རྩོམ་པ་པོ་གངས་དབང་ལགས་ཀྱི་བརྩམས་ཆོས་བགྲོ་གླེང་ཚོགས་འདུ་འཚོགས།
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
དུས་ཚོད།:2024-06-03
ཀློག་གྲངས།:
ཟླ6ཚེས3ཉིན། གཞིས་ཁུངས་སི་ཁྲོན་ཉག་ཆུ་རྫོང་ཡིན་ཞིང་། ད་ལྟ་དཀར་མཛེས་ཚགས་པར་ཁང་གི་ཕྱག་ལས་གནང་མཁན། བོད་ཀྱི་རྩོམ་པ་པོ་གངས་དབང་བཀྲ་ཤིས་ཀྱི་ལྷུག་རྩོམ་ཕྱོགས་བསྒྲིགས«རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག»ཅེས་པའི་བགྲོ་གླེང་ཚོགས་འདུ་ཁྲེང་ཏུའུ་རུ་འཚོགས། བགྲོ་གླེང་ཚོགས་འདུ་དེ་མི་རིགས་རྩོམ་རིག་དུས་དེབ་ཁང་དང་། སི་ཁྲོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཀྲུང་གུང་དཀར་མཛེས་ཁུལ་ཨུད་དྲིལ་བསྒྲགས་པུའུ་བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་དང་། དཀར་མཛེས་ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་བོད་ཡིག་དཔེ་སྐྲུན་ལྟེ་གནས་ཀྱིས་གཉེར་འགན་འཁུར་ཡོད།
བདུད་ལྷ་རྒྱལ་དང་བཀྲ་བྷ་སོགས་རྒྱལ་ནང་གི་རིག་རྩལ་ལས་རིགས་དང་། རིག་གཞུང་ཞིབ་འཇུག་ལས་རིགས། དཔེ་སྐྲུན་ལས་རིགས་སོགས་ནས་ཡོང་བའི་རིགས་གཅིག་མཁས་ཅན་དང་རིག་གནས་པ་ཁག་གཅིག་མཉམ་དུ་འཛོམས་ནས། ཁམས་ཀྱི་རྩོམ་པ་པོའི་དཔེ་ཚོགས་ཞེས་པའི་བོད་ཡིག་བརྩམས་ཆོས་དེ་དག་གི་རྩོམ་རིག་མྱོང་རོལ་དང་སྐད་བརྡའི་སྒྱུ་རྩལ། བསམ་བློའི་ནང་དོན། དུས་རབས་ཀྱི་རིན་ཐང་བཅས་ལ་ཐུན་མོང་ཐོག་ཞིབ་བསྡུར་བྱས་པ་དང་། དུས་རབས་གསར་པའི་མི་རིགས་རྩོམ་རིག་གི་ལས་འགན་དང་ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་བསྐྲུན་རྒྱུའི་སྐོར་ལ་ཞིབ་བསྡུར་བྱས་འདུག
«རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག»ཅེས་པ་ནི་ཁམས་ཀྱི་རྩོམ་པ་པོའི་དཔེ་ཚོགས་ཀྱི་གྲས་ཤིག་ཡིན་ཞིང་། དེ་ནི་རྩོམ་པ་པོ་གངས་དབང་བཀྲ་ཤིས་ཀྱིས་མི་ལོ་བཅུའི་རིང་དཀའ་སྤྱད་འབད་བརྩོན་བྱས་ཐོག བོད་འབྲེལ་ས་ཁུལ་ཁག་ཏུ་བཅར་འདྲི་བྱས་པ་དང་། ས་གནས་ས་ཐོག་ཏུ་བརྟག་དཔྱད་གཏིང་ཟབ་བྱས་ནས་གསར་རྩོམ་བྱས་ཤིང་། ཡིག་འབྲུ་ས་ཡ་ལྷག་ཡོད་པའི་རིག་གནས་ཀྱི་ལྷུག་རྩོམ་ཕྱོགས་བསྒྲིགས་ཤིག་རེད། མིག་སྔར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས«རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག»ཅེས་པའི་བམ་པོ་དང་པོ་དང་། གཉིས་པ། གསུམ་པ་བཅས་པར་སྐྲུན་བྱས་ཟིན་ཡོད། བརྩམས་ཆོས་ཧྲིལ་པོ་ནི་རྩོམ་པ་པོས་ལོ་མང་རིང་རི་ཀླུང་མང་པོ་བརྒལ་ཞིང་། མི་རིགས་མཉམ་འདྲེས་བར་ཁྱམས་སུ་བསྐྱོད་པ། ངོ་མཚར་སྟོང་གིས་ཕྱུག་པའི་འཕྲེད་རྒྱུག་ཁུལ་འགྲིམས་པ་སོགས་དམིགས་བསལ་གྱི་མྱོང་བ་གཞིར་བཟུང་ཐོག བོད་ཡིག་གི་ལམ་ནས་གསར་རྩོམ་བྱས་པ་ཞིག་ཡིན།
