logo

ལྕང་སྐྱ་རོལ་བའི་རྡོ་རྗེས«བསྟན་འགྱུར»སོག་ཡིག་ཏུ་བསྒྱུར་བའི་སྐོར་ལ་དཔྱད་པ།

རྩོམ་པ་པོ།:ཀླུ་མོ་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2024-06-04 ཀློག་གྲངས།:
གཅིག «བསྟན་འགྱུར»སོག་ཡིག་ཏུ་བསྒྱུར་དགོས་པའི་རྒྱུ་རྐྱེན།
       གོང་མ་ཁང་ཞི་ཤིན་ཙི་བདེ་སྐྱིད་རྒྱལ་པོའི་རིང་ལ་ལྕང་སྐྱ་སྐུ་ཕྲེང་གཉིས་པ་ངག་དབང་བློ་བཟང་ཆོས་ལྡན་ལ་བཀའ་ཕབ་ནས«བཀའ་འགྱུར»ཆ་ཚང་སོག་སྐད་དུ་བསྒྱུར་ཏེ་པར་དུ་བསྐྲུན་ཡོད། གོང་མ་ཆན་ལུང་གི་དུས་ནི་ཆིང་སྲིད་གཞུང་བཙུགས་ཚུན་གྱི་དར་རྒྱས་ཆེ་ཤོས་ཀྱི་དུས་སུ་སླེབས་ཡོད། འོན་ཀྱང་བྱང་ཕྱོགས་མཐོ་སྒང་དུ་སོག་པོའི་ཟིང་འཁྲུག་དང་གྱེན་ལོག་གི་མཚམས་མ་ཆད། དེར་དམག་དྲངས་ཏེ་དྲག་འདུལ་བྱས་ཚེ། ཆིང་སྲིད་གཞུང་ལ་མི་ཤུགས་དང་རྒྱུ་ཤུགས་ཀྱི་གྱོང་གུད་ཚབས་ཆེན་བཟོ་ངེས་ཡིན། དེའི་ཕྱིར་ཆིང་སྲིད་གཞུང་གིས་སྔར་བཞིན་ཆོས་ལུགས་ཐད་ཀྱི་འཇམ་འགུག་སྲིད་ཇུས་ལག་བསྟར་བྱས། སྤྱི་ལོ1246ལོར་ས་པཎ་ལྱང་ཇུ་ལ་འབྱོར་བ་ནས་བཟུང་། བོད་བརྒྱུད་ནང་བསྟན་སོག་པོའི་ཡུལ་གྲུ་ཆེན་པོར་དར་མགོ་ཚུགས་ཤིང་དད་ལྡན་པ་ཡང་ཇེ་མང་དུ་གྱུར། སེ་ཆེན་རྒྱལ་པོའི་དུས་སུ་བོད་བརྒྱུད་ནང་བསྟན་ལ་སྔར་ལས་ལྷག་པའི་གསོན་ཤུགས་རྒྱས་ཤིང་རྒྱ་ཆེར་དར་ནས། དེའི་རྗེས་ཀྱི་མིང་རྒྱལ་རབས་དང་ཆིང་རྒྱལ་རབས་སྐབས་སུ་སོག་པོའི་མཐོ་སྒང་གི་དད་མོས་གཙོ་བོར་གྱུར་ཡོད། དེའི་ཕྱིར་ཆིང་སྲིད་གཞུང་གི་དབང་བསྒྱུར་མཁན་ཚོས་སོག་པོའི་མི་རིགས་ལ་ཆོས་ལུགས་ཀྱི་འཇམ་འགུག་སྲིད་ཇུས་ལག་བསྟར་བྱས་པ་རེད། «ལྕང་སྐྱ་རོལ་བའི་རྡོ་རྗེའི་རྣམ་ཐར»ལས། “སྤྱི་ལོ1738ལོའི་ཡས་མས་སུ་གོང་མ་ཆེན་པོའི་བཀའ་ལས། དེང་དུས་སོག་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་རྒྱ་ཆེར་དར་ཞིང་། གོང་མ་ཤིན་ཙི་བདེ་སྐྱིད་རྒྱལ་པོའི་བཀས་བཀའ་འགྱུར་ཡོངས་རྫོགས་སོག་ཡིག