་ནས་ཡོང་ཐུབ་མེད་པར་མ་སྲིད་ཆེས་བློ་ཡུལ་ལ་མི་ཤོང་བའི་གནས་ཚུལ་གཞན་ཞིག་ཡིན་པ་སོགས་ལུང་རིགས་ཀྱི་བརྒྱབ་རྟེན་མང་དུ་དྲངས་ཤིང་། སྐྱེ་བོ་ཕལ་བའི་རིགས་ནི་དེ་འདྲ་ཞིག་ཡིན་པ་ལྟ་ཅི་སྨྲས་ཀྱང་སུམ་པ་ཁོང་ཡང་ཆོས་གྲྭར་འགྲིམ་སྐབས་ཀྱི་ང་རྒྱལ་དང་། ཆོས་ཀྱི་བར་ཆད་དུ་གྱུར་བའི་གདོན་འདྲེ་སེམས་སུ་ཞུགས་ཀྱང་། བསླབ་བྱ་དང་བླ་མའི་བཀའ་བཀྱོན་སོགས་ཀྱི་བྱིན་རླབས་ཟབ་མོའི་མཐུས་ཕྱིས་སུ་ང་རྒྱལ་ཁེངས་པ་སངས་སོང་། ཞེས་གསུངས་པས་འུ་ཅག་ཕལ་བའི་སློབ་གཉེར་བ་ཚོར་མཚོན་ན་རྩོད་པའི་སྐབས་སོགས་སུ་ངག་ཀྱལ་སྨྲ་བ་དང་། ཕན་ཚུན་ལ་འགྲན་སེམས་སྣ་ཚོགས་དང་ཉོན་མོངས་ཀྱི་དབང་དུ་གྱུར་བ་སོགས་ནམ་རྒྱུན་ཡོང་ངེས་པ་ཞིག་ཡིན་པ་ནི་ཉམས་མྱོང་དང་མིག་མཐོང་ལག་ཟིན་གྱི་གནས་སུ་འདུག་པ་དང་། ཆེས་སྤྱིར་བཏང་གི་སློབ་གཉེར་བ་ཕལ་བའི་མི་ཞིག་ལ་མཚོན་ན་རྣམ་པ་ཀུན་ཏུ་རྩོད་པའི་སྐབས་སུ་ཕན་ཚུན་ལ་བརྩི་བཀུར་དང་། ཀུན་སློང་དག་པའི་སྒོ་ནས་འགྲོ་ཐུབ་པ་ཞིག་བྱ་རྒྱུ་ནི་ཤིན་ཏུ་དཀའ་བའི་ཚོད་དུ་ཡོད་མོད། ལན་རེར་དམ་པ་འདི་དག་གི་གསུང་གི་བདུད་རྩི་ལ་རོལ་བའི་བསོད་ནམས་བཟང་བོས་ཐེག་པར་གྱུར་ཚེ། བསམ་གཞིགས་ཙམ་དང་དོ་སྣང་ཙམ་ཞིག་བྱེད་པའི་གོ་སྐབས་རྙེད་རྒྱུ་བྱུང་ན་ཡང་བདག་ཅག་ལ་ཐོབ་པའི་རེ་འབྲས་བླ་ན་མེད་པ་དང་། འདི་ཕྱིའི་ཕུགས་འདུན་ཕྲན་བུ་རེ་གཉེར་བ་འདིའི་རྒྱལ་ཁ་མིན་ཨང་།
རྣམ་ཐར་འདིར་གསལ་བ་ལྟར་ལྕང་སྐྱ་རིན་པོ་ཆེས་བཀའ་ཤོག་བསྐུར་ནས་དགོན་ཆེན་ལ་མཚན་ཉིད་ཀྱི་འཆད་ཉན་རྐྱང་བས་མི་ཆོག་པར་ཐ་སྙད་རིག་གནས་ཀྱང་གལ་ཆེ་བས་སློབ་ཆུག་ཅེས་ཞལ་བཀོད་གནང་བ་ལྟར་དགོན་ལུང་སོགས་སུ་རིག་གནས་ཀྱི་འཆད་ཉན་ཧ་ཅང་དར་བར་བྱས་པའི་སྐོར་ལ་བལྟས་ན་ཡང་གང་ཕན་གང་བཟང་གི་ཐུགས་ཀྱི་བཞེད་དགོངས་དེ་ཉིད་ཀྱིས་གངས་ཅན་ཡུལ་གྲུ་འདི་རུ་ཕན་བདེ་ལམ་བཟང་བསྐྲུན་པའི་ཕྱག་ལས་གནང་སྟེ། ཆོས་སྲིད་ལུགས་གཉིས་ཀྱི་སྒོ་ནས་བསྟན་འགྲོའི་བྱ་བ་བསྒྲུབས་ཤིང་དགོན་སྡེ་ཞིག་ལ་མཚོན་ན་མདོ་སྔགས་རིག་གནས་དང་བཅས་པ་དགོས་གལ་ཆེ་བ་སྔར་ནས་མཁྱེན་ཏེ་དགོན་ཁག་