༄༅། །«བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལུགས་ཀྱི་འཕེལ་རིམ་འགར་ཐོག་མར་དཔྱད་པ»ཞེས་པར་དཔྱད་པ།
རྩོམ་པ་པོ།:ཤེས་རབ་བསྟན་དར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2024-08-20
ཀློག་གྲངས།:
༄༅། །«བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལུགས་ཀྱི་འཕེལ་རིམ་འགར་ཐོག་མར་དཔྱད་པ»ཞེས་པའི་རྩོམ་ཡིག་གི་དགག་སྒྲུབ་དག་ལ་ཅུང་ཟད་དཔྱད་པ།
ཤེས་རབ་བསྟན་དར།
དབུས་གཙང་གི་ལོ་རྒྱུས་སྨྲ་བ་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས«ཀྲུང་གོའི་བོད་རིག་པ»2006ལོའི་དེབ་དང་བོའི་སྟེང་དུ«བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལུགས་ཀྱི་འཕེལ་རིམ་འགར་ཐོག་མར་དཔྱད་པ»ཞེས་པའི་རྩོམ་ཡིག་ཅིག་སྤེལ་ཡོད། རྩོམ་ཡིག་དེར«སུམ་རྟགས་རྩ་བ»དང་ས་པཎ་གྱི«ཡི་གེ་སྦྱོར་བ»གཉིས་གཤིབ་བསྡུར་བྱས་ནས་སུམ་རྟགས་ས་པཎ་གྱིས་མཛད་པའི«ཡི་གེའི་སྦྱོར་བ»གཞི་བྱས་ནས་ཤོང་ལོས་བརྩམས་པ་སོགས་རྙིད་པ་གྲིས་མི་ཆོད་པའི་དཔེ་ལྟར་ལུང་རིགས་ལྟར་སྣང་གིས་དཔྱད་ཁུལ་མང་དུ་བྱས་སྣང་ངོ༌། །
ཁོང་གིས་དེ་ལྟ་བུའི་ལྟ་བ་བཏོན་པ་ནི་བོད་རིག་པའི་ཞིབ་འཇུག་གི་ཁྱབ་ཁོངས་ལས་འབྱུང་འོས་པ་ཞིག་ཡིན་ལ་བྱུང་བ་ལ་རྗེས་སུ་ཡི་རང་བྱེད་འོས་པ་ཞིག་ཏུ་མ་ཟད་དེང་གསར་བཤད་དང་གསར་བ་རིག་ན་ཧེབ་ལངས་པའི་ཨ་གསར་མཁན་དག་ལ་ཆེས་བྲིན་པར་མཐོང༌། གཟུར་གནས་ལ་བདེན་དོན་ལས་གསར་བཤད་མི་གཙོ་བས་ཁོ་བོས་ཆེད་དུ་ལུང་རིགས་རྣམ་དག་གིས་དཔྱད་པ་ཞིབ་མོ་ཞིག་གཏང་འདོད། ཡིན་ཡང་འདིར་ཆེད་དུ་གསལ་བཤད་བྱ་དགོས་པ་ནི་འདི་ལྟ་བུའི་དགག་སྒྲུབ་རྩོམ་ཡིག་འབྲི་དོན་ནི་དགག་ཡིག་གི་ཆེད་དུ་དགག་ཡིག་འབྲི་བ་མ་ཡིན་པར་བདེན་དོན་ཞིག་གསལ་བྱེད་བྱེད་པའི་ཆེད་དུ་ཡིན་པས་སུས་ཀྱང་དགོས་མེད་ཀྱི་དོགས་པ་འཛིན་མི་དགོས་སོ། །
རྩོམ་ཡིག་དེ་ཚིག་གི་ལོ་མ་ཤིན་ཏུ་སྟུག་ཚོད་ཀྱི་དོན་གྱི་འབྲས་བུ་ཞིག་མེད་ལ་དེ་ཡང་ཁོང་གི་སྔོན་དུ་ལོ་རྒྱུས་ཀྱི་ལྟ་ཚུལ་གང་མང་ཞིག་འདྲེས་པར་བྱས་ཏེ་དེས་རིགས་འགྲེས་ཀྱིས་གནད་དོན་སྐོར་ཞིག་ལྷང་ལ་འབུད་འདོད་པ་རེད་མོད། ད་ལྟ་ཁོང་ལོ་ན་རྒས་ཤིང་དཔེ་ཀློག་དང་དཔྱད་གཞི་འཚོལ་བའི་བྱ་བ་སོགས་མང་བོ་ཞིག་ཡིད་བཞིན་དུ་བསྒྲུབས་མ་ཐུབ་པས་དགག་སྒྲུབ་རྩོམ་ཡིག་འདི་ནི་གནད་དོན་ཐག་ཆོད་པ་ཕར་ཞོར་སྤྲང་བོ་དབྱུག་པ་རང་གི་མགོ་གཅོག་གི་ཚུལ་དུ་སོང་འདུག གང་ལྟར་ཡང་དེ་ནི་བོད་རིག་པའི་མཁས་པ་ཞིག་གི་དགོངས་བཞེད་དང་ཁོང་དགེ་སློབ་གཉིས་ཀྱིས་ཆེད་དུ་ཞིབ་འཇུག་བྱས་པའི་ལྟ་བ་ལགས་ན་དེ་ལ་ཞིབ་འཇུག་གི་རིན་ཐང་ཡོད་པར་གདོན་མི་ཟ་བས་ཁོ་བོས་ཆེད་དུ་ཅུང་ཟད་དཔྱད་འདོད་པ་ཡིན།
རྩོམ་ཡིག་འདི«སུམ་རྟགས་རྩ་བ»དང«ཡི་གེ་སྦྱོར་བ»གཉིས་ཕན་ཚུན་གཤིབ་བསྡུར་གྱི་དཔྱད་པ་དང་འབྲེལ་ཡོད་ཀྱི་དགག་སྒྲུབ་ཅེས་པའི་ལེའུ་གཉིས་ཡོད། འབྲེལ་ཡོད་ཀྱི་དགག་སྒྲུབ་དེ་སྔོན་བྱོན་མཁས་པའི་ལྟ་བ་འགོག་མ་ནུས་ན་གཤིབ་བསྡུར་ནི་ཞ་ཉེའི་མདུང་བཞིན་དུ་ནུས་པ་ཅི་ཡང་མེད་པར་གྱུར་འགྲོ་བས་འདིར་ཐོག་མར་འབྲེལ་ཡོད་ཀྱི་དགག་སྒྲུབ་ལ་དཔྱད་ནས་གནད་དོན་ལྷང་ལ་ཕུད་རྗེས«སུམ་རྟགས་རྩ་བ»དང«ཡི་གེའི་སྦྱོར་བ»གཉིས་ཀྱི་འབྲེལ་བ་ཞིབ་ཏུ་བཤད་འདོད་པ་ཡིན།
དང་བོ། བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལུགས་ཀྱི་འཕེལ་རིམ་འགར་ཐོག་མར་དཔྱད་པའི་རྩོམ་ཡིག་ལས་འབྲེལ་ཡོད་ཀྱི་དགག་སྒྲུབ་ལ་དཔྱད་པ།
ཆབ་སྤེལ་གྱིས་འབྲེལ་ཡོད་དགག་སྒྲུབ་ཅེས་པའི་ལེའུ་ནང་དུ«སུམ་རྟགས་རྩ་བ»ཐོན་མིའི་མིན་པའི་དགག་སྒྲུབ་ཚན་པ་བརྒྱད་བཤད་ཡོད་ཀྱང་ཁོ་བོས་ཞིབ་ཏུ་བརྟགས་པས་དགག་སྒྲུབ་དེ་དག་གིས་གཞན་ལུགས་དགག་མི་ནུས་ལ་རང་ལུགས་དེ་བས་ཀྱང་སྒྲུབ་མི་ནུས་པས་རྩོད་པ་དེ་དག་ནི་མོ་གཤམ་གྱི་བུ་ལ་བག་མ་འཚོལ་བ་ཇི་བཞིན་གཞི་མེད་ཀྱི་ལྟག་ཆོད་འབའ་ཞིག་ལགས་པ་འདི་ལྟར།
གཅིག ཁོང་གི་དགག་སྒྲུབ་དང་བོ་ལས་འདི་ལྟར་བཤད་དེ། “སུམ་ཅུ་བའི་མཆོད་བརྗོད་དུ……བླ་མ་ཞེས་བྱ་བའི་མིང་ཐེངས་གསུམ་ལ་བྱུང”པ་དང་ཞྭ་ལུས“བདག་ཉིད་ཀྱི་བླ་མ་ལྷ་རིག་པའི་སེང་གེ”ཞེས་དང“བྲམ་ཟེ་བྱ་བ་སྦས་ནས་གསུངས”ནའང་ཐོན་མིས་བྲམ་ཟེ་ལི་བྱིན་ལྟ་བུའི་ཕྱི་རོལ་པ་བླ་མར་བཟུང་ནས་ཕྱག་ག་ལ་འཚལ།” ཞེས་གསུངས་འདུག དགག་སྒྲུབ་འདིས་ནི་ལི་བྱིན་ཕྱི་རོལ་པ་ཡིན་པའི་རྟགས་སུ་བྲམ་ཟེ་ཞེས་སྦྱར་བ་ལ་དགོངས་པ་འཁྲུལ་འདུག སྤྱིར་ན་འདི་ནི་འཁྲུལ་དགོས་པའི་དཀའ་གནད་ཅིག་གཏན་ནས་མིན་ནའང་བློ་ལྡན་ཁོང་ལ་དོགས་གནས་ཤིག་ཏུ་གྱུར་འདུག་པས་ཅུང་ཞིབ་ཏུ་བཤད་པར་བྱ་སྟེ།
༡ བྲམ་ཟེ་ནི་རིགས་ཀྱི་མིང་ཡིན་པ་ལས་ཆོས་ལུགས་ཀྱི་མིང་མིན་ལ་བྲམ་ཟེའི་ཆོས་ལུགས་ནི་ཆོས་ལུགས་ཀྱི་མིང་ཡིན་པ་ལས་རིགས་ཀྱི་མིང་མིན་པས་བྲམ་ཟེ་ཡིན་ན་བྲམ་ཟེ་ཆོས་ལུགས་པ་ཡིན་ག་ལ་དགོས་ཏེ་བྲམ་ཟེ་ཆོས་ལུགས་དང་བྲམ་ཟེ་གཉིས་ནི་གོ་དོན་གཏན་ནས་མི་གཅིག་པའི་མིང་ཐ་དད་པ་གཉིས་ཡིན། དེ་བས་བྲམ་ཟེ་ཞེས་པའི་མིང་དང་ལྡན་པ་ཙམ་གྱིས་ཕྱི་རོལ་པ་ཡིན་པར་གཏན་ནས་གཟུང་མི་འོས་ཏེ་བྲམ་ཟེ་མིང་ལྡན་པའི་ནང་བ་ཤིན་ཏུ་མང་བ་ནི་ལོ་རྒྱུས་ཆོས་འབྱུང་དག་ཏུ་ཤིན་ཏུ་མང་བོ་མཐོང་སྟེ། དཔེར་ན། «ཁྱད་པར་འཕགས་བསྟོད»མཛད་པའི་བྲམ་ཟེ་ཐོ་བཙུན་གྲུབ་རྗེས། «ལྷ་ལས་ཕུལ་བྱུང»མཛད་པ་བོ་བྲམ་ཟེ་བདེ་བྱེད་བདག་པོ། «གཏན་ཚིགས་ཐིགས་པའི་རྒྱ་འགྲེལ»རྩོམ་པ་བོ་བྲམ་ཟེ་ཨཙྪཊ། «སྐད་ཅིག་འཇིག་པ་གྲུབ་པའི་རྗེས་འབྲང»རྩོམ་པ་བོ་བྲམ་ཟེ་རིན་ཆེན་རྡོ་རྗེ། «ཚིགས་སུ་བཅད་པ་བརྒྱ་བ»རྩོམ་པ་བོ་བྲམ་ཟེ་མཆོག་སྲེད། «དབྱངས་ཅན་མ་དཀར་མོའི་སྒྲུབ་ཐབས»རྩོམ་པ་བོ་བྲམ་ཟེ་ཕུར་བུ། «ཞིང་གི་དབང་ཕྱུག་མའི་མཆོད་པའི་རིམ་པ»རྩོམ་པ་བོ་བྲམ་ཟེ་རིགས་ཤིན་ཏུ་དགའ་བའི་པཎྚྀཏ་སོགས་ཆོས་འབྱུང་དག་ན་བྲམ་ཟེ་མིང་ཅན་གྱི་ནང་བ་ཤིན་ཏུ་མང་ཞིང་དྲངས་པས་མི་ལོངས་པས་ན་བྲམ་ཟེ་ཡིན་ན་ཕྱི་རོལ་པ་ཡིན་དགོས་པའི་སོམ་ཉིའི་མདུད་པ་རང་སར་འཁྲོལ་བར་གྱུར་རོ། །
