logo

ཀུན་འདུས་ཞལ་ཐང་ཆེན་མོའི་སྨད་ཆའི་འགྲེམ་སྟོན་ཐོག་མ་དང་བགྲོ་གླེང་།

རྩོམ་པ་པོ།:གསང་བདག་རྒྱལ། བདེ་ལེགས་མཚོ། ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ། དུས་ཚོད།:2024-08-19 ཀློག་གྲངས།:
       ཟླ8པའི་ཚེས17ཉིན། མཚོ་སྔོན་རབ་རྒྱས་བོད་རིས་སྒྱུ་རྩལ་རྒྱུན་འཛིན་གསོ་སྐྱོང་ལྟེ་གནས་རེབ་གོང་སྒྱུ་རྩལ་རྒྱུན་འཛིན་རྟེན་གཞིས་གཙོ་སྒྲུབ་དང་བིས་མདོ་ཤང་ཉ་གཤོང་སྡེ་བའི་ཨུ་ཡོན་ལྷན་ཁང་གིས་རོགས་སྒྲུབ་བྱས་པའི་འཛམ་གླིང་གི་ཆེས་རིང་བའི་ཐང་ག«ཀྲུང་གོ་བོད་ཀྱི་རིག་གནས་སྒྱུ་རྩལ་ཀུན་འདུས་ཞལ་ཐང་ཆེན་མོའི»སྨད་ཆའི་ཐོག་མའི་འགྲེམ་སྟོན་མཛད་སྒོ་དང་མཁས་པའི་བགྲོ་གླེང་ཚོགས་འདུ་ཞོན་ཧྭ་རྫོང་ཉ་གཤོང་སྡེ་བར་འཚོགས།
       བགྲོ་གླེང་ཚོགས་འདུ་ལ་རྒྱལ་ཁབ་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཟུར་པའམ་བོད་རིག་པའི་ཆེད་མཁས་པ་གྲགས་ཅན། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ། འབུམ་རམས་པའི་མཛུབ་སྟོན་དགེ་རྒན་དོན་གྲུབ་དབང་འབུམ་དང་། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་ཞིབ་འཇུག་གླིང་གི་གླིང་གཙོ་ཟུར་པའམ་དགེ་རྒན་ཆེན་མོ། འབུམ་རམས་པའི་མཛུབ་སྟོན་དགེ་རྒན་ཚེ་རིང་ཐར། ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་གི་ཞིབ་འཇུག་པའམ་འབུམ་རམས་པའི་མཛུབ་སྟོན་དགེ་རྒན། རྒྱལ་ཡོངས«གེ་སར་སྒྲུང»ལས་དོན་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་ནོར་བུ་དབང་ལྡན། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་བདེ་འཚོ་སོགས་མཁས་དབང་དང་ཆེད་མཁས་པ། ཞིབ་འཇུག་པ་བཅས་ལས་རིགས་སོ་སོའི་མི་སྣ་གྲགས་ཅན་སུམ་ཅུར་ཉེ་བ་ཞུགས་ཡོད།