་ཏུ་བསྒྱུར་བ་སྔ་ཕན་མི་འདུག་པས། ལྕང་སྐྱ་ཧུ་ཐོག་ཐུ་ཁྱོད་ཀྱིས་ཐུགས་ཁུར་མཛད་ནས་བཀའི་དགོངས་འགྲེལ་གྱི་བསྟན་བཅོས་འགྱུར་རོ་ཅོག་རྣམས་ཧོར་གྱི་སྐད་དུ་བསྒྱུར་བར་མཛོད”ཅེས་གསུངས་པ་བཞིན། གོང་མ་མང་ཆན་ལུང་གིས་ལྕང་སྐྱ་རོལ་བའི་རྡོ་རྗེ་ལ་སྔ་གཞུག་ཏུ་བྱམས་བརྩེས་འགྲོ་བ་ཡོངས་ཀྱི་སྤྱི་བོ་ནས་དབང་བསྐུར་བའི་ཀུན་མཁྱེན་བླ་མ་དང་། སྤྱི་ལོ1736ལོར་གསེར་མཁར་གྱི་ཆོས་ལུགས་ལ་བདག་སྐྱོང་གནང་བའི་ཐམ་ག་བླ་མ།  སྤྱི་ལོ1751ལོར་ཞྭ་སེར་བསྟན་པ་སྐྱོང་བའི་བྱམས་ཆེན་དབུ་བླ་ཆེན་མོའི་གསེར་ཐམ་བཅས་ཀྱི་ཆོ་ལོ་གནང་བར་མ་ཟད། «བསྟན་འགྱུར»སོག་ཡིག་ཏུ་བསྒྱུར་དགོས་པའི་བཀའ་ཕབ་པ་རེད། དེའི་ཕྱིར་ཆིང་སྲིད་གཞུང་གིས་བསྟན་འགྱུར་སོག་ཡིག་ཏུ་བསྒྱུར་བ་དེ་ལ་ཆབ་སྲིད་ཐད་ཀྱི་དགོས་དབང་ངེས་ཅན་ལྡན་པ་རེད།
གཉིས། «དག་ཡིག་མཁས་པའི་འབྱུང་གནས»བརྩམས་པ།
       ༡ «དག་ཡིག་མཁས་པའི་འབྱུང་གནས»མཛད་རྐྱེན།
       «དག་ཡིག་མཁས་པའི་འབྱུང་གནས»ནི་བོད་སོག་ལོ་ཙཱར་དམིགས་ནས་བརྩམས་པ་ཡིན་ཞིང་། བོད་ཀྱི་ལོ་ཙཱའི་ལོ་རྒྱུས་སྟེང་གི་མི་སྒེར་གྱིས་མཛད་པའི་ལོ་ཙཱའི་ཆེད་རྩོམ་གྱི་གཞུང་ལུགས་ཐོག་མ་ཡིན། ལྕང་སྐྱ་རོལ་བའི་རྡོ་རྗེ་མཆོག་གིས་བསྟན་འགྱུར་སོག་སྐད་དུ་བསྒྱུར་བ་ལ་ཐོག་མར་བརྡ་དང་ཐ་སྙད་ངེས་སྲོལ་ཚད་ལྡན་ཅན་དུ་གཏོང་དགོས་པར་མཁྱེན་ནས། གོང་མར་ཞུས་པ་ལ་གོང་མས་ཀྱང་ཁོང་གི་རེ་འདུན་ཐམས་ཅད་དང་ལེན་མཛད་པ་རེད། དེ་ཡང་སོག་པོའི་ཡུལ་གྲུ་སོ་སོའི་སྐད་ཀྱི་བྱིངས་འདྲ་ཡང་བརྡ་སྦྱོར་གྱི་ཚུལ་མི་འདྲ་བ་མང་ཞིང་། ལྷག་པར་དུ་ཆོས་བསྒྱུར་བའི་མིང་དང་ཐ་སྙད་འདོགས་ཚུལ་གཅིག་གྱུར་བཀས་བཅད་གནང་མེད་པ་དང་། ལྕང་སྐྱ་རང་ཉིད་ཀྱིས“སྐད་གཉིས་གང་ཡང་རྣམ་དབྱེ་ཚུལ་བཞིན་དུ། །སྦྱངས་པ་མེད་ཅིང་མཁས་པ་བསྟེན་པའང་མེད། །གང་དྲན་མིང་བཏགས་རྟོགས་པར་ཆེས་དཀའ་བའི། །གཞུང་རྣམས་བསྒྱུར་པས་ཆོས་མིན་