༢ གལ་ཏེ་ཁོང་གི་དགོངས་པ་བཞིན་བྲམ་ཟེ་ཡིན་ན་ཕྱི་རོལ་པ་ཡིན་པས་ཁྱབ་ཏུ་ཆུགས་ན་ཡང་སྒྲུབ་བྱེད་དེ་ནི་མ་ངེས་པ་འབའ་ཞིག་ཡིན་ཏེ་ཁོང་གི་སྒྲུབ་བྱེད་དེའི་ཁུངས་ནི་ནང་བའི་སྐྱབས་འགྲོ་ལ་གཏུགས་པ་ཡིན་མོད་སྐྱབས་སུ་སོང་བ་དང་ཕྱག་འཚལ་བ་གཉིས་ནི་གཏན་ནས་མི་འདྲ་ལ་ཕྱག་ནི་གུས་པ་ལས་སྐྱབས་སུ་སོང་བའི་དོན་མེད་པས་དེ་ནི་ནང་བའི་སྐྱབས་འགྲོ་དང་ཕྱག་གཉིས་ཀྱི་ཁྱད་པར་ལ་གོ་བ་ཅི་ཡང་མ་ཆགས་པའི་གཏམ་ཞིག་ཏུ་མངོན་པས་ཁོང་ལྟ་བུའི་མཁས་པ་ཆེན་པོ་ལ་མཚོན་ན་མཚང་ཤིན་ཏུ་ཆེ་བ་ཡིན། ཕྱག་འཚལ་བའི་དགོས་པ་ལ་དུ་མ་ཡོད་དེ་སྐྱབས་སུ་འགྲོ་བའི་ཆེད་དུ་ཕྱག་འཚལ་བ་དང༌། དྲིན་ལན་འཇལ་བའི་ཆེད་དུ་ཕྱག་འཚལ་བ། གུས་པའི་ཆེད་དུ་ཕྱག་འཚལ་བ། བཙན་དབང་གིས་ཕྱག་འཚལ་བ། དགོས་པ་ཙམ་གྱི་ཆེད་དུ་ཕྱག་འཚལ་བ་སོགས་ཡོད་པས་དང་བོ་མ་གཏོགས་ནང་བའི་སྐྱབས་འགྲོ་དང་འབྲེལ་བ་མེད་པས་ཕྱི་རོལ་པ་ཡིན་པ་ཙམ་གྱིས་འཚལ་མི་ཆོག་པར་སྨོས་ན་དེ་ནི་ནང་བསྟན་ལ་ཆ་རྒྱུས་ཅི་ཡང་མེད་པའི་རྟགས་ལས་གཞན་གང་ཡང་མིན། དེ་ནི་ང་ཚོའི་སུམ་འགྲེལ་སྔ་མ་དག་ལས་གསལ་བོར་བསྟན་ཡོད་དེ་མཆོད་བརྗོད་ཀྱི་སྐབས་སུ་ཚངས་པ་དང་ཁྱབ་འཇུག་ལ་ཕྱག་བྱས་ཀྱང་དེ་ནི་དྲིན་ལན་གཟོ་བའི་ཆེད་དུ་ཡིན་པས་སློབ་དཔོན་ཐོན་མིའི་སྐྱབས་འགྲོ་ལ་ཅི་ཡང་མི་གནོད་པའི་ཚུལ་རྒྱ་ཆེན་པོར་བཤད་ཡོད་པས་གྲུབ་ཟིན་སྒྲུབ་པའི་ངལ་བ་མི་བསྟེན་ནོ། །
༣ ཁོ་བོས་བཀོད་པའི་སྒྲུབ་བྱེད་འདི་དག་མཐོང་རྗེས་ཁོང་གིས་ད་དུང་འདི་ལྟར་གསུང་ངེས་ཏེ་བྲམ་ཟེ་ལི་བྱིན་ནི་བྲམ་ཟེ་རིགས་ཤིག་ཡིན་པ་མ་ཟད་བྲམ་ཟེ་ཆོས་པ་ཞིག་ཡིན་ཟེར་ངེས་མོད། དེ་ལ་སྒྲུབ་བྱེད་ཅི་ཡང་ཡོད་ངེས་པ་མིན་ཏེ་སྒྲུབ་བྱེད་ཅི་ཡང་མེད་པའི་རྟོག་བཟོའི་སྒྲུབ་བྱེད་ཅིག་བཀོད་པ་ནི་ཞིབ་འཇུག་པ་ཞིག་ལ་མཚོན་ན་ངོ་ཚ་ཆེན་པོ་ཞིག་ཡིན་ལ་སྒྲུབ་བྱེད་ལྟར་སྣང་གིས་དོན་དངོས་གཡོལ་རྩིས་བྱེད་པ་ནི་བདེན་དོན་གྱི་ཉེས་ཅན་འབའ་ཞིག་ཡིན་ནོ། །འོ་ན་ཁྱོད་ལ་བྲམ་ཟེ་དེ་ནང་བ་ཡིན་པའི་སྒྲུབ་བྱེད་རྡོ་རྗེ་ལྟ་བུ་ཅི་ཞིག་ཡོད་དམ་ཞེ་ན་ཡོད་དེ། ཚལ་བ་ཀུན་དགའ་རྡོ་རྗེའི«དེབ་ཐེར་དམར་བོ»ལས། “རྒྱ་གར་གྱི་སློབ་དཔོན་ཀུ་ས་ར་དང༌། བྲམ་ཟེ་ཤང་ཀ་ར། བལ་བོའི་སློབ་དཔོན་ཤི་ལ་མཉྫུ་དང༌། ཁ་ཆེའི་སློབ་དཔོན་ཏ་ནུ་ཏ་དང༌། གྷནུ་ཏ་དང༌། རྒྱ་གར་གྱི་མཁན་པོ་ལི་བྱིན་དང༌། ཧ་ཤང་མ་ཧ་དེ་བ་སྤྱན་དྲངས་ནས”ཞེས་གསུངས་པ་འདི་ཡིན་ཏེ་སྐབས་དེར་བོད་ལ་གདན་དྲངས་པའི་ལོ་པཎ་དེ་དག་ནི་ནང་བསྟན་སྤེལ་བའི་ཆེད་དུ་གདན་དྲངས་པ་ཡིན་པས་ཕྱི་རོལ་པ་ཞིག་གདན་དྲངས་ན་དགོས་པ་ལས་ཉེས་དམིགས་ཆེ་བ་ནི་བྱིས་པ་དག་ལའང་བཤད་མི་དགོས་པས་སོ། །དེ་ལའང་གནད་འགའ་ཡོད་དེ་ཐོན་མི་རྒྱ་གར་དུ་ཕེབས་ནས་ཕྱིར་ཕེབས་དུས་ནང་བར་གྱུར་ཡོད་པ་དང་གཅིག རྒྱལ་བོས་ཀྱང་ཐོན་མི་དང་འབྲེལ་ནས་ནང་བསྟན་ལ་དད་པ་བྱས་ཡོད་པ་དང་གཉིས། ཁོང་ཚོ་གདན་དྲངས་པ་ནི་ཡི་གེ་བཟོ་བ་ཙམ་མ་ཡིན་པར་ནང་བསྟན་སྤེལ་ཅིང་བཀའ་བསྟན་བསྒྱུར་བའི་ཆེད་དུ་ཡིན་པས་སོ། །
༤ ཡང་ཁོང་གིས་དེ་དང་བསྟུན་ནས་འདི་ལྟར་གསུངས་ཡོད་དེ“འདིར་དཔྱད་དོན་གཙོ་བོ་ནི་ཆོས་ལུགས་ཀྱི་མཁན་པོའམ་སློབ་དཔོན་ལ་བླ་མ་ཞེས་པའི་ཐ་སྙད་དེ……རྡོ་རིང་དང་བྲག་བརྐོས་གནའ་ཡིག་ཁག་དང་དྲིལ་བུའི་སྦྱར་བྱང་ཁག་གསུམ་བཅས་ཀྱི་ཡི་གེར་ཞིབ་དཔྱད་བྱས་ཀྱང༌། བླ་མ་ཞེས་པའི་མཚན་དེ་རིགས་གཅིག་ཀྱང་རྙེད་རྒྱུ་མི་འདུག རྡོ་བརྐོས་གནའ་ཡིག་དེ་དག་རྣམས་ཀྱི་ཁྲོད་ཆོས་གཙིགས་ཀྱི་རྡོ་རིང་མི་ཉུང་བ་ཞིག་མཆིས་ཏེ……ལྟར་དེ་དུས་དགེ་བའི་བཤེས་གཉེན་དང་བླ་མ་ཞེས་པའི་མཚན་དེ་ད་དུང་བྱུང་མེད་པ་གསལ་བོར་མཚོན་ཐུབ། དཔེ་མཚོན་བཀོད་པ་དེ་དག་ལས་སུམ་རྟགས་རྩ་བ་ནི་བཙན་པོའི་སྐུ་རིང་ལྟ་ཅི། ཐ་ན་བཙན་པོའི་རྒྱལ་རབས་ཀྱི་མཇུག་ཆར་ཡང་བྱུང་མེད་པ་གསལ་བོ་རྟོགས་ཐུབ་པ་ཡིན་ནོ……ཞེས་དང༌། ལུགས་ཀྱི་བསྟན་བཅོས་ཁག་དང་བོ་ལས་དེ་ནི་བླ་མ་རྣམས་ཀྱི་ཞེས་པའི་ཐ་སྙད་བྱུང་ཀྱང་དེ་ནི་ཆོས་སྟོན་པའི་བླ་མའི་གོ་དོན་རྩ་བ་ནས་མིན”གསུངས།
ཁོ་བོས་ཐོག་མར་སྒྲུབ་བྱེད་འདི་མཐོང་མ་ཐག་ཏུ་མ་མཐོང་བ་མེད་པའི་སྒྲུབ་བྱེད་དུ་བཀོད་འདུག་སྙམ་ནས་ཡི་མུག་ཅིག་སྐྱེས་ཤིང་ད་དུང་ཀན་སུའུ་དཔེ་མཛོད་ཁང་སོགས་སུ་ཏུང་ཧོང་གི་གཏེར་ཡིག་ཤིན་ཏུ་མང་བོ་ཞིག་ཉར་ཚགས་བྱས་ནས་ཡོད་ཅིང་དེ་དག་ང་ཚོའི་འདྲེན་བྱེད་ཀྱི་དགའ་སྟོན་དུ་མ་གྱུར་པས་ཁ་ཚོན་གཅོད་པ་ནི་ཤིན་ཏུ་མི་འོས་སྙམ། དེ་དང་མཉམ་དུ་ཁོང་གིས་བླ་མའི་སྐད་དོད་གཉིས་ཇི་ལྟར་བསྒྱུར་བའི་ཚུལ་ལ་ཐུགས་འདང་གཏན་ནས་གནང་མེད་པ་དེའང་ཤེས་བྱུང༌། སྤྱིར་ན་བླ་མ་ཞེས་པའི་གོ་དོན་ལ་གཉིས་ཡོད་དེ་གོང་མ་སྟོན་པར་བླ་མ་ཞེས་པ་ཏུང་ཧོང་གཏེར་ཡིག་སོགས་སུ་ཐེངས་མང་བོར་བྱུང་ལ་ཆོས་ཀྱི་གོ་དོན་སྟོན་པའི་བླ་མ་ཞེས་པ་དེ་ཡང་བཙན་པོའི་དུས་རབས་སུ་བྱུང་འདུག་པ་མ་ཟད་རྒྱུགས་ཆེ་བའང་འདི་ལྟར།
༡ “རྒྱལ་བོ་ཁྲི་སྲོང་ལྡེ་བཙན་གྱིས་མཛད་པའི་འབུམ་རྐྱང་བའི་འགྲེལ་བ་གནོད་འཇོམས་ལས། བླ་མའི་ལུང་གིས་བདག་ལ་ཕན་པའི་ཕྱིར། །འདི་ཡི་འགྲེལ་བ་གནོད་འཇོམས་བྱ་བར་འདོད། །”ཅེས་བླ་མའི་ཐ་སྙད་འདི་བྱུང་འདུག
༢ ཡང་སྡེ་དགེ་བསྟན་འགྱུར་ཅོ་ལས། མཁན་པོ་དཔལ་བརྩེགས་ཀྱིས་མཛད་པ་རྫོགས་སྷོ་ཞེས་པའི་གཞུང་ལས། “རྒྱལ་བོ་ཆད་པས་ཉེན་པ་དང༌། བླ་མ་དང་ཕ་མ་དང༌། འཕགས་པའི་ནད་པ་དག་གི་དོན་དུ”ཞེས་ཆོས་ཕྱོགས་ཀྱི་བླ་མ་ཞེས་པའི་ཐ་སྙད་འདི་མང་དུ་བྱུང་ཡོད་པ་སོགས་ནི་འདྲེན་པས་མི་ལོངས་པས་ཨུ་ཚུགས་བྱེད་དགོས་པ་གཏན་ནས་མ་མཆིས།
ཡང་ཁོང་གིས་དེ་ནི་ཆོས་ཕྱོགས་བཀས་བཅད་དང་བསྟུན་ནས་བྱུང་བ་ཡིན་གྱི་དེ་དུས་ཡོད་པ་གཏན་ནས་མིན་ནོ་ཟེར་ངེས་མོད་དེ་ཡང་རང་གི་སེམས་གསོ་བ་ཙམ་སྟེ་ཁོ་བོ་ལ་ད་དུང་བླ་མ་ཞེས་པའི་ཆོས་ཕྱོགས་ཀྱི་ཐ་སྙད་འདི་བཙན་པོའི་དུས་ནས་བྱུང་བའི་རྟགས་ཡང་དག་ཅིག་ཡོད་པ་ནི་རྒྱལ་བོ་ཁྲི་ལྡེ་སྲོང་བཙན་གྱི་རིང་གི་ཡིག་ཆ་སྟེ་ཕོ་བྲང་འོན་ཅང་དོར་བོད་དང་རྒྱ་གར་གྱི་མཁན་པོ་ཐམས་ཅད་ཀྱིས་ཆོས་སྐད་གཏན་ལ་ཕབ་སྟེ། རྗེ་བློན་མོལ་ནས་རེག་ཟུག་ཏུ་མཛད་པ་སྐད་གསར་བཅད་ཀྱི་མིང་སྔོན་མ་ཐོགས་པ་དང༌། གཏན་ལ་མ་ཕབ་པ་ལ་མཁས་པ་རྣམས་འཚོགས་ཏེ་མིང་དུ་བཏགས་ཤིང་གཏན་ལ་ཕབ། ལྷ་ཁྲི་སྲོང་ལྡེ་བཙན་གྱིས་བཀས་བཅད་དེ་མི་བཅོས་པར་བཞག་པའི་བྱེ་བྲག་རྟོགས་བྱེད་ཆེན་མོ་ལས། “བྷཀྟིགུརུཿབླ་མ་ལ་གུས་པའམ་སྙིང་ཉེ་བ། གུ་རུ་ཤཱུཤཱུཥབླ་མ་སྲི་ཞུ་ཆེ་བ།”ཞེས་གུ་རུ་ཞེས་པ་ཆོས་ཕྱོགས་ཀྱི་བླ་མ་དང༌། “ཨུཏྟརཿ ཞེས་པའི་ལྟག་ན་མེད།”ཅེས་དང་དེ་བཞིན་ཨུཏྟརམནུཤྱདྷརྨཔྲལཱཿཔ་ཞེས་པ་མི་ཆོས་བླ་མར་སྨྲ་བ”ཞེས་བསྒྱུར་ཡོད་པ་བཞིན་བླ་མ་ཞེས་པའི་ཆོས་ཕྱོགས་དང་ཆོས་ཕྱོགས་མ་ཡིན་པའི་ཐ་སྙད་དེ་གཉིས་ཀ་གསལ་བོར་གཏན་ལ་ཕབ་ཡོད་པས་དེ་ལས་གཞན་ཏུ་འདྲེ་ཡིད་ཆེས་ཤིང་ལྷ་ཁོ་ཐག་ཆོད་པའི་ཁུངས་ཤིག་ག་ལ་དགོས། དེ་བས་བླ་མ་ཞེས་པའི་ཐ་སྙད་ཀྱི་འབྱུང་ཁུངས་ལས་དཔྱད་པ་དེ་ནི་མ་ངེས་པའི་སྒྲུབ་བྱེད་ལྟར་སྣང་ཞིག་ཡིན་པ་ཁ་ཚོན་ཆོད་པ་མ་ཡིན་ནམ།