མང་བོར་འཆད་ཉན་ཐོས་བསམ་གྱི་སྲོལ་མང་བོ་བཙུགས་པ་སོགས་ཆེས་ངོ་མཚར་བའི་མཛད་པ་ཤིན་ཏུ་མང་ངོ་། །ཁོང་ནི་ངེས་པ་དོན་གྱི་སྒོ་གསུམ་རང་དབང་ཐོབ་པ་དང་། རྫུ་འཕྲུལ་གྱི་གནས་ལ་མངའ་དབང་བསྒྱུར་ཞིང་། དུས་གསུམ་རྗེན་པར་གཟིགས་པའི་ཤེས་རབ་ཀྱི་སྤྱན་དང་ཏིང་འཛིན་གྱི་མཐུ་མངའ་བ་ཞིག་ཡིན་པ་ནི་རྣམ་ཐར་གྱི་ངོས་ནས་གསལ་བར་མཐོང་ཐུབ་ན་ཡང་། སྐུ་ཚེའི་ནང་འདོད་ཆུང་ཆོག་ཤེས་དང་། གཉོམ་ཆུང་ཚུལ་མཐུན་གྱིས་ནས་ཕེབས་པ་དང་། ལྷག་པར་འདུལ་བའི་བཅས་ཁྲིམས་མིག་འབྲས་བཞིན་ཏུ་བསྲུངས་ནས་རྟོགས་ལྡན་གྱི་མཛད་པ་ཙམ་ཡང་ཕལ་ཆེར་བདག་གིར་མ་བཞེས་པ་ཞིག་ཡིན་ཏེ། རྣམ་ཐར་དུ། ཚེ་འདིར་གཟུགས་ཅན་དགྲ་ལ་དམིགས་བསལ་དུ་ས་ལ་མནན་པ་ཆུ་བྲག་ལ་བཏང་མེ་ལ་བསྲེག་པ་རླུང་ལ་བསྐོར་སོགས་སྦྱོར་ངན་གྱི་བསང་ལས་གཞན་མ་ཟད་དྲག་པོའི་སྦྱིན་སྲེག་ཙམ་ཡང་སྔ་མ་དེ་མིན་པ་བྱེད་མ་མྱོང་བར་གསུངས་ཤིང་། ད་དུང་འཇིག་རྟེན་གྱི་སྲིད་དང་དཔལ་འབྱོར་གྱི་ཕྱོགས་ལ་འབད་ཀྱང་བརྩོན་པའི་ཆོས་པ་རྣམས་ལ་ཐུགས་ཤིན་ཏུ་མ་རུང་བའི་གསུང་བཀའ་མང་དུ་གནང་ཡོད་དེ། དེ་ལ་སྔོན་རབས་སུ་བསགས་པའི་ལས་ངན་པའི་འབྲས་བུའི་ཁ་ལོ་རྐྱེན་ངན་གྱིས་བསྒྱུར་ཏེ་ཆོས་པ་འཇིག་རྟེན་པར་ལོག་ནས་ཟང་ཟིང་གིས་བསྟན་པ་འཛིན་པ་དང་ངོ་བསྲུང་གིས་ཡོན་བདག་མི་སྐྱོང་ཀ་མེད་ཀྱི་དཀའ་ལས་དང་གཏམ་ངན་སྡིག་སྡིག་ལྷན་དུ་འཚོགས་ཏེ་དམ་པའི་ཆོས་དང་ཟང་ཟིང་གི་ནོར་བརྗེ་བའི་དུས་ངན་འདིར་ཞེས་བཀའ་རྩུབ་མོའི་སྒོ་ནས་ཡང་ཡང་གསུངས་པ་སོགས་རང་རྣམ་དུ་གསལ་བ་ལྟར་རོ། །
རང་རྣམ་འདིར་གསལ་བ་ལྟར་སྟོན་པ་ཐུབ་པའི་དབང་བོའི་རྗེས་འཇུག་གི་ལམ་ཁར་འགྲིམ་ཚེ་ཁོང་གི་གསུང་བའི་དགེ་འདུན་པའི་གནས་སྟངས་ཀྱི་ཆ་ནས་ངེས་པར་འགྲོ་དགོས་པ་དང་། རབ་ཏུ་མ་བྱུང་བའི་མི་ཞིག་དང་བསྡུར་ན་གཏན་མི་མཚུངས་པའི་གནད་དོན་དེ་ཉིད་ངོས་ཟིན་པ་དང་། བྱ་བའི་ལས་སྒོ་གང་ལ་འཇུས་ཀྱང་རབ་བྱུང་གི་ཁོར་ཡུག་དང་ལམ་ཁ་བརྗེད་མི་ཉན་པར་བདེན་པའི་གནས་ལུགས་སུ་ཞུགས་ཅི་ཐུབ་དང་། བསྟན་པའི་འདུལ་ཁྲིམས་ཀྱི་བྱ་ར་གནང་གང་ཐུབ་བྱེད་དགོས་པ་ནི་ཆེས་གལ་ཆེ་བའི་སྐོར་མང་དུ་གསུངས་སོ། ། དེ་ལྟ་ན་སུམ་པ་མཁན་ཆེན་ཡེ་ཤེས་དཔལ་འབྱོར་གྱི་རང་རྣམས་འདི་ནི་གོང་དུ་ཞུས་ཟིན་པ་ལྟར། རྗོད་བྱེད་ཚིག་དང་བརྗོད་དོན་ཉིས་ཚོགས་ཀྱི་སྒོ་ནས་བཤད་ན་ཡང་ཤིན་ཏུ་གལ་འགེངས་ཆེ་བའི་རྣམ་ཐར་རྩོམ་རིག་གི་གྲས་དེ་ཡིན་ཞིང་། གཅིག སྙན་ངག་གི་ཐུན་མོང་མ་ཡིན་པའི་ཚིག་སྦྱོར་སོགས་ཀྱི་ཁྱད་ཆོས་ལྡན་པ་དང་། གཉིས། ཁོང་གི་སྐུ་ཚེའི་མཛད་རིམ་དེ་དག་ཞིབ་ཕྲའི་ངང་ནས་གསུངས་ཡོད་དེ། དགོན་སྡེ་དང་ས་གནས་གང་སར་ཕེབས་སྐབས་ཀྱི་ལས་རིམ་ཆ་ཚང་། ཁོང་གིས་ཁོང་ཉིད་ལ་བཅངས་པའི་ལྟ་བ་དང་། ཁོང་ཉིད་བཞེངས་བསྐྲུན་ཇི་ལྟར་གནང་ཚུལ་ཀྱང་སྐྱོན་ཡོན་གཉིས་ཀའི་ཆ་ནས་དྲང་མོར་ཁ་གསལ་གྱིས་གསུངས་པ་དང་། གསུམ། དགེ་འདུན་པ་ཞིག་ལ་མཚོན་ན་རབ་ཏུ་བྱུང་བའི་དགེ་འདུན་པའི་སྤྱོད་ལམ་ལ་གནས་དགོས་པ། ལུང་རྟོགས་ཀྱི་བསྟན་པ་སྤྱི་དང་བཅུ་ཕྲག་རིག་པའི་གནས་ལ་སློབ་སྟངས་སོགས། ཐ་ན་འཇིག་རྟེན་མིའི་ཀུན་སྤྱོད་དང་འབྲེལ་ལམ་སོགས་ཀྱི་སྐོར་ཡང་སྐབས་སྐབས་སུ་མན་ངག་གི་ཚུལ་དུ་ཡང་ཡང་གསུངས་ཡོད་པ་སོགས་རྣམ་ཐར་རྩོམ་སྟངས་ཀྱི་ཁྱད་ཆོས་ཕུན་སུམ་ཚོགས་པ་དང་། རྒྱ་བོད་ཧོར་སོག་དང་འབྲེལ་བའི་ལོ་རྒྱུས་དང་། མི་རིགས་ཀྱི་མཐུན་མོང་མ་ཡིན་པའི་བསམ་བློ་དང་ཡུལ་སྲོལ་རྣམས་ཀྱང་རྣམ་ཐར་འདི་ལས་མང་བོ་ཞིག་ཤེས་ཐུབ་པ་དང་། ལྷག་པར་སྙིགས་དུས་ཀྱི་ཆོས་ཀྱི་བྱ་བཞག་སྣ་ཚོགས་ཤིག་སྒྲུབ་སྟངས་ཀྱི་ཆ་ནས་ཐུགས་སུ་མི་འབབ་པ་དང་། བསྟན་པའི་དགོངས་དོན་ཇི་ལྟ་བ་བཞིན་ཕྱག་ལེན་དུ་ཡོང་གིན་མེད་པའི་སྐོར་སོགས་གནད་དུ་བཏོན་ནས་གསུངས་ཡོད་ཕྱིན། སྐྱེས་ཆེན་དམ་པ་འདི་འདྲའི་རྣམ་ཐར་ལ་ཡང་ཡང་མཇལ་ནས་དྲན་པའི་སེམས་ངོ་རུ་ཅུང་ཙམ་རེ་ཡང་འདུག་པའི་ལས་ལ་འབད་རྒྱུ་ནི་དོན་ཆེན་པོར་བསམས་ནས་རང་ཉིད་ལ་དྲན་གསོ་ཡོང་བྱེད་ཙམ་དུ་བྲིས་པ་ལགས་སོ། །
སྤྱི་ལོ༢༠༡༩ཟླ༣ཚེས༢༦ཉིན་ཡབ་རྗེ་བླ་མ་དགེ་འདུན་བསྟན་འཛིན་རྒྱ་མཚོའི་གདན་ས་དྷཱི༔ཚ་དཔལ་ལྡན་བཀྲ་ཤིས་ཆོས་སྡིངས་སུ་རང་གི་བརྗེད་ཐོ་ཁོ་ནར་བྲིས་པའོ། །

འབྲེལ་ཡོད་འོས་སྦྱོར།