ཆོས་ལྟར་འཆོས། །སྒྱུར་བྱེད་ལོ་ཙྪ་རྣམས་ལ་ཐུགས་རྗེས་གཟིགས། །”ཞེས་གསུངས་པ་ལྟར། ལོ་ཙཱ་བ་དུ་མས་སོ་སོར་རང་རང་གི་འདོད་པ་ལྟར་སྦྱར་བས་ཐ་སྙད་གཅིག་གྱུར་བྱུང་མེད། ལོ་ཙཱར་མཚོན་ན་ཐ་སྙད་གཅིག་གྱུར་མ་བྱུང་ཚེ། ལོ་ཙཱའི་སྤུས་ཚད་ལ་ཁག་ཐེག་མེད་པ་དང་ཀློག་པ་པོ་རྣམས་ཀྱིས་གང་ཞིག་ལ་ཡིད་ཆེས་དང་གང་ཞིག་བདེན་པར་འཛིན་དགོས་པའང་མ་ངེས་ཏེ། ལོག་སྒྱུར་དང་འཁྲུལ་སྒྱུར་སོགས་ཀྱི་སྣང་ཚུལ་གང་མང་ཞིག་ཐོན། དེའི་ཕྱིར་ལྕང་སྐྱ་རོལ་བའི་རྡོ་རྗེའི་དགོངས་པར་གལ་ཏེ་སོག་སྐད་ཀྱི་རྒྱུན་སྤྱོད་ཐ་སྙད་གཅིག་གྱུར་མ་བཟོས་ན། སྡེ་སྣོད་གསུམ་གྱི་སྙིང་པོ་རྒྱལ་བའི་བསྟན་འགྱུར་སོག་སྐད་དུ་བསྒྱུར་ཀྱང་སོག་པོའི་མི་རྣམས་ཀྱིས་གོ་དཀའ་བར་དགོངས་པ་རེད།
       གཞན་ཡང་བསྟན་འགྱུར་སོག་སྐད་དུ་བསྒྱུར་བའི་ལོ་ཙཱའི་བྱ་གཞག་རླབས་པོ་ཆེ་འདིས་རིག་གནས་བརྒྱུད་སྒྲོག་ཐད་ནུས་པ་གལ་ཆེན་ཞིག་ཐོན་བཞིན་ཡོད་དེ། ལྕང་སྐྱ་རོལ་བའི་རྡོ་རྗེ་མཆོག་གིས།“ཕུན་ཚོགས་སྲིད་ཞིའི་འདོད་པ་འཇོ་བའི་ཆེད། །གསུང་རབ་ཀུན་ལ་མཁོ་བའི་མིང་ཚིག་དང་། །སོ་སོའི་བརྡ་སྐད་རྣམ་བཞག་མ་ལུས་པོ། །ན་པོ་ཧོར་གྱི་སྐད་དུ་བསྒྱུར་བའི་ཚུལ། །དཔྱད་གསུམ་དག་པས་འདིར་ནི་དགོད་པར་བྱ། །མ་སྦྱངས་རང་འདོད་ཕྱོགས་ཞེན་གཟུ་ལུམས(ལུམ)ཀྱིས། །གང་དྲན་མ་དག་ཐ་སྙད་མང་སྦྱར་བས། །ཐུབ་བསྟན་དྲི་མས་སློད་ལ་ཆེས་རིངས་པའི། །བསྒྱུར་བྱེད་གཟུགས་བརྙན་དེ་དག་ངལ་གསོས་ཤིག །ཤཱཀྱའི་རིང་ལུགས་སྙིང་ལ་ལེགས་བཅངས་ནས། །གཞན་ཕན་བསྒྲུབས་ལ་བརྩོན་པའི་ཤེས་བ་ལྡན། །ཕྱོགས་ལྷུང་འཁྱོགས་པོའི་སྤྱོད་ཚུལ་རིང་དོར་བ། །དེ་དག་དགའ་བའི་འཛུམ་ནི་སྟོན་ཅིག །”ཅེས་གསུངས་པ་བཞིན། ཕྱི་ནང་གི་རྐྱེན་མང་པོ་ཞིག་ལ་དམིགས་ནས་སྤྱི་ལོ1741ལོའི་ཟླ་དགུ་པ་ནས1742ལོའི་ཟླ་བཅུ་པའི་བར་གྱི་ལོ་གཅིག་དང་ཟླ་བ་གཅིག་ལྷག་གི་རིང་ལ«དག་ཡིག་མཁས་པའི་འབྱུང་གནས»བརྩམས་པ་རེད།
       ༢ «དག་ཡིག་མཁས་པའི་འབྱུང་གནས»མདོར་བསྟན་པ།
       «དག་ཡིག་མཁས་པའི་འབྱུང་གནས»ནི་སྐབས་དེའི་བོད་སོག་ལོ་ཙཱ་ཁོ་ནར་ཕན་ཐོགས་ཆེ་བའི་ལོ་ཙཱའི་གཞུང་ལུགས་ཙམ་མ་ཡིན་པར། དེང་དུས་ཀྱི་རྒྱ་བོད་ལོ་ཙཱའི་ཐད་ལའང་མཛུབ་སྟོན་གྱི་ནུས་པ་གལ་ཆེན་ལྡན་པའི་ལོ་ཙཱའི་གཞུང་ལུགས་རིན་ཐང་བྲལ་བ་ཞིག་ཡིན། «དག་ཡིག་མཁས་པའི་འབྱུང་གནས»ལ་ཐུན་མིན་གྱི་ཁྱད་ཆོས་ཤིག་ལྡན་པ་ནི། ལྕང་སྐྱ་རོལ་བའི་རྡོ་རྗེས་བོད་བཙན་པོའི་དུས་ཀྱི«སྒྲ་སྦྱོར་བམ་གཉིས»གཙོས་པའི་དེ་རྗེས་ཀྱི་ས་སྐྱ་པཎྜི་ཏ་སོགས་སྔོན་བྱོན་ལོ་ཙཱ་བ་རྣམས་ཀྱི་ལོ་ཙཱའི་གཞུང་ལུགས་དང་ལག་ལེན་སོགས་དཔྱད་གཞིར་མཛད་ནས«དག་ཡིག་མཁས་པའི་འབྱུང་གནས»འདི་བརྩམས་པ་རེད། «དག་ཡིག་མཁས་པའི་འབྱུང་གནས»ཀྱི་གླེང་གཞིའི་ནང་དུ་ལོ་ཙཱ་བའི་བྱང་ཚད་ཐད་ཀྱི་བཞེད་དགོངས་གསལ་པོར་བསྟན་ཡོད་པ་དང་། བོད་སོག་ལོ་ཙཱའི་སྒྱུར་ཐབས་ལ་དམིགས་ནས་བྱེ་བྲག་གི་སྒྱུར་ཐབས་བཅོ་ལྔ་དང་། ལོ་ཙཱའི་ཚད་གཞི་སོགས་གསལ་པོར་བསྟན་ཡོད། ནང་དོན་གྱི་ཆ་ནས་གཞུང་ཡོངས་ལ་སྡེ་ཚན་བཅུ་གཅིག་ཏུ་དབྱེ་ཡོད་པ་སྟེ། ཕར་ཕྱིན་གྱི་སྐོར། དབུ་མའི་སྐོར། མངོན་པའི་སྐོར། འདུལ་བའི་སྐོར། གྲུབ་མཐའི་སྐོར། གསང་སྔགས་ཀྱི་སྐོར། ཚད་མའི་སྐོར། སྒྲའི་སྐོར། བཟོའི་སྐོར། གསོ་བ་རིག་པའི་སྐོར། བརྡ་གསར་རྙིང་གི་སྐོར་བཅས་སོ། །
གསུམ། «བསྟན་འགྱུར»སོག་ཡིག་ཏུ་བསྒྱུར་པའི་ཕན་ཡོན།
       ལྕང་སྐྱ་རོལ་བའི་རྡོ་རྗེ་དང་ཁྲི་ཆེན་སྤྲུལ་སྐུ་རིན་པོ་ཆེ་རྣམ་གཉིས་སྒྱུར་མཁན་གཙོ་བོ་དང་། གཞན་ཡང་གཞུང་ལུགས་ལ་སྦྱངས་པའི་དགེ་བའི་བཤེས་གཉེན་དུ་མ་དང་། སྐད་གཉིས་སྨྲ་བའི་ལོ་ཙཱ་བ་མཁས་པ་མང་པོ་དང་བཅས་པས་ལྕགས་མོ་བྱ་ལོའི་སྨིན་དྲུག་ཟླ་བའི་རྒྱལ་ཕུར་འགྲུབ་སྦྱོར་གྱི་ཉིན་དབུ་བཙུགས་ཤིང་ཆུ་ཕོ་ཁྱིའི་ལོའི་མགོ་ཟླའི་ཚེས་བཅོ་ལྔ་ལ་འགྱུར་ཡོངས་སུ་རྗོགས་པ་གྲུབ་པར་བགྱིས་པ་