ད་དུང་དགག་སྒྲུབ་འདིར་ནང་འགལ་ཞིག་ཡོད་པ་ནི་བོད་ཀྱི་སྐད་ལ་དལ་བུས་འགྱུར་ལྡོག་འགྲོ་བ་དང་བསྟུན་ནས་ལོ་ཙཱ་བ་སོགས་ཀྱི་བསྐྱར་བཅོས་ཡང་བཅོས་གནང་བའི་ཆོས་དཔེ་རིགས་ལས་ལྷད་བཅོས་ཀྱིས་མ་གོས་པའི་ཏུང་ཧོང་ས་ཕུག་ནས་ཐོན་པའི་བཙན་པོའི་དུས་རབས་ཀྱི་གནའ་ཡིག་ལས་བླ་མ་ཞེས་པའི་མིང་ཚིག་དེ་ཧ་ལམ་མཐོང་རྒྱུ་མེད་གསུངས་པ་དེ་ལས་བཙན་པོའི་སྐབས་ཀྱི་ཆོས་དཔེ་དེ་དག་ལས་བླ་མ་ཞེས་པའི་ཐ་སྙད་བྱུང་བའི་དཔེ་ཆ་ཡིན་ན་བཙན་པོའི་དུས་སུ་བྱུང་བ་མ་ཡིན་པས་ངེས་པ་མེད་པ་ཡང་དོན་གྱིས་ཁས་བླངས་ཡོད་པས་དེ་ལྟར་ན་བླ་མ་ཞེས་པའི་ཐ་སྙད་བྱུང་ཡོད་པའི་སུམ་རྟགས་འདི་བཙན་པོའི་དུས་སུ་བྱུང་བ་མིན་ཞེས་དགག་སྒྲུབ་བྱེད་བཞིན་པ་ནི་སྒྲུབ་བྱེད་ལྟར་སྣང་ཞིག་ཡིན་པས་རང་གི་སྐད་གསང་མཐོན་པོར་བསྒྲགས་པ་མིན་ནམ། སུམ་རྟགས་གཏེར་མ་མིན་པས་བཀས་བཅད་ཀྱི་རིམ་པ་དེ་དག་བརྒྱུད་ཡོད་པ་ཁོ་བོ་ཅག་གིས་ཁས་ལེན་པས་སུམ་རྟགས་ཁོ་ན་ཆོས་དཔེ་དེ་དག་དང་མཚུངས་པ་མིན་པའི་སྒྲུབ་བྱེད་དགོད་དགོས་པ་ཅི་ཡིན་ནམ། འདི་ལ་བལྟས་ན་རྩོམ་ཡིག་འདི་ནི་དགག་སྒྲུབ་ཀྱི་ཆེད་དུ་བྲིས་པ་ལས་བདེན་དོན་གྱི་ཆེད་བྲིས་པ་མིན་པའི་ཚོར་སྣང་ཡང་དབང་མེད་དུ་འབྱུང་ངོ༌། །
ཏུང་ཧོང་གཏེར་ཡིག་ལས་ཆོས་ཕྱོགས་ཀྱི་བླ་མ་ཞེས་པའི་ཐ་སྙད་བྱུང་མྱོང་མེད་ཟེར་བའང་མཐར་གཏུགས་ན་སྐུ་ཞབས་གང་གིས་ཡོད་སར་མ་བཙལ་བར་མེད་སར་བཙལ་ནས་འོལ་ཚོད་བྱས་པ་ཙམ་སྟེ། “རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས། །འགྲོ་བའི་བླ་མ་སྟོན་པ་པོ། །”ཞེས་དང༌། “འཆི་མེད་དབང་བོ་ལྷའི་བླ་མ། །”ཞེས་ཆོས་ཕྱོགས་ཀྱི་བླ་མ་ཞེས་པའི་ཐ་སྙད་བྱུང་བའི་ཕྱིར། ཁྱབ་སྟེ། འཇམ་དཔལ་མཚན་བརྗོད་ཀྱི་འགྲེལ་བ་ལས། “འགྲོ་བ་ལ་ཆོས་སྟོན་པའི་བླ་མ”ཞེས་གསལ་བོར་གསུངས་པའི་ཕྱིར་རོ། །
གཉིས། ཁོང་གི་དགག་སྒྲུབ་གཉིས་པ་ལས“གལ་ཏེ«སུམ་རྟགས»འདི་དུས་རབས་སྤྱི་ལོ་བདུན་པའི་ནང་དུ་ཐོན་མིས་མཛད་པ་ཡིན་ན་བར་དུ་མི་ལོ་དྲུག་བརྒྱ་ཙམ་གྱི་རིང་བོད་དུ་བསྟན་པ་སྔ་དར་ཕྱི་དར་གཉིས་ཀར་སྒྲ་སྒྱུར་གྱི་ལོ་ཙཱ་བ་གཙོ་བོར་གྱུར་པའི་བོད་ཀྱི་རིག་གནས་ལ་མཆོག་ཏུ་མཁས་པ་བརྒྱ་སྟོང་མང་བོ་ཡོད་པ་དེ་རྣམས་ཀྱིས་སུམ་ཅུ་བ་དང་རྟགས་འཇུག་གཉིས་ལ་འགྲེལ་བ་རྒྱས་བསྡུས་ཅི་རིགས་མཛད་མཁན་མ་བྱུང་བ་ཅི་ལ་སྲིད་དམ…… དབུས་པ་བློ་གསལ་གྱི་སུམ་ཅུ་བའི་འགྲེལ་བ…… དེ་སྤྱི་ལོ་དུས་རབས་བཞི་བའི་དུས་དཀྱིལ་ཡས་མས་ཙམ་དུ་མཛད…… གནའ་དུས་སམ་སྔོན་གྱི་སུམ་རྟགས་ཀྱི་འགྲེལ་བ་དང་འཆད་ཉན་ཡོད་ན…… འདི་དང་འདི་ཡོད་ཅེས་བཀའ་དྲིན་སྐྱོང་བར་ཞུ”ཞེས་གསུངས་འདུག
སྒྲུབ་བྱེད་འདི་སྒྲུབ་བྱེད་དུ་མི་འགྱུར་བའི་ཁར་མ་ངེས་པ་དང་འཁྲུལ་བ་ཅན་དུ་འདུག་སྙམ་པའི་དོགས་པ་ཞིག་དབང་མེད་དུ་སྐྱེས་འོང་བ་མ་ཟད་ཁོང་གིས་བཀོད་པའི་དགག་པ་དེ་ནི་གཞན་ལ་དགག་པར་མ་སོང་བར་ཁོང་རང་ཉིད་ལ་གནོད་བྱེད་དུ་སོང་འདུག་པ་འདི་ལྟར།
༡ ཐོན་མིས་གསུང་བའི་གསུང་རྩོམ“དང་བོ་ཡི་གེའི་རྣམ་འགྱུར་བཟོ་བརྩམས། ཀ་སྨད་སུམ་བཅུའི་བསྒྱུར་བ། སྡེབ་སྦྱོར་སྒྲིག་པའི་གཞི་མ། ཐོན་མིའི་མདོ་རྫི་སྒྲ་མདོ།” སོགས«རྒྱལ་རབས་གསལ་མེར»གསལ་བར་བྱུང་བ་མ་གཏོགས་མཁས་པ་གཞན་ལ་སྒྲོས་ཙམ་ཡང་བྱུང་མི་འདུག་ཅིང༌། ད་ལྟ་དཔེ་རྒྱུན་ཡོད་མེད་ཆ་མ་འཚལ་བས་ཁྱོད་ཀྱིས་མི་ལོ་དྲུག་བརྒྱ་ཙམ་གྱི་རིང་བོད་དུ་བསྟན་པ་སྔ་དར་ཕྱི་དར་གཉིས་ཀར་སྒྲ་སྒྱུར་གྱི་ལོ་ཙཱ་བ་གཙོ་བོར་གྱུར་པའི་བོད་ཀྱི་རིག་གནས་ལ་མཆོག་ཏུ་མཁས་པ་བརྒྱ་སྟོང་མང་བོ་ཡོད་པ་དེ་རྣམས་ཀྱིས་སུམ་ཅུ་བ་དང་རྟགས་འཇུག་གཉིས་ལ་འགྲེལ་བ་རྒྱས་བསྡུས་ཅི་རིགས་མཛད་མཁན་མ་བྱུང་བ་ཅི་ལ་སྲིད་དམ་ཞེས་པའི་རིགས་པ་སྟབས་བདེ་བོ་དེས་འགོག་པའི་སྤོབས་པ་ཡོད་དམ། ཡང་ན་དེ་དག་མ་བྱུང་བར་ཁས་ལེན་ནམ། འདི་ལྟ་བུའི་རིགས་པ་ལས་ལོ་རྒྱུས་ལ་དཔྱད་ན་ལོ་རྒྱུས་ཀྱི་དོན་དངོས་མང་བོ་ཞིག་མེད་པར་ཁས་མི་ལེན་ག་མེད་ཡིན་པས་འདི་ལ་རང་སྲོག་གཅོད་པའི་རིགས་པ་ཞེས་བརྗོད་ན་ཤིན་ཏུ་འོས་པ་མ་ཡིན་ནམ།
༢ ང་ཚོས་ད་ལྟ་མཐོང་ཐོས་སུ་གྱུར་པའི་སུམ་འགྲེལ་གྱི་ཐོག་མ་དབུས་པ་བློ་གསལ་གྱི་འགྲེལ་བ་ཡིན་པར་ཁ་ཚོན་གཅོད་ནུས་སམ། དཔེར་ན་དེ་སྔ་བོད་ཀྱི་ཚད་མའི་བསྟན་བཅོས་ཀྱི་ཐོག་མ་རྔོག་ལོའི་རྣམ་ངེས་འགྲེལ་བར་བཤད་ཀྱང་བཀའ་ཡང་དག་པའི་ཚད་མར་རྒྱུས་ལོན་བྱུང་རྗེས་སྔར་གྱི་བཤད་ཚུལ་དེར་རྩ་བ་ནས་བཅོས་བསྒྱུར་བྱས་ཤིང་དེ་ནི་ཞིབ་འཇུག་གི་འཕེལ་རིམ་དང་མཐུན་པ་ཞིག་ཡིན་པས་ཡ་མཚན་དོན་ཅི་ཡང་མེད།
ཁོ་བོས་ཞིབ་འཇུག་བྱས་པ་ལྟར་ན་ད་སྔ་མཐོང་བའི་བོད་ཀྱི་སུམ་རྟགས་ཀྱི་ཐོག་མ་ས་པཎ་གྱི«སུམ་རྟགས་ཀྱི་མཆན་འགྲེལ»དང«ཡི་གེའི་སྦྱོར་བ»གཉིས་ཡིན། «ཡི་གེ་སྦྱོར་བ»ང་ཚོས་བརྩད་བྱར་གྱུར་པས་རེ་ཞིག་བསྐྱུར་ནས་ལེའུ་གཉིས་པར་བཤད་པར་བྱ་མོད«ས་པཎ་གྱི་སུམ་འགྲེལ»དེ་ས་སྐྱ་བའི་དཔེ་ཚོགས་ན་ཡོད་པས་བསྙོན་འདིང་བར་མི་ནུས་སོ། །དམ་པ་ཉིད་ཀྱིས་དཔེ་མ་མཐོང་བར་ཁ་ཚོན་བཅད་པ་དེ་ཞིབ་འཇུག་པ་ཞིག་གི་སྤྱོད་སྟངས་ཡིན་མིན་ལའང་ཐེ་ཚོམ་ཟའོ། །
ཁོ་བོས་ད་དུང་བཤད་སྤོབས་པ་ཞིག་ནི་གནའ་དུས་སུ་སུམ་རྟགས་ཀྱི་འཆད་ཉན་ཅིས་ཀྱང་ཡོད་ངེས་ཏེ་དེ་མེད་ན་ས་པཎ་གྱི་ཡར་སྔོན་དུ་ཡི་གེ་འབྲི་སྟངས་དེ་འདྲ་གཅིག་གྱུར་ཞིག་གཏན་ནས་ཡོང་མི་སྲིད་པ་དེ་ནི་དེའི་སྔོན་དུ«སུམ་རྟགས»ཀྱི་འཆད་ཉན་ཡོད་པའི་རྒྱུ་མཚན་ཡང་དག་ཡིན། གལ་ཏེ«སུམ་རྟགས»མེད་ན་དེ་ལྟར་གཅིག་གྱུར་ཞིག་ཅིའི་ཕྱིར་ཡོང་ངམ། གལ་ཏེ་ཁྱོད་ཀྱིས་དེ་ནི«སུམ་རྟགས»ཀྱི་རྐྱེན་གྱིས་མིན་ཏེ་ས་པཎ་གྱི་གསུང་ལས་སྔོན་གྱི་རྒན་པོའི་ཡི་གེ་མདོ་ཞེས་པ་ཡོད་གསུངས་པ་དེ་དག་ཡིན་ཟེར་ན་ཁོ་བོ་ཁྱོད་ཀྱིས་རིགས་པ་དེས་ཁྱོད་ལ་འདྲི་བར་བྱ་སྟེ་གནའ་དུས་སམ་སྔོན་དུ་དེ་འདྲའི་འཆད་ཉན་ཡོད་ན…… འདི་དང་འདི་ཡོད་ཅེས་བཀའ་དྲིན་སྐྱོང་བར་ཞུ་ཞེས་དང་སྒྲ་སྒྱུར་གྱི་ལོ་ཙཱ་བ་གཙོ་བོར་གྱུར་པའི་བོད་ཀྱི་རིག་གནས་ལ་མཆོག་ཏུ་མཁས་པ་བརྒྱ་སྟོང་མང་བོ་ཡོད་པ་དེ་རྣམས་ཀྱིས་ཡི་གེ་མདོ་དེར་འགྲེལ་བ་རྒྱས་བསྡུས་ཅི་རིགས་མཛད་མཁན་མ་བྱུང་བ་ཅི་ལ་སྲིད་དམ་ཞེས་དྲིས་ན་ཁྱོད་ཀྱིས་སྔོ་ལོའི་རྒྱལ་མཚན་མི་འཕྱར་ག་མེད་ཡིན་ནོ། །
༣ འདིར་ཁོ་བོས་དམ་པ་ཉིད་ཀྱི་ཐུགས་རེ་བཞིན་སུམ་རྟགས་འཆད་ཉན་མཛད་པའི་ལོ་རྒྱུས་ཤིག་སྟོན་པར་བྱ་སྟེ་ཀར་ལེབས་ཞབས་དྲུང་པད་མ་རྡོ་རྗེ་ཡིས། “མངའ་བདག་ཁྲི་སྲོང་ལྡེ་བཙན་གྱི་ཁྲིམས་ཡིག་ཏུའང༌། བྱིས་པ་བརྡ་སྤྲོད་འབྲི་ཀློག་ཡོན་ཏན་སློབ། །”ཅེས་གསུངས་པ་འདི་ལ་ཉིད་ཀྱིས་ཅི་ཞིག་གསུང་ངམ། གལ་ཏེ་སྔོན་གྱི་ཡིག་ཚང་དག་ཏུ་སུམ་རྟགས་འཆད་ཉན་བྱས་པ་མ་མཐོང་བས་དེ་དུས་སུ་སུམ་རྟགས་མེད་ཅེས་བརྗོད་པའི་རིགས་པ་དེ་ནི་གླེན་པའི་རིགས་པ་ཡིན་ཏེ། སྔོན་གྱི་ཡིག་ཚང་དག་ལས་མ་འཁོད་པ་ནི་འཁོད་པ་ལས་ཀྱང་ཤིན་ཏུ་མང་ལ་ཡིག་ཚང་དུ་འཁོད་པ་ནི་དེ་དག་གི་ཆ་ཤས་ཤིག་ཡིན་ནོ། །