       བགྲོ་གླེང་ཚོགས་འདུའི་བརྗོད་དོན་ནི་ཞི་ཅིན་ཕིང་གི་རིག་རྩལ་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པ་དང་། «ཀྲུང་གོ་བོད་ཀྱི་རིག་གནས་སྒྱུ་རྩལ་ཀུན་འདུས་ཞལ་ཐང་ཆེན་མོའི»སྒྱུ་རྩལ་གྲུབ་འབྲས་ལ་དཔྱད་འཇོག་གནང་བ། «ཀྲུང་གོ་བོད་ཀྱི་རིག་གནས་སྒྱུ་རྩལ་ཀུན་འདུས་ཞལ་ཐང་ཆེན་མོའི»མདུན་ལྗོངས་ལ་བགྲོ་གླེང་མཛད་པ་བཅས་ཡིན་ལ། བགྲོ་གླེང་ཚོགས་འདུ་མ་འཚོགས་སྔོན་ལ«ཀུན་འདུས་ཞལ་ཐང་མོའི»སྨད་ཆའི་ཐོག་མའི་འགྲེམ་སྟོན་གྱི་དར་ཚོན་གཅོད་པའི་མཛད་སྒོ་སྤེལ།
       རྒྱུས་ལོན་པ་ལྟར་ན། «ཀུན་འདུས་ཞལ་ཐང་ཆེན་མོའི»སྨད་ཆ་འདི་ནི། བོད་ཀྱི་ལྷ་རིས་པ་གྲགས་ཅན་རྒན་བརྩོན་འགྲུས་རབ་རྒྱས་ལགས་ཀྱིས2005ལོར་གསར་བཞེངས་ཀྱི་མགོ་བརྩམས་པ་དང་། ལྷ་རིས་སྒྱུ་རྩལ་པ་གྲགས་ཅན48ཀྱི་ལག་རོགས་ལ་བརྟེན་ནས་ལོ19ལྷག་ཙམ་ལ་འབད་བརྩོན་བྱས་མཐར། 2024ལོར་ཕུན་སུམ་ཚོགས་པའི་ངང་ཡོངས་སུ་ལེགས་པར་གྲུབ། སྨད་ཆའི་སྤྱིའི་རིང་ཚད་ལ་སྨི410ཡོད་པ་དང་། ཞེང་ལ་སྨི2.5ཡོད། ནང་དོན་ཁག26ཡོད་ཅིང་། བྱེ་བྲག་གི་དོན་ཚན210འདུས་ཡོད། ནང་དོན་གཙོ་བོ་ནི་བོད་ཀྱི་དམངས་སྲོལ་རིག་གནས་གཙོ་བོ་དང་། ཞོར་དུ་མི་རིགས་ཀྱི་ལོ་རྒྱུས་མི་སྣ་དང་དཔའ་བོའི་མཛད་རྗེས། ཇ་རྟའི་གནའ་ལམ། ཐང་བོད་གནའ་ལམ།དར་གོས་ཚོང་ལམ་རྒྱུད་ཀྱི་མི་རིགས་མང་པོའི་དམངས་སྲོལ་རིག་གནས་སྣ་མང་འདུས་ཡོད་པ་ཙམ་མ་ཟད། གངས་ལྗོངས་ས་མཐོའི་དམངས་སྲོལ་རིག་གནས་ཡོངས་སུ་འདུས་ཡོད། སྤྱིའི་ཆ་ནས«ཀུན་འདུས་ཞལ་ཐང་ཆེན་མོའི»སྟོད་ཆའི་ཁ་གསབ་དང་རྒྱུན་མཐུད་ཅིག་ཡིན་ལ། སྟོད་ཆའི་རིང་ཚད་ལ་སྨི618ཡོད་པ་གཉིས་མཉམ་དུ་བསྡེབས་ན། བསྡོམས་པས་སྨི1028ཡོད་པས། སྤྱི་མིང་ལ་སྨི་སྟོང་ཅན་གྱི«ཀུན་འདུས་ཞལ་ཐང་ཆེན་མོ»ཞེས་འབོད་ཀྱིན་ཡོད། ཐེངས་འདིར་འགྲེམ་སྟོན་དུ«ཀུན་འདུས་ཞལ་ཐང་ཆེན་མོའི»སྨད་ཆ་ལས་སྨི100ལྷག་ཙམ་བཤམས་ཡོད་པ་དང་།འགྲེམ་སྟོན་གྱི་ནང་དོན་ཐད་ནས་མདོ་དབུས་མཐོ་སྒང་གི་ཤེས་རིག་གི་འབྱུང་ཁུངས་དང་། གནའ་བོའི་ཤེས་རིག་ཁྲོད་ཀྱི་བོད་རིགས་ཀྱི་ལྷ་སྒྲུང་གཏམ་རྒྱུད། ཇ་རྟའི་གནའ་ལམ་དང་དར་གོས་ཚོང་ལམ་རྒྱུད་ཀྱི་མི་རིགས་སོ་སོའི་ཕན་ཚུན་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ཀྱི་ངོ་མཚར་བའི་གཏམ་རྒྱུད་དུམ་བུ་བཅས་ཡོད།