ཚོགས་ཐོག་ཏུ་རྩོམ་པ་པོ་གངས་དབང་བཀྲ་ཤིས་ལགས་ཀྱིས། ང་རང་ཏང་གི་ཚགས་པར་གྱི་ལས་ཀ་བསྒྲུབས་མྱོང་ཡོད་པས། ངར་གོང་འོག་དང་། གནའ་དེང་། ཕྱི་ནང་། དེ་བཞིན་དམངས་སེམས་སོགས་ཀུན་ལ་བལྟ་ཞིང་རྟོག་ཞིབ་བྱེད་པའི་གོ་སྐབས་ཐོབ་བྱུང་ལ། དེའི་ཐོག་ལོ་བཅུ་ལྷག་ཙམ་རིང་དཔྱད་གཞིའི་ཡིག་རིགས་མང་པོ་བསྡུ་རུབ་དང་ལྟ་ཀློག་ལ་གཞོལ་བ་དང་། ས་གནས་ས་ཐོག་ཏུ་རྟོག་ཞིབ་ལ་ཐེངས་མང་བསྐྱོད་པ། འབྲེལ་ཡོད་ས་གནས་ཀྱི་མི་དང་ངོ་ཐུག་གདོང་འཕྲད་ངང་སྤེལ་རེས་གཏིང་ཟབ་བྱས་པ་བཅས་ཀྱི་སྔོན་འགྲོ་མང་པོ་བསྒྲུབས་མཐར། ལྷུག་རྩོམ་གྱི་ཐོག་ནས་དེང་རབས་ཕ་ཡུལ་གྱི་གཏམ་རྒྱུད་ཡག་པོ་ཞིག་བརྗོད་ཐུབ་ཐབས་དང་། ལོ་རྒྱུས་དང་རྩོམ་རིག དངོས་བྲིས་དང་རྟོག་བཟོ་བཅས་ཟུང་འབྲེལ་དམ་ཟབ་བྱས་ཤིང་། གོམ་སྟབས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཀྱི་དཀྱེལ་འཇལ་ཐབས་དང་། སྨྱུག་གུར་བརྟེན་ནས་ཡིག་ཐོག་གི་བསམ་པའི་ཁྱིམ་གཞིས་ཤིག་འབྲི་བཞེངས་ཐུབ་ཐབས་བྱས་ཡོད་ཅེས་བརྗོད།
ཚོགས་ཞུགས་རིགས་གཅིག་མཁས་ཅན་དང་རིག་གནས་པ་ཚོས་གངས་དབང་བཀྲ་ཤིས་ཀྱི་བརྩམས་ཆོས་ནི་ས་གནས་ཀྱི་ཁྱད་ཆོས་ལྡན་ཞིང་། དོན་དངོས་དང་ཐག་ཉེ་བ། དུས་རབས་ཀྱི་འདུ་ཤེས་དང་འབྱུང་ཁམས་ཀྱི་འདུ་ཤེས་ཟབ་པ། བོད་ལྗོངས་དང་མཚོ་སྔོན། ཀན་སུའུ། ཡུན་ནན། སི་ཁྲོན་སོགས་ས་ཁུལ་གྱི་རི་ཆུ་དང་མི་ཆོས་རིག་གནས་ཇི་མ་ཇི་བཞིན་ཟིན་ཐོར་བཀོད་པ། དེ་བས་གལ་ཆེ་བ་ཞིག་ནི། ཁོང་གི་ཚིག་འབྲུ་རེ་རེ་དང་ཚིག་རྐང་རེ་རེ་ལས་རྒྱལ་ཁབ་ཀྱི་དོན་ཆེན་ལ་དོ་ཁུར་བྱེད་པ་དང་། མེས་རྒྱལ་ལ་བརྩེ་བ་དྭངས་མ་བཅངས་པ་མཚོན་པ། ས་ཁོངས་ཀྱི་ཁྱད་ཆོས་དང་སྒྱུ་རྩལ་གྱི་ཉམས་འགྱུར་མངོན་གསལ་དོད་པོ་ལྡན་པ། བོད་སྐད་ཡིག་ཐོག་ནས་བརྩེ་དུང་ཟབ་མོས་དུས་རབས་ཀྱི་འཕེལ་རྒྱས་ཟིན་ཐོར་བཀོད་ཅིང་། རྒྱལ་ཁབ་ཀྱི་དྲན་ཤེས་གཅེས་ཉར་བྱས་པ་བཅས་ཀྱི་བརྩམས་ཆོས་ཡག་པོ་ཞིག་ཡིན་པའི་ངོས་འཛིན་བྱས་འདུག
«རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག»ལ་ལན་གཅིག་གཟིགས་དང་། རྩོམ་པ་པོ་གངས་དབང་བཀྲ་ཤིས་ཀྱིས་བརྩེ་བ་དང་གནས་ལུགས་མཉམ་འདྲེས་ཀྱི་རྒྱས་བཤད་ཁྲོད་ནས། ཁྱེད་ཀྱི་བློ་སེམས་ལོ་རྒྱུས་ཀྱི་གཟི་དཔལ་ལྡན་པའི་གནའ་ཤུལ་དང་། རིག་གནས་ཀྱི་ཉམས་ཀྱི་ཕྱུག་པའི་ས་གནས་ཁག་ཏུ་གདན་དྲངས་ཐོག ཁྱེད་ལ་ཐུན་མོང་མ་ཡིན་པའི་མི་ཆོས་རིག་གནས་ལོ་རྒྱུས་དང་རི་ཆུའི་རིག་གནས་ཀྱི་སྟོན་མོ་ཞིག་གཤོམ་རྒྱུ་རེད།
འབྲེལ་ཡོད་འོས་སྦྱོར།