ཡང་ཁོ་བོས་ཞྭ་ལུའི་སུམ་འགྲེལ་ལ་དཔྱད་དུས་དེ་ལས་རིན་ཐང་བྲལ་བའི་དཔྱད་གཞི་སྐོར་ཞིག་མཐོང་འོངས་ཏེ“སག་སྟོན་གྱིས་ད་བ་ས་གསུམ་གྱི་མཐར་དམིགས་བསལ་གྱིས་འཐོབ་པའི་དཔེར་བརྗོད་དུ། ཁྲུས་གྱིས། བག་ཡོད་གྱིས། གསོལ་འདེབས་གྱིས་ཞེས་བཤད་པ་ནི་རྣམ་དབྱེ་བྱེད་པ་དང༌། ཚེག་མ་ཕྱེ་བའི་གསུང་སྟེ། འདིའི་གྱིས་ཞེས་པ་ནི་ཀུ་རུ་ཞེས་པ་བག་ཡོད་བསྒྱུར་བའི་ཚིག་ཡིན་གྱི། རྣམ་དབྱེ་གསུམ་པའི་ཆ་ཤས་མིན་པའི་ཕྱིར་རོ། །”ཞེས་དང༌། “ཡང་སུམ་པ་ལོ་ཙཱ་བས། བས་ཇ་འཕུལ་བ་དང༌། ཀླུ་མེས་དབང་ཕྱུག་གྲགས་ཀྱིས་བས་ཉ་འཕུལ་བར་བཞེད་པ་ནི་སྔོན་གྱི་མཁན་པོ་རྣམས་ཀྱི་ལུགས་ལས་གཞན་ཡིན་ནོ་ཞེས་པ་བློ་གསལ་བྱང་ཆུབ་ཀྱི་སུམ་ཅུ་བའི་འགྲེལ་བར་བཀག་པ་ལྟར་རོ། །”ཞེས་པ་འདི་གཉིས་ལ་བསམ་ན་སག་སྟོན་དང་སུམ་པ་ཀླུ་མེས་དབང་ཕྱུག་བཅས་ཀྱི་སུམ་ཅུ་བ་དང་རྟགས་འཇུག་སྐོར་གྱི་ཡིག་ཆ་ཡོད་པ་གསལ་བོར་བསྟན་པ་དེས་དེ་དག་གི་སྐབས་སུ་སུམ་ཅུ་བའི་འཆད་ཉན་དར་བར་མ་ཟད་དགོངས་འགྲེལ་གྱི་བསྟན་བཅོས་ཀྱང་བརྩམས་འདུག་པའི་བདེན་དཔང་ཞིག་ཡིན་པས་གང་གི་འོལ་ཚོད་ཀྱི་དྲི་བ་དེ་ཞ་ཉེའི་མདུང་གིས་ཕ་བོང་ལ་བསྣུན་པ་བཞིན་དུ་མི་འགྱུར་རམ།
༤ ཡང་ཉིད་ཀྱིས་དབུས་པ་བློ་གསལ་གྱི་སུམ་འགྲེལ་དེ་སྤྱི་ལོ་དུས་རབས་བཞི་བའི་དུས་དཀྱིལ་ཙམ་དུ་བྱུང་བར་འདོད་པ་དེ་གཞིར་བཞག་ནས་དཔྱད་ན་ཡང་ཉིད་ལ་ནང་འགལ་ལས་མེད་དེ་ས་པཎ་གྱི་འཁྲུངས་འདས་ཀྱི་ལོ་ཚིགས་ནི1182—1251སྟེ་རབ་བྱུང་གསུམ་པའི་ཆུ་སྟག་ལ་འཁྲུངས་ནས་རབ་བྱུང་བཞི་བའི་ལྕགས་ཕག་ལ་གཤེགས། དབུས་པ་བློ་གསལ་གྱི་འཁྲུངས་འདས་ད་བར་དུ་གསལ་བོར་བཤད་པ་ཞིག་མ་མཐོང་ཡང་ཁོང་གི་སུམ་འགྲེལ་རབ་བྱུང་བཞི་བའི་དུས་དཀྱིལ་ཏེ་སྤྱི་ལོ1236ལ་བརྩམས་པའི་དབང་དུ་བྱས་ཀྱང་ས་པཎ་བཞུགས་པའི་སྐབས་ཡིན་ལ་དུས་དེར་མ་མཐའ་ཡང་དབུས་པ་བློ་གསལ་དགུང་ལོ་སུམ་ཅུ་ཡིན་པའི་དབང་དུ་བྱས་ཀྱང་རྗེ་འདི་ཉིད་ས་པཎ་ལས་དགུང་ལོ་བཅོ་བརྒྱད་ཀྱིས་གཞོན་པ་ཙམ་ཡིན། འདི་ལས་དཔྱད་ན་ས་པཎ་གྱི་སྔོན་དུ«སུམ་རྟགས་རྩ་བ»མེད་ན་འདི་ནི་རྩ་བ་མེད་པའི་རྩེ་མོ་མ་ཡིན་ནམ། གལ་ཏེ་དབུས་པ་བློ་གསལ་དང་ས་པཎ་གཉིས་དུས་མཉམ་པས་དེས«ཡི་གེ་སྦྱོར་བའི»འགྲེལ་བ་རྩོམ་མི་སྲིད་ལ་སྲིད་ཀྱང་ས་པཎ་ཞལ་བཞུགས་པའི་དུས་ཡིན་པས་ཐོན་མི་ལ་ཁ་འཕེན་ཚུལ་གཏན་ནས་མེད་དོ། །
ལྷག་པར་དབུས་པ་བློ་གསལ་གྱི་སུམ་རྟགས་ལས། “གཞུང་ཁ་ཅིག་ལས་ལྷ་ཞེས་པ་ལྟར་ན་དཀོན་མཆོག་ཀྱང་ཡིན་ལ་ལྷ་ཡང་ཡིན་པས་དཀོན་མཆོག་ལྷ་ཞེས་སྦྱར་དུ་རུང་མོད་ཀྱི”ཞེས་པས་དཀོན་མཆོག་དེ་ལ་ཕྱག་འཚལ་ལོ་ཞེས་པ་ལ་དཔེ་ལ་ལར་དཀོན་མཆོག་ལྷ་ལ་ཞེས་ཡོད་པར་གསུངས་པ་དེས་སྐབས་དེར་སུམ་ཅུ་བའི་རྩ་བ་ལ་དཔེ་མི་འདྲ་བ་གཉིས་ཡོད་པ་ཤེས་ཐུབ་ལ། དཔེ་མི་འདྲ་བར་ཡོད་པ་དེས་སུམ་ཅུ་བའི་རྩ་བ་བྱུང་ནས་ལོ་མང་བོ་ཞིག་འགོར་བར་གསལ་བོར་མཚོན་པ་ཡིན།
དེ་ལས་ཀྱང་ཆེས་གསལ་བ་ཞིག་ནི་དབུས་པ་བློ་གསལ་གྱི་སུམ་རྟགས་ལས། “གཞན་ཡང་སུམ་ཅུ་བ་དང་རྟགས་འཇུག་ཕན་ཚུན་བསྲེས་པ་དང༌། སྟོད་སྨད་འཆོལ་བར་བྲིས་པ་དང༌། སུམ་རྟགས་ཅེས་གཅིག་ཏུ་བྱེད་པ་རྣམས། ཁ་ཅིག་སུམ་རྟགས་གཉིས་བསྲེས་ནས། མིང་ཚིག་ཡི་གེ་དགོས་འབྲེལ་དང༌། །འཇུག་ཚུལ་བསྟེན་ཚུལ་བསྟན་བྱ་བདུན། །ཞེས་པ་ལགས་པ་བར་སྐབས་སུ་བསྟན་ཏེ་ཡི་གེ་སྦྱོར་བའི་མིང་བཏགས་པའི་བསྟན་བཅོས་གུད་དུ་བྱས་པ་རྣམས་གཞུང་འདིས་གསལ་བ་ཡིན་ནོ། །”ཞེས་པས་སྐབས་དེར་སུམ་རྟགས་བསྲེས་པ་གཅིག་དང༌། སྟོད་སྨད་འཆོལ་བར་བྲིས་པ་གཅིག སུམ་རྟགས་གཅིག་ཏུ་བྱེད་པ་གཅིག ད་དུང་ས་པཎ་གྱི་སུམ་རྟགས་གཅིག་ཏུ་བསྲེས་པའི་ཡི་གེ་སྦྱོར་བ་བཅས་མི་འདྲ་བ་བཞི་ཙམ་ཡོད་པ་དག་སུམ་རྟགས་ཀྱི་རྩ་བ་དང་མི་མཐུན་པ་བཞི་ཡོད་ལ། དེ་ལས་ཆེད་དུ་ས་པཎ་གྱི་ཡི་གེ་སྦྱོར་བའི་ཚིག་དྲངས་ནས་དགག་པ་གནང་བ་དེས་གསལ་བོར་ཤེས་པ་ནི་སུམ་རྟགས་ཀྱི་རྩ་བ་ས་པཎ་གྱི་ཡི་གེ་སྦྱོར་བ་ལ་བརྟེན་ནས་བྱུང་བ་མ་ཡིན་པའི་རྟགས་ཡང་དག་གོ །
དེ་དང་བསྟུན་ནས་ཁོང་གིས་མུ་མཐུད་དུ་འདི་ལྟར་གསུངས་ཡོད་དེ“ས་སྐྱ་པཎ་ཊི་ཏ་ལྟ་བུའི་དམིགས་བསལ་གྱི་མཁས་པ་ཆེན་པོ་ཞིག་གིས་འཚོལ་ཞིབ་དང་དཔྱད་པ་གཟབ་ནན་མཛད་དེ་བརྡ་སྤྲོད་པའི་གཞུང་ཆ་ཚང་ཙམ(ཡི་གེ་སྦྱོར་བ)རྨང་གཞི་ཕྱོགས་བསྒྲིགས་མཛད་ཅིང༌། དེ་རྗེས་རིག་གནས་ལ་མཁྱེན་པ་མཆོག་ཏུ་ཡངས་པའི(ཤོང་སྟོན་ལོ་ཙཱ་བ་ལྟ་བུའི)མི་སྣ་ཞིག་གིས་སྔར་ཡོད་ཀྱི་གཞུང་ལུགས་དེ་རྩ་བར་བཟུང་ཐོག་དབྱེ་ཞིབ་དང་ལེགས་ཆ་གསབ་སྣོན་སོགས་བརྒྱུད་དུས་རབས་བཅུ་གསུམ་པའི་མཇུག་ཙམ་ལ་བརྩམ་པ་ཡིན”ཟེར་མོད། དེ་ནི་ཆེས་ཤིན་ཏུ་མ་དགོངས་པ་ཆེན་པོ་སྟེ་ཤོང་སྟོན་ལོ་ཙཱ་བ་ནི་སྤྱི་ལོ1240ལོར་འཁྲུངས་པ་ཡིན་པས་ཁོང་མ་འཁྲུངས་པའི་སྔོན་ཏེ་སྤྱི་ལོ1236ཡས་མས་སུ་དབུས་པ་བློ་གསལ་གྱིས«སུམ་རྟགས»འགྲེལ་བ་བརྩམས་ཟིན་པས་ད་མང་བོ་བརྗོད་དོན་ཡེ་ནས་མི་འདུག་ལ་འདི་ལ་བལྟས་ན་ས་པཎ་གྱི་སྐབས་སུ་སུམ་རྟགས་བཞུགས་ཡོད་པ་ཆེས་གསལ་བོ་ཡིན་པས་གལ་ཏེ་སུམ་རྟགས་རྩོམ་མཁན་དེ་དུས་ཤོང་སྟོན་ད་དུང་འཁྲུངས་མེད་པས་དེ་ཡི་སྐྱེ་བ་སྔ་མས་ས་པཎ་གྱི་སྐྱེ་བ་སྔ་མས«ཡི་གེ་སྦྱོར་བ»ཞིག་བརྩམས་པ་ལ་དཔྱད་ཞིབ་དང་ལེགས་ཆ་གསབ་སྣོན་བྱས་ན་མ་གཏོགས་གཏན་ནས་འབྱུང་ཐབས་མེད་དོ། །
འདི་ནི་དངོས་ནས་ཁོང་གི་རྒྱ་ཡི་གཏམ་དཔེ་དྲངས་པ་ལྟར་འདི་ན་དངུལ་སྲང་བརྒྱ་ཐམ་པ་སྦས་མེད་ཅེས་བཀོད་པ་དང་མཐུན་པ་མ་ཡིན་ནམ། འདི་ལྟར་ཁོང་གིས་དོགས་གཞི་ཐམས་ཅད་དབུས་པ་བློ་གསལ་གྱི་སུམ་རྟགས་ལ་བརྟེན་ནས་ལྡོག་ཐུབ་པ་མ་ཡིན་ནམ།
ལྷག་པར་ཁོང་གི་དགག་སྒྲུབ་གསུམ་པ་ལས། “ཞྭ་ལུའི་སུམ་འགྲེལ་ལས་གང་ཡང་མཁས་པའི་ཁ་རྒྱན་དུ། བོད་ཀྱི་དབང་དུ་མཛད་དེ། དབྱངས་རྣམས་ནི་ལྔ་འོ། །གསལ་བྱེད་ནི་ཉི་ཤུ་རྩ་དགུའོ། །ཞེས་འབྱུང་བ་ནི་གཞུང་འདི་དང་དངོས་སུ་འགལ་བ་ཁོ་ནར་ཟད་དོ། །”ཞེས་གསུངས་པ་དེ་ནི་སུམ་རྟགས་ས་པཎ་གྱི་མིན་པའི་རྟགས་ཡིན་ཏེ་དབྱངས་ལྔར་བཞེད་པ་དག་ནི་ལེགས་སྦྱར་གྱི་ཤན་ཆེས་ཞུགས་པས་ཡིན་ལ་ས་པཎ་གྱི་གཞུང་མང་བོར་དབྱངས་ལྔར་བཞེད་ཡོད་པས་སོ། །
དེ་ལྟར་ན་སུམ་འགྲེལ་ཐོག་མ་ཞྭ་ལུའི་སུམ་འགྲེལ་ཡིན་དགོས་མོད་ཞྭ་ལུ་ལོ་ཆེན1441ལོར་འཁྲུངས་ཤིང1547ལོར་འདས་པས་ན་ཁོང་འཁྲུངས་པའི་སྔ་རོལ་གྱི་ལོ405ཡས་མས་སུ་སུམ་རྟགས་ཀྱི་རྩ་བ་ཡོད་པ་མ་ཟད་དབུས་པ་བློ་གསལ་གྱིས་སུམ་འགྲེལ་ཡང་བརྩམས་འདུག་པས་ཉིད་ཀྱི་གསུངས་པ་དག་ནི་འགལ་འཁྲུལ་གྱི་འཁོར་ལོ་དབང་མེད་དུ་འཁོར་བ་འབའ་ཞིག་གོ །