དེས་ཆིང་སྲིད་གཞུང་གི་བོད་བརྒྱུད་ནང་བསྟན་ལ་བརྟེན་པའི་ཆོས་ལུགས་ཀྱི་འཇམ་འགུག་སྲིད་ཇུས་ལག་བསྟར་བྱས་ཏེ་བྱང་ཕྱོགས་མཐོ་སྒང་གི་སོག་པོའི་རིགས་དབང་དུ་བསྡུ་བའི་དམིགས་ཡུལ་དེ་ལེགས་འགྲུབ་བྱུང་བ་རེད། «བསྟན་འགྱུར»སོག་སྐད་དུ་བསྒྱུར་པ་དེས་བོད་བརྒྱུད་ནང་བསྟན་གྱི་གཞུང་ལུགས་རྣམས་འཐུས་སྒོ་ཚང་བའི་སྒོ་ནས་སོག་ཡུལ་དུ་སྤེལ་བ་དང་བོད་བརྒྱུད་ནང་བསྟན་ལ་དད་པ་བྱེད་མཁན་གྱི་སོག་པོའི་རིགས་ཀྱང་ཇེ་མང་ནས་ཇེ་མང་དུ་སོང་བ་རེད། སོག་པོའི་མི་རིགས་ཀྱིས་ཐོག་མར་གནམ་བདག་ཆོས་ལུགས་དང་ས་མཎ་ཆོས་ལུགས་སོགས་ཆོས་ལུགས་གང་མང་ཞིག་ལ་དད་པ་བྱེད་བཞིན་ཡོད། འོན་ཀྱང་བོད་བརྒྱུད་ནང་བསྟན་སོག་ཡུལ་དུ་དར་བ་ནས་བཟུང་ཆོས་ལུགས་གཅིག་གྱུར་བྱུང་བ་རེད། དེ་ནི«བསྟན་འགྱུར»སོག་ཡིག་ཏུ་བསྒྱུར་བའི་བྱེད་ནུས་དང་ཁ་འབྲལ་ཐབས་མེད། བོད་བརྒྱུད་ནང་བསྟན་སོག་ཡུལ་དུ་དར་བ་དེས་སོག་པོ་མི་རིགས་ཀྱི་གཤིས་ཀ་ཡང་སྤྱིའི་ཆ་ནས་ཇེ་འཇམ་དུ་བཏང་། དེ་ནི་ཆོས་ལུགས་ཀྱི་སློབ་གསོའི་ནུས་པའི་ཁོངས་སུ་གཏོགས་པ་ཡིན། རིག་གནས་བརྒྱུད་སྒྲོག་གི་ཐད་ནས་བཤད་ན། «བསྟན་འགྱུར»སོག་སྐད་དུ་བསྒྱུར་བ་དེ་ནི་བོད་ཀྱི་རིག་གནས་གཞན་ལ་ངོ་སྤྲོད་དང་བརྒྱུད་སྒྲོག་བྱེད་པའི་ལས་དོན་གལ་ཆེན་ཞིག་ཡིན། «ཧོར་གྱི་ཆོས་འབྱུང»ལས། “སྐྱེས་ཆེན་དམ་པ་དེ་དག་ཕལ་ཆེ་བ་རྣམས་ཀྱིས་ནི་རྒྱ་དང་མན་ཇུ་དང་། ལྷག་པར་ཆེན་པོ་ཧོར་གྱི་ཡུལ་གྲུ་མཐའ་དག་གི་དཔོན་ཆེན་རྣམས་ཀྱིས་གཙོས་བློན་འབངས་སྐྱེ་འགྲོ་རྣམས་ལ་ཟབ་པ་དང་རྒྱ་ཆེ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་ཀུན་ཏུ་ཆེས་ཆེར་དར་ཞིང་རྒྱས་པར་མཛད”ཅེས་གསུངས་པ་ལྟར«བསྟན་འགྱུར»སོག་སྐད་དུ་བསྒྱུར་བ་དེས་ཆབ་སྲིད་ཀྱི་ཐད་དང་རིག་གནས་ཀྱི་ཐད། མི་རིགས་མཐུན་སྒྲིལ་དང་མེས་རྒྱལ་གཅིག་གྱུར་བཅས་ཀྱི་ཐད་ལ་ཕན་ནུས་གལ་ཆེན་ཐོན་པ་རེད། །
འབྲེལ་ཡོད་འོས་སྦྱོར།