       ཀུན་འདུས་ཞལ་ཐང་ཆེན་མོའི་གསར་བཞེངས་ཀྱི་དྲུང་ཡིག་གི་འགན་བཞེས་མཁན་རྡོ་རྗེ་རིན་ཆེན་ལགས་ཀྱིས། «ཀུན་འདུས་ཞལ་ཐང་ཆེན་མོའི»སྨད་ཆ་དངོས་སུ་བཞེངས་མགོ་རྩོམ་པའི་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་རྒྱུད་གཅིག་ལམ་གཅིག་གི་འཐབ་ཇུས་བསམ་བློ་དང་གཟུགས་འདས་ཤུལ་བཞག་རིག་གནས་ལག་རྩལ་རྒྱུན་འཛིན་དར་སྤེལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པ་སོགས་ཡང་དག་པའི་སྲིད་ཇུས་བཟང་པོ་སྤེལ་བའི་་སྐབས་ལ་འཁེལ་སྟབས། ཞལ་ཐང་ཆེན་མོ་འདི་ཁ་མ་ཚང་བར་རང་སོར་གནས་མ་དགོས་པར་སྨད་ཆ་མུ་མཐུད་དུ་བཞེང་ཐུབ་པའི་བསྐལ་བཟང་ལེགས་པར་སྨིན་པ་ཡིན་ཞེས་བཤད།
       སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལམ་སྟོན་དགོངས་པ་དང་། ད་ལྟའི་སྲིད་ཇུས་གསར་པའི་ཁ་ཕྱོགས། རྒྱུད་གཅིག་ལམ་གཅིག་གི་འཁོར་ཕྱོགས་བཅས་དང་མཐུན་པར་ཞལ་ཐང་ཆེན་མོའི་སྨད་ཆའི་ནང་དུ་གནའ་རབས་ཇ་རྟའི་གནའ་ལམ་དང་། དར་གོས་ཚོང་ལམ་གྱི་མི་རིགས་མང་པོའི་མཛའ་བརྩེའི་འབྲེལ་ལམ་དང་། རྒྱ་བོད་མི་རིགས་བར་གྱི་ལོ་ངོ་སྟོང་ཕྲག་རིང་གི་ཕྱོགས་མང་པོའི་འབྲེལ་བ་མཚོན་པའི་ལོ་རྒྱུས་དང་གཏམ་རྒྱུད་རྣམས་རི་མོར་བཀོད་དེ། མི་རིགས་མཐུན་སྒྲིལ་དང་མི་རིགས་མང་པོའི་སེམས་རྩ་གཅིག་ཏུ་སྒྲིལ་བ་ལ་ཕན་པའི་རི་མོ་རིན་ཐང་ཅན་མང་པོ་གསར་བཞེང་བྱས་ཡོད་པས། ནང་དོན་དང་སྒྱུ་རྩལ་གྱི་ཉམས་འགྱུར་གང་གི་ཆ་ནས་བལྟས་ཀྱང་རླབས་ཆེན་ཀྲུང་གོ་གུང་ཁྲན་ཏང་གིས་དབུ་ཁྲིད་པའི་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་འཕེལ་རྒྱས་ཀྱི་དུས་རིམ་ནང་གི་བསམ་བློའི་ཁ་ཕྱོགས་མཚོན་ཐུབ་ཅིང་དུས་རབས་ཀྱི་ཉམས་འགྱུར་ཤུགས་ཆེར་མཚོན་ཡོད། །
འབྲེལ་ཡོད་འོས་སྦྱོར།