དེ་ཡང་གསལ་བོར་བཤད་ན་ཉིད་ཀྱི་དགག་སྒྲུབ་གསུམ་པ་དང་དགག་སྒྲུབ་དྲུག་པའི་གནད་འགག་སྟེ་སུམ་རྟགས་རྩ་བ་དེ་ཤོང་སྟོན་ལོ་ཙཱ་བས་རྩོམ་སྒྲིག་མཛད་པ་ཡིན་ཚེ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་བརྩམས་ཞེས་བཀོད་ན། སྐབས་དེའི་གྲུབ་མཐའ་གཞན་གྱི་མཁས་པ་ཚོས་འདི་དང་དེ་ཞེས་རྩོད་རྙོག་སློང་སྲིད་པ་མ་ཟད། རིས་སུ་མ་ཆད་པའི་སྐྱེ་བོ་མང་བོས་སུམ་རྟགས་ལ་སློབ་གཉེར་མཐའ་གཅིག་ཏུ་བྱེད་པའི་འགྲོ་ཕན་རྒྱ་ཆེ་རྒྱུན་བསྲིངས་འདི་ལྟ་བུ་ཡོང་མི་སྲིད་པ་གོ་བས་ཆོས་གསལ་ཡིན། ཞེས་བཤད་པ་ནི་དངོས་གནས་མོ་གཤམ་གྱི་བུ་ལ་ཅོད་པན་འདོགས་པ་ཡིན་སྲིད། འདི་ནི་ཨ་མདོའི་ཁ་དཔེར་རང་མགོ་རང་གིས་གཡོགས་ཏེ་དགའ་ཀྲོག་ཀྲོག་དང༌། རང་སེམས་རང་གིས་གསོས་ཏེ་ཏོབ་ཀྱི་ལི་ཞེས་པའི་དཔེ་ལས་མ་འདས་ཏེ་ཞྭ་ལུའི་སུམ་འགྲེལ་ལས། “འདིར་མཁས་པའི་དབང་བོ་དབུས་པ་བློ་གསལ་གྱིས་བཤད་པ་ལས། ཁ་ཆུ་ཆེ། ཕུ་ཆུ་ཆེ། ཁོ་ཚཱ་ཞེས་སོགས་མཁན་པོ་འདིའི་གཞུང་དང་མི་མཐུན་པར་སྣང་བས་དཔྱད་པར་བྱ་ཞེས་གསུངས་ཀྱང་འདིར་འགྲེལ་བའི་དོན་ཚེགས་བར་གཅིག་པ་ལ་དང༌། མིང་གཞི་གང་ཡང་རུང་བ་ལ་རྗེས་འཇུག་བཅུ་བོ་གང་ཡང་རུང་ཞུགས་པར་བཞེད་པ་འོག་ནས་འབྱུང་བ་ཉིད་ཀྱིས་བརྟག་མི་དགོས་པ་ཉིད་དུ་གྲུབ་པ་ཉིད་དོ། །”ཞེས་དང“འདིར་ཨ་ཡིག་མ་བསྡུས་པ་ལ་ལོ་ཙཱ་བ་ནམ་མཁའ་བཟང་བོས་ཨ་ཡིག་རྟགས་མེད་པའོ་ཞེས་གསུངས་སོ། །”ཞེས་པ་ལས་ཞྭ་ལུ་ལོ་ཙཱ་བས་སུམ་འགྲེལ་གྱི་ཐོག་མ་རང་གི་སུམ་འགྲེལ་མ་ཡིན་པར་གསུངས་ཤིང་སག་སྟོན་དང་སུམ་པ་ལོ་ཙཱ་བ། ཀླུ་མེས་དབང་ཕྱུག་གྲགས་ཀྱི་སྒྲོས་ཞྭ་ལུའི་གསུང་ལས་ཐོན་པ་གོང་དུ་གླེང་ཟིན་ལ་དེར་མ་ཟད་སྣར་ཐང་སཾགྷཤྲཱིས(རབ་བྱུང་བདུན་པའི་ནང་བྱུང༌། དུས་རབས་བཅུ་བཞི་བ)མཛད་པའི«འགྲེལ་བ་ཟ་མ་ཏོག» གོ་བོ་རབ་འབྱམས་བསོད་ནམས་སེང་གེས(1429—1489)མཛད་པའི་སུམ་རྟགས་འགྲེལ་བ། དགེ་ཡེ་བ་ཚུལ་ཁྲིམས་སེང་གེས་མཛད་པའི«སུམ་རྟགས་འགྲེལ་བ་ཉི་མའི་འོད་ཟེར» པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས་མཛད་པའི་སུམ་རྟགས་འགྲེལ་བ་སོགས་ཕལ་ཆེར་ཞྭ་ལུའི་སུམ་འགྲེལ་མ་བརྩམས་གོང་དུ་བྱུང་ཟིན་པས་ན་ཤོང་སྟོན་གྱིས་བརྩམས་ཏེ་ཞྭ་ལུས་དེ་ལ་འགྲེལ་བ་བརྩམས་ཏེ་ཐོན་མིར་ཁ་འཕེན་ཐབས་ཡོད་མེད་ལོ་ཚིགས་ལ་བསམ་པ་ཙམ་གྱིས་ཤེས་པར་འགྱུར་བས་མང་བོ་བརྗོད་ག་ལ་དགོས།
དེར་མ་ཟད་ས་པཎ་གྱི་གསུང་ལས་ཀྱང༌། “བོད་ཀྱི་སྒྲ་འདི་ནི་རྒན་པོ་རྣམས་ལ་གྲགས་པ་གཙོ་བོ་ཡིན་གྱི་སྒྲུབ་པ་གཙོ་བོ་མ་ཡིན་ནོ། །བོད་ལ་རིང་ཐུང་དང་དྲག་ཞན་ལ་སོགས་པའི་སྒྲ་ཁ་བ་སང་སང་ཞེས་པ་ལྟ་བུ་དོན་ལ་ཡོད་ཀྱང་དེ་དག་གི་རྟགས་རྒན་པོ་རྣམས་ཀྱིས་མ་མཛད་དེ་སྐད་དང་དོན་གྱིས་གོ་དགོས་པའོ། །”ཞེས་དང་ས་སྐྱ་བསོད་ནམས་རྩེ་མོས། “ཡི་གེ་མདོ་ཞེས་བྱ་བ་ལས། འདི་དང་འབྱུང་གནས་མི་འདྲ་ཡོད། །དེ་ནོར་འདི་བདེན་གང་ཡིན་པ། །རང་གི་ཁ་ལྕེ་ཡིད་ལ་དྲིས། །”ཞེས་པ་དག་ལ་བལྟས་ན་དེ་སྔོན་བོད་ལ་སྒྲ་རིག་པ་ཡོད་པ་ནི་གསལ་བོར་བསྟན་པས་ན་འདི་ལྟ་བུར་སྟབས་བདེ་བོ་ཞིག་གིས་བསྡོམས་ཚིག་འཇོག་ཐུབ་པ་ཞིག་མ་ཡིན་ནོ། །
ལྷག་པར་དཔྱད་པའི་གཞི་གལ་ཆེ་བ་ཞིག་ནི་རྔོག་བློ་ལྡན་ཤེས་རབ་ཀྱི«དག་ཡིག་ཉེར་མཁོ་བསྡུས་པ»ལས། “ག་དང་བ་ཡི་རྗེས་སུ་ཏུ། །ང་ད་ན་མ་ར་ལ་དུ། །ས་སུ་འ་དང་འདོགས་ཅན་དང༌། །རྐྱང་བ་རུ་སྟེ་དཔེ་རིམ་བཞིན། །”སོགས་ལ་དོན་དང་འབྲེལ་སྒྲ་སོགས་སུམ་ཅུ་བའི་ཐོབ་ཐང་བྱུང་བ་དེ་སུམ་རྟགས་སྐབས་དེར་དར་ཁྱབ་བྱུང་བ་མཚོན་ཞིང༌། «མཁས་པ་འཕྱིམས་ཀྱི་གསན་ཡིག»ལས། “སློབ་དཔོན་ཞང་ཡོན་ཏན་བྱང་ཆུབ་ལས། སྨྲ་སྒོ་མཚོན་ཆ་དང་སྒྲའི་བསྟན་བཅོས2ཐོས་སོ། །”ཞེས་པའི་བསྟན་བཅོས་གཉིས་སུམ་རྟགས་གཉིས་ཡིན་ངེས་པས་སྐབས་དེར་སུམ་རྟགས་ལ་ཆེད་དུ་འཆད་ཉན་བྱེད་པ་རྟགས་གསལ་བོར་མཚན་ཡོད་པ་མ་ཟད། བུ་སྟོན་རིན་ཆེན་གྲུབ་ཀྱི(1290—1364)ཆོས་འབྱུང་ལས་ཀྱང༌། “ཐུ་མི་སཾ་བྷོ་ཊས་མཛད་པའི་སྒྲའི་བསྟན་བཅོས་བརྒྱད་ལས་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་གཉིས་ལས་མ་རྙེད”ཅེས་སུམ་རྟགས་ལ་རྒྱ་འགྱུར་མའི་བཀའ་བསྟན་དང་མཉམ་པའི་གོ་ས་ཞིག་གནང་འདུག་པ་འདི་དག་བློ་ལྡན་དག་དགའ་བའི་གསོས་སུ་འགྱུར་ངེས།
འདི་ནི་ལོ་རྒྱུས་རིག་པས་དཔྱད་ན་ཆེས་སླ་བའི་གནད་དོན་ཞིག་ཡིན་མོད«ལོ་རྒྱུས་གཡུ་ཡི་ཕྲེང་བ»རྩོམ་པ་བོ་འདིས་འདི་ལྟར་ལོ་ཚིགས་ལ་ཁ་ཡ་མ་བྱས་པར་རང་འཁྲུལ་གཞན་རྨོངས་ཀྱིས་དཔྱད་བརྗོད་སྤེལ་བ་ནི་ཅི་འདྲའི་ཡིད་སྐྱོ་བ་ཞིག་རེད་ཨང༌། འདིས་དགག་སྒྲུབ་གསུམ་པ་དང་དྲུག་པའི་དོགས་པའང་རང་སར་བཀྲོལ་བར་བྱས་ཡོད་པས་ལོགས་སུ་དཔྱད་པ་གཏོང་མི་དགོས་སོ། །
གསུམ། ཁོང་གི་དགག་སྒྲུབ་བཞི་བ་དང་བདུན་པ་བརྒྱད་པ་བཅས་ནི་རྩོམ་པ་བོས་དགོངས་ཚུལ་གཞན་དག་ལས་སུམ་རྟགས་ས་པཎ་ཡབ་སྲས་ལས་བྱུང་བ་ལ་འབྲེལ་བ་ཅི་ཡང་མེད་ཅིང་མ་ངེས་པ་འབའ་ཞིག་ཏུ་སྣང་མོད་བརྗོད་བྱ་བསྒྲིབ་པར་འགྱུར་བས་དཔྱོད་པའི་ངལ་བ་ཅི་ཡང་མི་བསྟེན་ནོ། །
བཞི། ཁོང་གི་དགག་སྒྲུབ་ལྔ་བའི་ནང་དུ“བསྟན་བཅོས་འགྱུར་རོ་ཅོག་གི་གཤམ་དུ་བོད་ཀྱི་གནའ་བོའི་མཁས་པ་དག་གིས་མཛད་པའི་བསྟན་བཅོས་འགའ་ཞིག་འཁོད་པའི…… ཐོག་མར་ལོ་པཎ་མང་བོས་མཛད་པའི་བྱེ་བྲག་རྟོགས་བྱེད་ཆེན་མོ…… བྱེ་བྲག་རྟོགས་བྱེད་སྒྲ་སྦྱོར་བམ་གཉིས། རྒྱབ་བར་དུ་ཐོན་མིའི་ཨ་ནུས་བྱས་པའི་སྒྲའི་བསྟན་བཅོས་ལུང་དུ་སྟོན་པའི་རྩ་བ་སུམ་ཅུ་བ་དང་དེའི་མཇུག་ལྕེ་ཁྱི་འབྲུག་གིས་མཛད་པའི་བྱཱ་ཀ་ར་ཎའི་མདོ་ཙམ་ཞིག་བསྒྱུར་བ་གནས་བརྒྱད་རྩ་བ་དང༌། སྒྲའི་བསྟན་བཅོས་གནས་བརྒྱད་ཀྱི་འགྲེལ་ཞེས་སྔ་ཕྱི་རིམ་པ་སྒྲིག་ཕྱོགས་དེ་རྟོགས་དཀའ་བ་ཞིག་འདུག…… གལ་ཏེ་སུམ་རྟགས་རྩ་བ་ཐོན་མིས་མཛད་པ་དངོས་འབྲེལ་ཡིན་ན…… གོ་རིམ་དང་བོ་ཁོ་ནར…… འགོད…… དགོས། འདི་བརྡ་དང་ཚིག་སྦྱོར་གང་གི་ཆ་ནས་ཀྱང་གནའ་ཡིག་གི་མཚན་ཉིད་མི་ལྡན”གསུངས། དེ་ལ་ཡང་དཔྱད་དགོས་ཏེ།
༡ བསྟན་འགྱུར་གྱི་གོ་རིམ་སྒྲིག་སྟངས་དེ་བསྟན་བཅོས་ཀྱི་བྱུང་རིམ་ལ་སྦྱར་ནས་ཚད་མར་འཛིན་ན་སུམ་རྟགས་གནས་བརྒྱད་ཆེན་པོའི་རྩ་འགྲེལ་གྱི་སྔོན་དུ་བྱུང་བ་མི་འདོད་བཞིན་དུ་ཁས་ལེན་དགོས་ལ་དེ་དགོས་དབང་བསམ་པའམ་ཡང་ན་ཚད་མར་མི་འཛིན་ན་འདི་ལྟ་བུའི་དགག་སྒྲུབ་བྱས་པ་དོན་མེད་པ་ཉིད་དུ་ཁས་བླངས་པ་ཡིན་ནོ། །
ཁོ་བོས་དཔྱད་ན་གོ་རིམ་དེ་ནི་བཙུན་པ་ཚུལ་ཁྲིམས་རིན་ཆེན་གྱི་དགོངས་ཕྱོགས་ཙམ་ལས་མ་འདས་སྙམ་སྟེ་དང་བོ་དག་ཡིག་དང་དེ་ནས་བརྡ་སྤྲོད་སྦྱོང་བ་ནི་བོད་ཡིག་སྦྱོང་བའི་གོ་རིམ་ཞིག་ཡིན་པས«བྱེ་བྲག་རྟོགས་བྱེད»ཆེ་འབྲིང་གཉིས་སྔོན་དུ་བཞག་ནས་སུམ་རྟགས་བརྡ་སྤྲོད་པའི་ཐོག་མར་བཞག་ན་འགལ་བ་མེད་ལ་ཡང་ན་སྔ་མ་གཉིས་རྒྱལ་བོས་བཀས་བཅད་པར་དབང་བཙན་པར་བྱས་ནས་སྔ་མར་བཞག་ཅིང་དེ་ནས་སུམ་རྟགས་བརྡ་སྤྲོད་པའི་ཐོག་མ་ཡིན་པས་གཞུང་ལུགས་ཀྱི་ཐོག་མར་བྱས་པ་ཡིན་ཞེས་བཤད་ནའང་འགལ་བ་ཅི་ཡང་མེད། འདིར་གལ་ཆེན་དུ་གཟུང་དགོས་པ་ནི་བཅོམ་ལྡན་རིག་རལ་དང་དབུས་པ་བློ་གསལ་གྱི་བསྟན་འགྱུར་གྱི་དཀར་ཆག་ཡིན་ལ་དེ་ལས་དཔྱད་དགོས་པ་མང་ན་ཡང་ད་རེས་དཔེ་མ་འཛོམས་པས་རེ་ཞིག་བསྐྱུར་རོ། །
