logo

གནའ་དཔེ་སྲུང་སྐྱོབ་ཀྱི་གལ་ཆེན་རང་བཞིན་གླེང་བ།

རྩོམ་པ་པོ།:སོ་དུང་ཆོས་དཔལ། ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2024-08-28 ཀློག་གྲངས།:
       བོད་ནི་གནའ་ནས་བཟུང་རིག་གནས་ལ་དགའ་ཞེན་བྱེད་པའི་མི་རིགས་ཤིག་ཡིན་ལ། གཞན་དྲིང་མི་འཇོག་པའི་མཁས་དབང་མང་པོས་རིགས་དང་ནང་དོན་ཕུན་སུམ་ཚོགས་པའི་དཔེ་ཆ་འབོར་ཆེན་བརྩམས་ཀྱང་གནའ་དཔེ་འབོར་ཆེན་ཞིག་ད་དུང་ལག་སོན་བྱུང་མེད། གནའ་དཔེ་སྲུང་སྐྱོབ་ཀྱི་བྱ་བར་འཇུག་མཁན་དག་གིས་རིག་དངོས་རྩ་ཆེན་དེ་དག་སྔོག་འདོན་དང་སྲུང་སྐྱོབ། ཁྱབ་སྤེལ་བཅས་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ་བས། འདིར་གནའ་དཔེའི་རིན་ཐང་སྐོར་མདོ་ཙམ་གླེང་བར་བྱ་སྟེ།
༡ ལོ་རྒྱུས་ཀྱི་སྟོང་ཆ་བསྐང་ནུས་པ།
       ལར་ལོ་རྒྱུས་ནི་ལོ་རེའི་བྱ་བ་གལ་ཆེན་དག་ཕྲེང་བསྟར་བསྒྲིགས་ཏེ་ཉམས་མྱོང་བརྒྱུད་སྒྲོག་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། ལོ་རྒྱུས་ལ་མཉམ་འཇོག་གནང་བ་ནི་རང་གི་མི་ཚེ་ལ་གདེངས་རྙེད་སྟངས་ཤིག་ཀྱང་ཡིན་ངེས། ལོ་རྒྱུས་ཀྱི་དུས་ཡུན་རིང་མོ་ཞིག་ལ་ངོས་འཛིན་དང་གསལ་རྟོགས་ཐུབ་དགོས་ཚེ་ལོ་དེ་ག་རང་ལ་བྲིས་པའི་དཔེ་ཆ་དང་བརྒྱུད་པའི་ངག་རྒྱུན་སོགས་ལས་རྒྱུས་ལོན་མི་བྱེད་ཐབས་མེད་ཡིན། དེ་ལས་ངག་རྒྱུན་ནི་བཅོས་སྒྲིག་རྫུན་གསུམ་གྱི་ལྷད་མང་བའི་རིགས་སུ་གཏོགས་པས་ཆེས་ཡིད་རྟོན་འཕེར་བའི་རྒྱུ་ཆར་བགྲངས་མི་རུང་ཞིང་། ཡིག་ཐོག་གི་རྒྱུ་ཆར་ཡང་ཡིག་ཆ་རྩོམ་མཁན་གྱི་དགོངས་པའི་དབང་གིས་ཕྱོགས་ཞེན་སོགས་ཀྱི་ལྷད་མི་ཉུང་མོད། ངག་ཐོག་གི་རྒྱུ་ཆ་དང་བསྡུར་ན་རིན་ཐང་ཆེན་པོ་ལྡན་ཕྱིར། ཡིག་ཐོག་གི་རྒྱུ་ཆ་འཚོལ་སྡུད་དང་སྔོག་འདོན་བྱ་རྒྱུ་ནི་གལ་ཆེ་བའི་གནས་སུ་འཁུམས།
       གནའ་དཔེ་མང་པོ་ཞིག་ནི་མཛད་པ་པོ་དག་འཚོ་བཞུགས་གནང་བའི་དུས་སྐབས་གང་དེར་བརྩམས་པ་ཡིན་གཤིས། དུས་སྐབས་གང་དེའི་གནས་ཚུལ་མང་པོ་ཞིག་མངོན་སུམ་གསལ་རྗེན་དུ་བསྟན་ཡོད་པ་དང་། དུས་སྐབས་དེའི་རིག་གནས་དང་དཔལ་འབྱོར། ཆབ་སྲིད་སོགས་གནས་ཚུལ་མང་པོར་རྒྱུས་ལོན་བྱེད་པའི་རྒྱུ་ཆ་ཕྱི་མོར་གཏོགས། དེ་བས། གནའ་དཔེ་འཚོལ་སྡུད་དང་སྔོག་འདོན་བྱ་རྒྱུ་ནི་དེ་ཉིད་ཀྱི་ནང་དོན་མང་པོར་རྒྱུས་ལོན་བྱ་ཐབས་ཙམ་དུ་མ་ཟད། དུས་སྐབས་གང་དེའི་ལྐོག་གྱུར་གྱི་གནས་ཚུལ་མང་པོ་ཞིག་ལ་གསལ་ཁ་དོད་པར་ཤིན་ཏུ་གལ་ཆེ་ཕྱིར། སྐྱེས་བུ་ཆེན་པོ་དག་གི་མཛད་འཕྲིན་ལ་ཕྱོགས་ཡོངས་སམ་དངོས་ཡོད་གནས་ཚུལ་དང་མཐུན་པའི་རྒྱུས་ལོན་བྱ་དགོས་ཚེ་གནའ་དཔེ་དག་ལ་བརྟེན་པ་ནི་རྒྱབ་རྟེན་ཉག་གཅིག་ཏུ་ཟད་པས། གནའ་དཔེ་འཚོལ་སྡུད་དང་སྔོག་འདོན་བྱ་རྒྱུ་ནི་ལོ་རྒྱུས་ཀྱི་སྟོང་ཆ་གསབ་ཐབས་གལ་ཆེན་ཞིག་གོ །