༢ སུམ་རྟགས་ལ་བརྡ་དང་ཚིག་སྦྱོར་གང་གི་ཐད་ནས་ཀྱང་གནའ་ཡིག་གི་མཚན་ཉིད་མི་ལྡན་པ་དངོས་འབྲེལ་ཡིན་ནའང་རྡོ་རིང་དང་གཏེར་ཡིག་སོགས་དམིགས་བསལ་ཅན་མ་གཏོགས་བཙན་པོའི་སྐབས་ཀྱི་ཆོས་དཔེ་དང་ཡིག་ཆ་མཐའ་དག་ལ་བཀས་བཅད་ཀྱི་དགོངས་པ་བཞིན་བཀས་བཅད་བྱས་པ་ན་སུམ་རྟགས་ལ་བཀས་བཅད་མི་བྱེད་པའི་དམིགས་བསལ་མེད་པའི་གནད་ཀ་འདི་ཤེས་ན་དེ་ལ་དོགས་པ་བྱེད་རིན་ཡོད་པ་ཞིག་གཏན་ནས་མིན།
དེ་ཡང་ཡིན་ཏེ་ད་ལྟ་ད་དུང་ཐོན་མིའི་འགྱུར་བྱང་ཡོད་པའི་ལྷའི་དཔང་སྐོང་ཕྱག་རྒྱ་ལ་འགྱུར་བཅོས་ཐེངས་ལྔ་བྱས་པ་འགྱུར་བྱང་དུ་གསལ་བ་བཞིན་སྐབས་དེའི་བཀའ་བསྟན་དག་ཀྱང་བཀས་བཅད་བརྒྱུད་པས་གནའ་བོའི་ཡིག་ཆའི་ཁྱད་ཆོས་བྲག་ཕུག་སོགས་ལས་ཐོན་པ་མ་གཏོགས་ལ་མེད་དོ། །དེ་བས་སུམ་རྟགས་ལ་གནའ་བོའི་ཁྱད་ཆོས་མི་ལྡན་པར་ཡ་མཚན་དོན་ཅི་ཡང་མེད་དོ། །
༣ རྡོ་རིང་དང་ཏུང་ཧོང་གཏེར་ཡིག་སོགས་ན་སུམ་རྟགས་དང་མི་མཐུན་པ་མང་བོ་ཡོད་པ་དངོས་འབྲེལ་ཡིན་མོད་དེ་ལ་བསམ་དགོས་པ་ཞིག་ནི་གཅིག་ནི་དེ་དག་ཡིག་ནོར་ཡིན་མིན་བསམ་དགོས་ལ་གཅིག་ནི་སུམ་རྟགས་དང་མི་མཐུན་པ་དེ་དག་ལ་སྤྱི་འགྲོས་ཤིག་ཡོད་མེད་ལ་ལྟ་དགོས་པ་དེ་ཡིན། དེ་ནི་སྡོམ་རྩིས་དང་གཤིབ་བསྡུར་རིག་པ་ལས་དཔྱད་དགོས་པ་ཞིག་སྟེ་ཡིག་ནོར་ཡིན་ན་དཔྱད་གཞིའི་རིན་ཐང་ཅི་ཡང་མེད་ལ་སྤྱི་འགྲོས་ཡོད་ན་གཞུང་ལུགས་ཤིག་ལ་བརྟེན་པའི་རྟགས་ཡིན་པས་སུམ་རྟགས་ཐོན་མིའི་མིན་དུ་ཆུགས་ཀྱང་སྐབས་དེར་བརྡ་སྤྲོད་པའི་གཞུང་ལུགས་ཤིག་གྲུབ་ཟིན་པས་དེ་དག་དང་སུམ་རྟགས་ཀྱི་བར་ན་འབྲེལ་བ་ག་འདྲ་ཡོད་མེད་ནི་དཔྱད་དགོས་པ་ཞིག་ཡིན། དེ་ནི་ཁོ་བོས་སུམ་རྟགས་དང་གནའ་བོའི་ཡིག་ཆ་བར་གྱི་འབྲེལ་བ་དཔྱད་པ་ཞེས་པའི་རྩོམ་ཡིག་ཏུ་དཔྱད་འདོད་པས་རེ་ཞིག་བསྐྱུར་རོ། །
༤ འདི་ནས་ཆེད་དུ་གསལ་བོར་ཤེས་པ་ཞིག་ནི་བསྟན་པ་ཕྱི་དར་ཡིག་ཆ་དག་ནི་སུམ་རྟགས་ཀྱི་གཞུང་བཞིན་དུ་བྲིས་འདུག་པ་གསལ་བོར་མཐོང་བས་སུས་ཀྱང་བསྙོན་འདིང་མི་ནུས་ལ་རྡོ་རིང་ཡི་གེ་དང་ཏུང་ཧོང་གཏེར་ཡིག་དྲིལ་བུའི་ཁ་བྱང་བཅས་བཙན་པོའི་དུས་རབས་ཀྱི་ཡི་གེར་སུམ་རྟགས་དང་མི་མཐུན་པ་མང་མོད་བརྒྱ་ཆའི་བརྒྱད་ཅུའི་ཡན་སུམ་རྟགས་དང་མཐུན་པ་དེ་ནི་སྐབས་དེར་སུམ་རྟགས་བཞུགས་ཡོད་པའི་རྟགས་ཡིན་ཏེ་གལ་ཏེ་སུམ་རྟགས་བྱུང་མེད་ན་དེ་ལྟ་བུའི་སྤྱི་འགྲོས་ཤིག་ཇི་ལྟར་འབྱུང་ཐུབ་བམ། འདི་ནི་གནད་དོན་ཆུང་ཆུང་ཞིག་ག་ལ་ཡིན།
ལྷག་པར«སྒྲ་སྦྱོར་བམ་གཉིས»ལས། ལ་ལ་བྱཱ་ཀ་རའི་ལུགས་དང་མི་མཐུན་ཏེ་ཞེས་བྱུང་བའི་ཚིག་དེ་མི་འགྱུར་རྡོ་རྗེ་ལྟ་བུ་ཡིན་ཏེ་བྱཱ་ཀ་ར་དེ་རྒྱ་གར་གྱི་གཞུང་ཡིན་ན་བོད་ཀྱི་གཞུང་དེ་དང་མི་མཐུན་པའི་རྒྱུ་མཚན་ཅི་ཡང་མེད་ལ་བོད་ཀྱི་ཡིན་ན་སྐད་དང་མཐུན་པའི་བརྡ་སྤྲོད་པའི་གཞུང་ལུགས་ཤིག་སྐབས་དེར་བྱུང་ཟིན་པ་མིན་ནམ།
གཉིས་པ། «སུམ་རྟགས་རྩ་བ»དང«ཡི་གེའི་སྦྱོར་བ»གཉིས་ཀྱི་གཤིབ་བསྡུར་ལས། «ཡི་གེའི་སྦྱོར་བ»དང་སུམ་རྟགས་གཉིས་ཀྱི་འབྲེལ་བ་ལ་དཔྱད་པ།
སྤྱིར་ན་སུམ་རྟགས་དང«ཡི་གེའི་སྦྱོར་བ»གཉིས་བར་གྱི་འབྲེལ་བ་ཐེ་ཚོམ་ཟ་དགོས་པའི་གནད་དོན་ཞིག་མེད་ལ་སུམ་རྟགས་ལ་མཁྱེན་པ་ཡངས་པའི་མཁས་པ་དག་སྔོན་ནས་དེ་གཉིས་ཀྱི་འབྲེལ་བ་གསལ་བོ་ཤེས་ཡོད། «ཡི་གེ་སྦྱོར་བ»མཐོང་མ་མྱོང་ཡང་སུམ་རྟགས་ལ་ཞིབ་འཇུག་ཅུང་བྱེད་མཁན་ཞིག་ཡིན་ན་མཁས་དབང་ཚེ་ཏན་ཞབས་དྲུང་གིས་ཐོན་མིའི་ཞལ་ལུང་ལས། “ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི«སུམ་རྟགས་དོན་འགྲེལ་ཚིགས་བཅད་མ» «ཡི་གེའི་སྦྱོར་བ»སོགས་ལེ་ཚན་ཁ་ཤས”ཞེས་མཁས་པའི་བློ་གྲོས་ལས་ཐོན་པའི་བསྡོམས་ཚིག་ལས་གནད་དོན་དེ་དག་ཆེས་སླ་བའི་སྒོ་ནས་ཐག་ཆོད་པ་ཡིན། བསྡོམས་ཚིག་འདིའི་ཅིའི་ཕྱིར་འདི་ལྟར་བྱུང་བ་ཡིན་ཞེ་ན་དེ་ནི་ཆེད་དུ་ཁོ་བོ་གཤིབ་བསྡུར་གྱིས་དཔྱད་པར་བྱའོ། །
ང་ཚོས་གསལ་བོར་ཤེས་རྒྱུ་ནི་འགྲེལ་བ་རྩ་བ་ལས་ཁ་གསལ་ཞིང་འཐུས་ཚང་བ་ནི་ཆོས་ཉིད་ཡིན་ལ་འགྲེལ་བ་རྩ་བ་ལས་ཁ་མི་ཚང་བར་གྱུར་ན་དེ་འགྲེལ་བ་མ་ཡིན་པར་གྱུར་པ་གཞུང་ལུགས་ལ་ཞུགས་པ་ཞིག་ཡིན་ན་གསལ་བོར་ཤེས་ངེས། དེ་བས་བལྟས་ན«ཡི་གེའི་སྦྱོར་བས»«སུམ་རྟགས་རྩ་བ»ལས་མི་གསལ་བ་དག་གསལ་བར་བྱས་ཤིང་གོ་རིམ་མི་ལྡན་པ་དག་ལྡན་པར་བྱས་ཏེ། སུམ་རྟགས་རྩ་བའི་ཚིག་མཁོ་མི་ཆེ་བ་དག་འདོར་ལེན་བྱས་ཡོད་པ་དག་ལ་བལྟས་ན་ཡི་གེའི་སྦྱོར་བ་སུམ་རྟགས་ཀྱི་རྩ་བའི་དོན་འགྲེལ་ཡིན་པ་གསལ་བོར་མཐོང་ཡོང༌། དེ་ཡང་རེ་རེ་བཞིན་ཞིབ་པར་བཤད་ན་གསལ་བོར་ངོ་འཕྲོད་པར་འགྱུར་བས་ཚིག་ཚོགས་ལ་མ་འཛེམས་པར་བཤད་པར་བྱའོ། །
དང་བོ«སུམ་རྟགས་རྩ་བ»ལས། “རྒྱ་གར་སྐད་དུ…… བླ་མ་ལ་ཕྱག་འཚལ་ལོ། །”ཞེས་པའི་སྐད་གཉིས་ཤན་སྦྱར་དང་འགྱུར་ཕྱག་མཆོད་བརྗོད་ཀྱི་ཚིག་རྐང་བརྒྱད་པོ་དེ«ཡི་གེ་སྦྱོར་བར»བཀོད་མེད། དེའི་དོན་ཡང་རྩ་བའི་མཆོད་བརྗོད་ལ་བཀོད་ན་མི་འོས་པ་དེར་ཐུག་ཡོད། དེའི་དབང་གིས་ཁོང་གིས“འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །”ཞེས་རང་གི་མཆོད་བརྗོད་ཆེད་དུ་བཀོད་པ་ཡིན།
དེ་ནས་རྩ་བའི་ཚིག“བསླབ་པ་ཀུན་གྱི་གཞི་འཛིན་ཅིང…… ཡི་གེའི་སྦྱོར་བ་བཤད་པར་བྱ། །”ཞེས་པ་རྐང་བ་བཞི་བོ་དེ་སུམ་རྟགས་ཀྱི་དགོས་པ་བཤད་པའི་ཚིག་ཡིན་པས་དེ་མ་བཀོད་ན་སུམ་རྟགས་ཀྱི་དགོས་པ་བཤད་པའི་ཚིག་སྟོར་ཞིང་གཞུང་ཚད་ཀྱིས་བཏགས་པ་དང་བརྗོད་བྱའི་བཏགས་པ་ཡིན་ཟེར་བའི་ལུགས་གཉིས་ལས་བརྗོད་བྱས་བཏགས་ཟེར་བ་དེ་ས་པཎ་གྱིས་ཚད་མར་བཟུང་ཞིང«ཡི་གེ་སྦྱོར་བ»དེ་སུམ་ཅུ་བ་ལས་རྒྱ་ཆེ་བས་རྟགས་འཇུག་ལས་ཆེད་དུ་ཁ་སྐོང་དགོས་པའི་གནད་ཀྱང་དེ་ལ་ཐུག་འདུག
དེ་ནས“ཡི་གེ་མིང་ཚིག་དགོས་འབྲེལ་དང༌། །འཇུག་ཚུལ་བསྟེན་ཚུལ་བསྟེན་བྱ་བདུན། །དབྱེ་ཚུལ་དེ་བཤད་སྔོན་རྗེས་ལ། །ཡུལ་བྱེད་ཚུལ་ཆེད་བཞི་བཞི་སྟེ། །ཚུལ་གཉིས་པ་ལ་ཕྲག་བཅུ་བདུན། །ཡན་ལག་བཅུ་གཅིག་ཡི་གེའོ། །མིང་དང་ཚིག་ལ་བརྒྱན་གཉིས་དགོས། །ལྡོག་དང་རྗེས་འགྲོ་ལུས་མདོར་བསྡུས། །”ཞེས་པའི་བརྗོད་བྱ་ས་བཅད་ཀྱིས་ཕྱེ་ཞིང་ལུས་མདོར་བསྟན་གྱིས་ཚུལ་དུ་ཚིག་རྐང་བརྒྱད་ཁ་སྣོན་བྱས་ཡོད། ཚིག་རྐང་བརྒྱད་པོ་འདིས་སུམ་ཅུ་བའི་རྩ་བ་གོམ་གང་མདུན་དུ་སྤོས་ནས་ཁ་བསྐངས་ཏེ་འདི་ལ་བལྟས་ན་འདིའི་རྩོམ་སྟངས་རྩ་བའི་འགྲོས་དང་གཏན་ནས་མི་མཐུན་པར་ཅུང་གྱོང་ཉམས་དང་སྤྱི་བསྡོམས་ཀྱི་ཉམས་ལྡན་པ་དེ་ང་ཚོས་བཀླགས་པ་ཙམ་གྱིས་རྩ་བ་དང་འདི་གཉིས་ཀྱི་རྩོམ་པ་བོ་མི་གཅིག་མ་ཡིན་པ་ཤེས་ཐུབ།
དེའི་འཕྲོར“ཡི་གེ་ཨཱ་ལི་ཀཱ་ལི་གཉིས། །ཨཱ་ལི་གསལ་བྱེད་ཨི་སོགས་བཞི། །”ཞེས་རྩ་བའི་ཚིག་དེ་གཉིས་བཀོད་ནས། “ཀཱ་ལི་སུམ་ཅུ་ཐམ་པའོ་སྟེ། །”ཞེས་དང༌། རྟགས་འཇུག་གི“སྡེ་བ་ཕྱེད་དང་བརྒྱད་གནས་པའོ། །”ཞེས་པའི་རྫོགས་ཚིག་དོར་ནས་ཁ་བསྐངས་ཏེ་སུམ་ཅུ་བའི་རྩ་བའི་སྐབས་དེའི་ཚིག་ཇེ་བདེ་རུ་བཏང་འདུག དེ་འཕྲོར་རྩ་བར“དེ་ལ་རྗེས་འཇུག་བཅུ་ཡིན་དེ…… མི་འཇུག་པ་ནི་ཉི་ཤུའོ། །”ཞེས་པའི་ཚིག་གསུམ་དོར་འདུག དེ་ཡང་རྩ་བའི་གོ་རིམ་ཐད་ནས་ཁ་སྐོང་ཡིན་ཏེ་གསལ་བྱེད་སུམ་ཅུ་དང་སྡེ་བ་བཤད་ནས་སྔོན་རྗེས་འཇུག་བཤད་ན་གོ་རིམ་དང་མཐུན་ཞིང་ལེགས་པས་སོ། །རྗེས་མའི་ཚིག་རྐང་གསུམ་དོར་བའི་རྒྱུ་མཚན་ཡང་དེ་གསུམ་ལ་ནུས་པ་ལྷག་པོར་མེད་པ་ལ་དགོངས་འདུག
འདིའི་ཐད་ནས་སུམ་རྟགས་རྩ་བར་ཁ་སྐོང་ཞིག་བྱས་འདུག་པ་ནི། “མགྲིན་པ་དང་ནི་ལྕེ་དབུས་དང༌། །སོ་བར་ལྕེ་ཡི་རྩེ་མོ་དང༌། །མཆུ་དང་ལྕེ་དབུས་མགྲིན་པ་དང༌། །གནས་ལྔ་དག་ལས་བྱུང་བ་ནི། །”ཞེས་ཚིག་རྐང་བཞིས་ཡི་གེའི་སྐྱེ་གནས་ཁ་སྐོང་གིས་བརྗོད་ཡོད། དེ་ཡང་དོན་འགྲེལ་གྱི་རྟགས་ཏེ་རྩ་བ་ལས། “དང་བོ་ང་རོ་རྣམས་ལ་སྦྱངས། །”ཞེས་པའི་དགོངས་དོན་ཡིན་མོད་རྩ་བར་བཤད་མེད་པས་ཁོང་གིས་འདིར་བཀོད་ན་གོ་རིམ་དང་མཐུན་པར་དགོངས་ནས་ཞལ་སྣོན་བྱས་ཡོད། དེ་དང་བསྟུན་ནས་དེ་ནས་སྒྲ་གདངས་ངོས་བཟུང་བའི་ཕྱིར་རྩ་བའི་ཚིག་འགའ་བཅོས་ནས“མཐའ་གཉིས་དྲུག་པའི་གསུམ་པ་དང༌། །ལྔ་བའི་ཐོག་གསུམ་བདུན་པའི་གཉིས། །ལྔ་པའི་བཞི་བ་མནན་བྱ་བ། །གསུམ་པ་གསུམ་དང་གཅིག་དང་གཅིག །ལྷག་མ་དྲུག་སྟེ་དེ་ལྟར་ན། །བདུན་བདུན་ལྔ་ཚན་དྲུག་དྲུག་ལ། །”ཞེས་ཚིག་རྐང་དྲུག་གིས་རྒྱས་པར་བཤད་མོད། དེ་ཡང་རྩ་བའི་རྩོམ་ཉམས་དང་གཏན་ནས་མི་འདྲ་བ་བལྟས་པ་ཙམ་གྱིས་ཤེས་ཐུབ། དེ་ལྟ་བུའི་ཁ་སྐོང་ནི་ངེས་པར་དགོས་པ་ཞིག་སྟེ་དེ་ནི་ཕོ་མོ་མ་ནིང་གི་དབྱེ་བའི་གཞི་ཡིན་པའི་ཕྱིར་རོ། །
སྤྱིར་ན་གསལ་བྱེད་བཤད་དུས་ཕོ་མོ་མ་ནིང་བཤད་ན་སྟབས་བདེ་མོད། རྩ་བས་སུམ་ཅུ་བའི་སྐབས་སུ་མ་བཤད་པར་རྟགས་འཇུག་གི་སྐབས་སུ་བཤད་ཡོད། དེ་བས་ས་པཎ་གྱི་རྟགས་འཇུག་རྩ་བའི་ཚིག“ཕོ་དང་མོ་དང་མ་ནིང་ནི། །…… མ་ནིང་མཚན་མེད་ཅེས་ཀྱང་བྱ། །”ཞེས་པའི་ཚིག་རྐང་འདིར་དྲངས་ནས་གོ་རིམ་གྱི་སྟེང་ནས་ཁ་སྐོང་མཛད་པ་ཞིག་ཡིན། འདིས་ཀྱང་ས་པཎ་གྱི་སྐབས་སུ་རྩ་བ་བྱུང་ཟིན་པ་མ་ཟད་ཁོང་གི་ཞིབ་འཇུག་ཀྱང་རྒྱ་ཆེན་པོ་གནང་འདུག་པ་ཤེས་ཐུབ་པ་ཡིན།
སུམ་ཅུ་བའི་རྩ་བ་ལས་གསལ་བྱེད་བཤད་པ་ལས་དབྱངས་བཤད་མེད་པས་ས་པཎ་གྱིས་དེ་ལ་ཞལ་སྣོན་གྱི་ཚུལ་དུ། “ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །མིང་ཚིག་རབ་ཏུ་གསལ་བར་བྱེད། །ཁོང་ནས་འབྱུང་བ་སྐྱེ་མེད་པའོ། །”ཞེས«འཇམ་དཔལ་མཚན་བརྗོད»ཀྱི་དབྱངས་བཤད་པ་དེར་མིང་ཚིག་རབ་ཏུ་གསལ་བར་བྱེད་ཅེས་བཅོས་ནས་བཀོད་ཡོད།
དེ་ནས་རྟགས་འཇུག་གི་རྩ་བའི“མོ་ཡི་ཡི་གེའི་ནང་ནས་ནི། །རྗེས་འཇུག་ཡི་གེ་བཅུ་དབྱུང་བྱ། །འཇུག་པ་བཅུ་ཡི་ནང་ནས་ནི། །སྔོན་འཇུག་ཡི་གེ་ལྔ་དབྱུང་བྱ། །”ཞེས་ཚིག་རྐང་གསུམ་གྱིས་ཁ་བསྐངས་ནས། སུམ་ཅུ་བའི་རྩ་བའི་ཚིག“མི་འཇུག་པ་ནི་ཉི་ཤུའོ། །”ཞེས་པའི་ཚིག་དེ་བཀོད་པས་གོ་རིམ་གྱི་ཐད་ནས་ལྷུ་འགྲིག་ཏུ་སོང་ཡོད།
དེའི་འཕྲོར་རྗེས་འཇུག་མ་བཤད་པར་སྔོན་འཇུག་ཞིབ་ཏུ་བཤད་པ་ཡང་རྟགས་འཇུག་གི་གོ་རིམ་དང་ཡང་མཐུན་མོད་དེ་ཙམ་གྱིས་མ་ཡིན་ཏེ་སུམ་ཅུ་བའི་ཕྲད་དང་རྣམ་དབྱེ་དག་གིས་རྗེས་འཇུག་གི་སྦྱོར་བ་རྒྱ་ཆེར་བཤད་པ་ཡིན་པས་སོ། །དེ་ལྟར་འདི་ལྟར་བཤད་ན་ཡི་གེའི་སྦྱོར་བའི་ཆོས་ཉིད་དང་མཐུན་པ་དེ་ལ་ཐུག་འདུག འདི་ལས«སུམ་རྟགས་ཀྱི་རྩ་བའི»གོ་རིམ་དེ་ས་པཎ་གྱི་ཅུང་ཐུགས་ལ་མ་བབས་པའི་རྟགས་སུ་མཐོང་ངོ༌། །
དེ་བས་ཁོང་གིས“རྗེས་འཇུག་ཡི་གེའི་བཅུ་ཉིད་ལས། །དང་བོ་གསུམ་པ་ལྔ་བ་དྲུག །བདུན་པ་རྣམས་ནི་སྔོན་འཇུག་གོ །”ཞེས་རྩ་བའི་ཚིག་ལ་བཟོ་བཅོས་ཅུང་བྱས་ནས་བཀོད་དེ“སྔོན་འཇུག་ཡི་གེ་ལྔ་བོ་ལ། །…… ཤིན་ཏུ་མཉམ་པས་སོ། །ཞེས་པའི་བར་གྱི་ཚིག་རྐང་སོ་གཉིས་བཀོད་ཡོད། ཡིན་ནའང་ཇི་བཞིན་བཀོད་མེད་དེ། “ཕོ་ནི་ཕོ་དང་མོ་ལའོ། །ཞེས་པ་ཕོ་ནི་ཕོ་བཞི་མོ་བདུན་ལའོ། །”ཞེས་དང༌། “དང་བོ་ཕོ་གསུམ་མོ་བརྒྱད་ལའོ། །གཉིས་པ་ཕོ་གཉིས་མོ་བཞི་ལའོ། །མོ་ནི་མོ་ལྔ་མ་ནིང་ལྔའོ། །ཤིན་ཏུ་མོ་ནི་མོ་བཞི་དང༌། །ཤིན་ཏུ་མོ་གསུམ་མ་ནིང་བཞིའོ། །”ཞེས་ཞིབ་ཆ་བཏོན་ཡོད་པ་འདི་ཡང་དོན་འགྲེལ་གྱི་རྟགས་ཡིན་ཏེ་རྩ་བའི་ཞིབ་ཆ་འགྲེལ་བས་གཏོད་པ་ནི་རྩ་འགྲེལ་གྱི་ཆོས་ཉིད་དང་མཐུན་པ་ལས་རྩ་བའི་ཞིབ་ཆ་འགྲེལ་བས་གཏོར་བ་ནི་གཞུང་ལུགས་འཕེལ་རྒྱས་ཀྱི་གོ་རིམ་དང་གཏན་ནས་མི་མཐུན་པས་སོ། །
གལ་ཏེ«སུམ་རྟགས་རྩ་བ»«ཡི་གེའི་སྦྱོར་བའི»དོན་འགྲེལ་ཡིན་ན་གནད་མང་བོ་ཞིག་སྟོར་འདུག་པས་སུམ་རྟགས་མཁན་པོ་གླེན་པ་ཞིག་ལས་མཁས་པ་ཞིག་གཏན་ནས་ཡིན་མི་སྲིད་དོ། །
དེ་ནས་སུམ་ཅུ་བའི་རྩ་བའི་ཚིག“སྡེ་བ་ཕྱེད་དང་བརྒྱད་སྡེ་ནི། །…… རྗེས་འཇུག་ཡི་གེ་བཅུ་རུ་འདོད། །”ཅེས་པའི་ཚིག་རྐང་ལྔ་བཀོད་ནས་ཐ་མའི་ཚིག་རྐང་གི་བཅུ་རུ་འདོད་ཅེས་པ་བཅུ་བོ་དེའི་ཞེས་པར་བསྒྱུར་ཏེ་གོ་ཇེ་བདེར་བཏང་ནས། “གསུམ་ལྔ་བཅུ་དང་བདུན་བརྒྱད་དང༌། །གཉིས་གཉིས་བཞི་དྲུག་དགུ་གྲངས་བཞིན། །གསུམ་གཉིས་ལྔ་ཡི་སྡེ་ཚན་གྱིས། །”ཞེས་རྗེས་འཇུག་གི་རྟགས་ཀྱི་དབྱེ་བ་ཞིབ་ཏུ་བཤད་པའི་ཚིག་གསུམ་བསྣན་ནས་ཕོ་མོ་མ་ནིང་གསུམ་དུ་འདོད། ཅེས་བཀོད་འདུག
དེ་ལས་མཐོང་ཐུབ་པ་ནི་ས་པཎ་གྱིས་ད་བ་ས་གསུམ་ཕོ་དང༌། འ་ར་གཉིས་མོ། ག་ང་ན་མ་ལ་ལྔ་མ་ནིང་དུ་གསལ་བོར་གསུངས་ཡོད་པ་འདི་རྩ་བའི་ཁ་སྐོང་ཞིག་ཡིན་ལ་གལ་ཏེ«སུམ་རྟགས་རྩ་བ»«ཡི་གེའི་སྦྱོར་བ»ལ་བརྟེན་ནས་བྱུང་བ་ཡིན་ན་རྗེས་འཇུག་གི་ཕོ་མོ་མ་ནིང་གི་ངོས་འཛིན་མི་འདྲ་བ་དེ་དག་གཏན་འབྱུང་མི་སྲིད་དོ། །
མཁས་དབང་ཆབ་སྤེལ་ལགས་ཀྱིས“གསུམ་ལྔ་བཅུ་དང་བདུན་བརྒྱད་དང༌། །གཉིས་གཉིས་བཞི་དྲུག་དགུ་གྲངས་བཞིན། །གསུམ་གཉིས་ལྔ་ཡི་སྡེ་ཚན་གྱིས། །”ཞེས་པའི་གཤིབ་བསྡུར་གྱི་མིག་ཏུ་གྱུར་པ་འདི་ཧ་གོ་ཚོད་གཏན་ནས་མི་འདུག་གོ །
དེ་འཕྲོར་རྟགས་འཇུག་གི་ཚིག“དེ་ཡང་བྱེད་པ་བཞི་བྱེད་དེ། །”ཞེས་པའི་བྱེད་པ་དེ་ཅུང་གོ་དཀའ་བས་དེ་ཡང་དབྱེ་བ་བཞི་བཞི་སྟེ་ཞེས་གསལ་དུ་བཏང་ནས་སྡོམ་གྱི་ཚུལ་དུ་བཀོད་འདུག་མོད། རྩ་བའི་ཇི་ལྟར་འཇུག་བྱེད་ཅེས་པ་དེ་གོ་དཀའ་བས་ཇི་ལྟར་འཇུག་ཆེད་ཅེས་ཇེ་གསལ་དུ་བཏང་ཡོད། རྩ་བའི་ཚིག“ཕོ་གསུམ་མོ་གཉིས་མ་ནིང་གསུམ། །…… དེ་ནི་སྒྲ་ཡི་འཇུག་ཚུལ་ལོ། །”ཞེས་པའི་བར་གྱི་ཚིག་རྐང་དྲུག་གོ་དཀའ་བར་དགོངས་ཏེ་དོར་བར་བྱས་ནས་དེའི་ཚབ་ཏུ། དང་བོ་སྒྲ་ཡི་འཇུག་ཚུལ་ནི། །དྲག་ཞན་བར་མ་གསུམ་དུ་འཇུག །ཅེས་ཆེས་སྟབས་བདེ་ཞིག་བཀོད་ཡོད།
དེའི་འཕྲོར་དོན་གྱི་འཇུག་ཚུལ་གྱི་སྐབས་སུ་རྩ་བའི་ཚིག“དོན་ནི་རྣམ་པ་གཉིས་ཡིན་ཏེ། །…… དེ་དག་ནང་གསེས་གསུམ་དུ་དབྱེ། །”ཞེས་པའི་བར་གྱི་ཚིག་རྐང་ལྔ་དོར་ཏེ། “དེ་ནས་དོན་གྱི་འཇུག་ཚུལ་ནི། །རང་རང་མཐུན་པའི་མཐར་དྲངས་ཏེ། །”ཞེས་ཁ་གསལ་ཞིང་གོ་བདེ་བར་བྱས་ནས་དོན་གྱི་འཇུག་ཚུལ་གྱི་སྔ་མ་གང་ལྟར་འགྱུར་བ་གཏན་ནས་བཤད་མེད་པ་ནི་སྔོན་འཇུག་སྐབས་སུ་ཤེས་པ་ལ་དགོངས་འདུག ཕྱི་མའི་ཚིག་དེ་དག་གིས་གོ་བ་གཏན་ནས་མི་ཆགས་པས་སུམ་ཅུ་བའི་ཐོབ་ཐང་གིས་བཤད་ན་ལག་ལེན་གྱི་ངོས་ལས་ར་སྤྲོད་འབྱུང་བས་དེ་དག་མ་བཤད་པར་སུམ་ཅུ་བའི་རྩ་བའི་ཚིག“རྗེས་འཇུག་ཡི་གེ་བཅུ་བོ་ལ། །…… དུས་ཀྱི་དབང་དུ་གཉིས་ཡིན་ནོ། །”ཞེས་པའི་བར་གྱི་ཚིག་རྐང་བ་བརྒྱད་ཁ་ཚང་བཀོད་འདུག དེ་ལས་སྤྱི་སྒྲའི་སྐབས་སུ། དེ་ནི་བྱེད་པོའི་ཚིག་བརྒྱད་པོ་ཞེས་པ་ཞིག་ཞལ་སྣོན་བྱས་འདུག
དེའི་འཕྲོར་ཁོང་གིས། “གཉིས་པ་བཞི་བའི་ཨིས་བརྒྱན་ལ། །གསུམ་པའི་གསུམ་སྦྱར་མ་འབྲེལ་དང༌། །གཞན་ལྡན་རྣམ་གཅོད་དངོས་རྐྱེན་དང༌། །ཕྱི་ཚིག་ཐ་དད་མིན་པའོ། །ལྔ་གཉིས་ཁོ་ན་བདེན་འཇུག་བཅས། །དང་པོའི་གསུམ་པར་གཉིས་པའི་བདུན། །སྦྱར་བ་སྤྱི་འཇུག་གསུམ་པ་ཡི། །དང་བོ་ཨེས་བརྒྱན་བཞི་རྗེས་ལྡན། །དམིགས་འཛིན་དེ་གཉིས་ཆ་ལྡན་ཏེ། །ཁ་ཅིག་ལྔ་ཕྱིས་ཟིལ་ནོན་སྦྱར། །གདགས་དང་བརྗོད་པའི་ཁྱད་པར་ནི། །ཀ་ག་པ་བ་ཟ་ས་གཉིས། །ལ་ཡི་ཡི་གེ་བཏགས་པ་དང༌། །ཀ་ཁ་ང་ཇ་ཏ་ད་ན། །སྟེང་དུ་ར་ཡིས་བརྒྱན་པ་དང༌། །ཀ་ག་ང་ཅ་ཇ་ཏ་ད། །སྟེང་དུ་ལ་ཡིས་བརྒྱན་པ་དང༌། །དོན་ལ་ཐ་དད་ཡོད་པའི་ཕྱིར། །མ་བུ་ཐ་དད་གནས་པ་ནི། །མ་ཡི་ཡི་གེ་ཆུང་བ་སྟེ། །བུ་ཡི་ཡི་གེ་ཆེ་བ་ཡིན། །བརྗོད་པ་ཐ་དད་ཤེས་པར་བྱ། །ཀ་ཁ་ག་པ་ཕ་བ་མ། །དེ་ལྟར་ཡི་གེ་བདུན་པོ་དང༌། །ཀ་ཁ་ག་ཅ་ཙ་ཆ་ཚ། །ཞ་ར་ཤ་ས་བཅུ་གཅིག་དང༌། །ཀ་ཁ་ག་ཏ་ད་པ་ཕ། །བ་མ་ས་ཧ་བཅུ་གཅིག་ལ། །ཡ་བཏགས་ར་བཏགས་ཝ་བཏགས་གསུམ། །གོ་རིམ་བཞིན་དུ་ཤེས་པར་བྱ། །གུ་གུ་འགྲེང་བུ་ན་རོ་དང༌། །ཞབས་ཀྱུ་ཀུན་ལ་འབྱུང་བ་ཡིན། །འདིར་མང་སྤྲོས་པས་ཅི་ཞིག་བྱ། །ཆོས་ཀྱི་སྐད་དང་མཐུན་པ་ཡིས། །རང་ཡུལ་སྐད་ངན་སྤང་བར་བྱ། །”ཞེས་ཚིག་རྐང་སོ་དྲུག་གིས་སུམ་རྟགས་རྩ་བར་མ་ཐོན་པའི་ཚིག་ཕྲད་དང་མ་བུའི་ཡི་གེའི་ཆེ་ཆུང་སོགས་བོད་ལ་ཉེ་བར་མཁོ་བའི་སྐོར་ཞིག་བསྣན་ནས་ཞལ་སྣོན་བྱས་འདུག
དེ་ནས“ཚིགས་སུ་བཅད་པའི་མཚམས་སྦྱོར་རྣམས། །…… དེ་ནི་དེ་བཞིན་སྦྱོར་བར་བྱ། །”ཞེས་ཚིགས་བཅད་བཀྲོལ་བའི་མན་ངག་གི་ཚིགས་བཅད་བཞི་དང༌། “ཅིའི་ཕྱིར་འཇུག་པར་བྱེད་ཅེ་ན། །…… ཚིག་གིས་དོན་རྣམས་སྟོན་པར་བྱ། །”ཞེས་མིང་དང་ཚིག་ཆེད་དུ་བཤད་ཅིང༌། སུམ་རྟགས་ཀྱི་རྩ་བ་ན་རྒྱས་པར་བཤད་མེད་པས་འདིར་ཁ་སྐོང་གི་ཚུལ་དུ། “མིང་ལ་གྲུབ་དང་རྗེས་གྲུབ་གཉིས། །དང་བོ་འདོད་རྒྱལ་ཕྱི་མ་ལ། །རྣམ་གཉིས་དོན་ལྡན་བརྒྱད་ཡིན་ཏེ། །ཡིན་དང་ངོ་བོར་གྲུབ་པ་དང༌། །དངོས་པོའི་རྐྱེན་དང་དངོས་བཏགས་ལྔ། །ཡོད་ཕན་བྱེད་ལས་འདྲ་བའོ། །ཚིག་གི་དབྱེ་བསྡུ་བྱེད་པ་བརྒྱད། །དངོས་ལས་བྱེད་ཆེད་འབྱུང་ལས་འབྲེལ། །གནས་དང་བྱེད་པའོ་བསྡུ་བ་བརྒྱད། །འབྲུ་མང་བོ་དང་ཚིག་བསྡུ་དང༌། །བྱེ་བྲག་ཡན་ལག་བཞི་བསྡུ་དང༌། །གཞི་གཅིག་སྐྱེས་བུ་བསྡུ་བའོ། །དང་པོའི་ཚིག་མང་དང་གཉིས་ཏེ། །དེ་ལ་རང་མིང་ལྡན་མི་ལྡན། །ཕྱོགས་དང་རྣམ་གྲངས་ཕན་ཚུན་བསྟེན། །དྲུག་གི་ཕྱོགས་ཀུན་དང་གཅིག་ལ། །མཐུན་དང་ཐ་དད་དབྱེ་བ་བཞི། །ཕྱེ་ལ་ཕྱེད་པ་དྲུག་གིས་བསྒྱུར། །བརྒྱད་དང་བཞི་བཅུ་རྩ་བཞི་ལས། །དུས་གཅིག་གསུམ་ལྡན་ཉིད་དུ་སྦྱར། །”ཞེས་ཚིག་རྐང་ཉི་ཤུས་སུམ་རྟགས་ན་མེད་པའི་མིང་གི་གྲུབ་སྟངས་དང་ཚིག་སྡུད་སོགས་ཀྱིས་ཁ་སྐོང་བྱས་ཡོད།
ཚིག་སྡུད་འདི་ནི་བོད་ལ་དགོས་ངེས་གལ་ཆེ་བ་ཞིག་ཡིན་མོད་སུམ་རྟགས་སུ་མ་ཐོན་པ་ལ་རྒྱུ་མཚན་ཡང་དག་ཅིག་ཡོད་དེ་ཚིག་སྡུད་ནི་ཡི་གེའི་འཕེལ་རྒྱས་དང་བསྟུན་ནས་བྱུང་ཞིང༌། འཕེལ་རྒྱས་ཀྱི་རྟགས་མཚན་ཞིག་ཡིན་པས་ཡི་གེའི་བཀོད་སྤྱོད་ཀྱི་ཉམས་མྱོང་ལ་བརྟེན་ནས་བཤད་དགོས་པ་ཞིག་ཡིན།
དེའི་མཇུག་ཏུ་རྩ་བའི་ཚིག“མོ་ཡི་ཡི་གེ་མེད་པ་ན། །…… དོན་རྣམས་བརྗོད་པར་མི་འགྱུར་རོ། །”ཞེས་ཚིག་རྐང་བདུན་པོ་དེ་བཀོད་ནས་མཐར“དེ་ལྟར་འགྱུར་ན་འཇིག་རྟེན་གྱི། །སེམས་ཅན་རྣམས་ནི་བདེ་བར་འགྱུར། །”ཞེས་ཚིག་རྐང་གཉིས་བཀོད་ནས་མཇུག་བསྡུས་ཡོད།
དེ་བས་ང་ཚོས«ཡི་གེའི་སྦྱོར་བ»དང«སུམ་རྟགས་རྩ་བ»གཉིས་ལ་གཤིབ་བསྡུར་བྱས་ན་ཡི་གེའི་སྦྱོར་བར་ཚིག་རྐང229ཡོད་པ་དེའི་ནང་ཚིག་རྐང143ནི«སུམ་རྟགས་ཀྱི་རྩ་བའི»ཚིག་ཡིན་ལ་འཕྲོ་མའི་ཚིག་རྐང86ནི་ཁོང་གིས་ནང་དོན་གྱི་ཆ་ནས་སུམ་རྟགས་ལ་ཞལ་སྣོན་བྱས་པའི་ཚིག་ཡིན།
སྤྱིར་རྩ་བར་དངོས་སུ་མ་ཐོན་པའི་ཚིག་གོ་སླ་བར་འགྲེལ་བ་དང་ཚིག་དོན་ཇེ་གསལ་དུ་གཏོང་བ་ནི་འགྲེལ་བའི་འོས་འགན་ཡིན་པ་རྩ་འགྲེལ་གྱི་རྒྱུན་ཤེས་ཡིན་པས་གོང་གི་གཤིབ་བསྡུར་ལས«སུམ་རྟགས་ཀྱི་རྩ་བ»དང«ཡི་གེའི་སྦྱོར་བ»གཉིས་ནི་རྩ་འགྲེལ་གྱི་འབྲེལ་བ་ཡིན་པ་ཆེས་ཤིན་ཏུ་གསལ།
ལྷག་པར་འདིའི་ཁ་སྐོང་གི་ཚིག་དག་རྩ་བའི་རྩོམ་སྟངས་དང་གཏན་ནས་མི་འདྲ་བའི་ཁྱད་ཆོས་ཡོད་པས་མཁས་དབང་ཆབ་སྤེལ་གྱིས་ཐུགས་མཉམ་མ་བཞག་པ་མ་གཏོགས་རྩ་བའི་རྩོམ་གཉིས་ལ་རྒྱུས་ཅུང་ཟད་ཡོད་པ་ཞིག་ཡིན་ན་ཅུང་ཟད་བསྡུར་བས་ཤེས་པས་ན་མཁས་དབང་གང་གིས་རྩ་བའི་ཚིག་དྲངས་པ་དེ་དང་རྩ་བའི་ཚིག་ལ་གཤིབ་བསྡུར་ཙམ་ལས་ཞལ་སྣོན་གྱི་ཚིག་དག་བསྐྱུར་ནས་ཚིག་དོན་ཡོངས་ལ་གཤིབ་བསྡུར་མ་བྱས་པས་གཡག་ཞར་བས་རྩྭ་ཟོས་པ་ལྟ་བུའི་གཤིབ་བསྡུར་བྱས་པ་ནི་ངལ་བ་འབྲས་མེད་ཅིག་དང་བོད་ཀྱི་ཞིབ་འཇུག་པ་སྐོར་ཞིག་གིས་གང་མཁོ་དེ་ལེན་པ་ལས་གཞན་ལ་མིག་བཙུམ་པའི་ནད་རྙིང་ལས་གཞན་དུ་མི་བསམ་མོ། །
མཇུག་གི་གཏམ།
འདི་ནི་ཁོ་བོས་དམ་པ་གང་གི་ལྗགས་རྩོམ་ལ་བློ་གཟུ་བོར་གནས་ཏེ་ཞིབ་མོའི་ལུགས་ཀྱིས་དཔྱད་པའི་ཁུལ་ཡིན་ལ་འདིའི་གནད་ཀྱང་ས་པཎ་གྱི«ཡི་གེའི་སྦྱོར་བ»སུམ་རྟགས་ཀྱི་ཕྱི་མོར་འདོད་པའི་ལྟ་བ་དེ་ཡིན་པས་ངས་ཀྱང་ཆེད་དུ་དེ་གནད་དུ་བཟུང་ནས་གང་གི་དགག་སྒྲུབ་དག་ལ་བགྲོ་གླེང་བྱས་པ་ཡིན། དེ་ལྟར་བྱེད་དོན་ཡང་བོད་ཀྱི་བརྡ་སྤྲོད་ཀྱི་གཞུང་ལུགས་འཕེལ་རིམ་ལ་ངེས་ཤེས་ཡང་དག་ཅིག་འབྱུང་བའི་ཆེད་ལས་དམ་པ་གང་ལ་དགག་བཞག་གི་ཆེད་དུ་མིན་ལ་འདི་ལྟར་བགྲོ་གླེང་བྱས་པ་ལ་བརྟེན་ནས་གནད་དོན་མང་བོ་ཞིག་ལ་ངེས་ཤེས་ཡང་དག་པ་ཞིག་འབྱུང་ཐུབ་པར་ཡིད་ཆེས་ཡོད་མོད་ཁོ་བོ་ལྟ་རྒྱ་ཆུང་ཞིང་ཤེས་རྒྱ་དོག་པའི་དབང་གིས་དཔྱད་བརྗོད་འདིའི་ཁུངས་འཛོལ་བ་དང་རིགས་པ་འཁྲུལ་བ། དབྱེ་ཞིབ་ནོར་བ་ཡང་གང་མང་ཞིག་ཡོད་ངེས་པས་དམ་པ་གང་གིས་རྣག་ཐོག་འབིག་གཙགས་ཀྱིས་བགྲོ་གླེང་བྱེད་པར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ།
རྩོམ་ཁུངས། ༢༠༠༩ལོའི«མཚོ་སྔོན་མི་རིགས་སློབ་ཆེན་གྱི་རིག་གཞུང་དུས་དེབ»དེབ་གཉིས་པར་བཀོད། ཐེངས་འདིར་ཁ་སྣོན་ཅུང་ཟད་བྱས་ཡོད།
འབྲེལ་ཡོད་འོས་སྦྱོར།