༢ དུས་རབས་ཀྱི་འགྲོས་དང་མཐུན་པ།
       ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང“ཀྲུང་གོའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་མི་དམངས་ཀྱི་ཉིན་རེར་ཆེ་རུ་འགྲོ་བཞིན་པའི་བསམ་པའི་རིག་གནས་ཀྱི་དགོས་མཁོ་བསྐང་དགོས”ཞེས་བསྟན་ཡོད་ཅིང་། དེར་གནའ་དཔེ་ནི་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཀྱི་གལ་ཆེའི་ཐེག་གཟུགས་ཡིན་ལ། གནའ་དཔེའི་ཞིབ་འཇུག་བརྒྱུད་ནས་ཀྲུང་ཧྭའི་རིག་གནས་ཀྱི་བསམ་པའི་སྟོབས་ཤུགས་མངོན་ཐུབ་པ་དང་། ལོ་ཟླའི་རྒྱུན་ལ་འདྲེས་པའི་གཏམ་རྒྱུད་དག་ལ་སླར་ཡང་གསོན་ཤུགས་རྒྱས་ཏེ་རིག་གནས་ཀྱི་རང་རྟོན་ཚད་གོང་མཐོར་བཏང་ཆོག ཀྲུང་གོ་ནི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་པ་དང་། དེར་རྒྱ་དང་བོད་ལྟ་བུའི་རིག་གནས་གྱ་ནོམ་པའི་མི་རིགས་མི་ཉུང་བ་ཞིག་ཡོད་ལ། མི་རིགས་དེ་དག་ནི་གནའ་སྔ་མོའི་དུས་ནས་རིག་གནས་ནང་འདྲེན་དང་གསར་སྐྲུན་གྱི་ལས་ཀྱི་འཁོར་ལོ་བསྐོར་བར་མོས་པས་རི་བོའི་གཏོས་དང་མཉམ་པའི་རིག་གནས་ཀྱི་གླེགས་བམ་ཁྲི་སྟོང་མང་པོ་ཐང་མར་བརྡལ་ཡོད།
       གནའ་དཔེ་འཚོལ་སྡུད་ཀྱི་བྱ་བ་ནི་ཡུན་རིང་པོར་མི་ཤུགས་དང་རྒྱུ་ཤུགས་འདོན་སྤེལ་གང་ལེགས་ཀྱིས་རྒྱུན་མཐུད་ངང་བསྒྲུབ་དགོས་པས། «2021ལོ་ནས2035ལོའི་བར་གྱི་གནའ་དཔེ་བྱ་བའི་འཆར་འགོད»ཀྱི་ཁྲོད་དུ་གནའ་དཔེ་ཡི་གནད་ཆེའི་ཁ་ཕྱོགས་དང་ལས་འགན་སོགས་བྱ་བ་མང་པོ་ཞིག་གཏན་འཁེལ་གསལ་པོར་བྱས་ཡོད་ཅིང་། དེ་ནི་གླེགས་བམ་གྱིས་རྒྱ་མཚོའི་རྡུལ་དང་ཅོ་འདྲི་བའི་བོད་མི་རིགས་ལྟ་བུར་མཚོན་ན་ཅིས་ཀྱང་དམ་འཛིན་དང་གཅེས་སྤྲས་བྱ་དགོས་པའི་གོ་སྐབས་གལ་ཆེན་ཞིག་ཡིན་གཤིས། གོ་སྐབས་གང་དེ་བརྩོན་ལེན་བྱས་ཏེ་མེས་པོ་དཔའ་སྤོབས་ཅན་དག་གི་བློ་གྲོས་ཀྱི་རྩལ་ལས་བརྡོལ་བའི་རིག་གནས་དེ་དག་མ་འོངས་གཞོན་སྐྱེས་མང་པོའི་མིག་ལམ་དུ་བསྟར་རྒྱུ་ནི་ཁ་ཚ་དགོས་གཏུགས་སུ་གྱུར་པའི་བྱ་བ་ཞིག་ཏུ་མ་ཟད། དུས་རབས་ཀྱི་འགྲོས་དང་མཐུན་ཞིང་སྲིད་ཇུས་ཀྱི་དགོངས་དོན་དང་མཐུན་པའི་ལས་དོན་འདིར་གཡུར་ཟའི་གྲུབ་འབྲས་ལོན་མིན་ནི་གནའ་དཔེ་ཞིབ་འཇུག་པ་དག་གི་ཕྲག་པར་བབས་པའི་ལས་འགན་གཡོལ་ཐབས་མེད་པ་ཞིག་ཏུའང་འདོད་དོ། །
༣ མི་ཆོས་རིག་གནས་ལ་ལེགས་སྐུལ་ཐུབ་པ།
       མི་ཆོས་ཞེས་པ་ནི་མི་རིགས་དང་རྒྱལ་ཁབ་གང་དེའི་སྲོག་ཤིང་དུ་གྱུར་པའི་ལྟ་དགོངས་ཤིག་སྟེ། སྲོག་ཤིང་གང་དེར་བརྟེན་ནས་རྒྱལ་ཁབ་ཀྱི་ཆབ་སྲིད་སྒྲིག་གཞི་དང་དཔལ་འབྱོར་འཚོལ་སྒྲུབ། རིག་གནས་གསར་གཏོད་སོགས་ཕྱོགས་སྒོ་མོར་སྟངས་འཛིན་བྱ་དགོས་པ་ཡིན། མི་ཆོས་རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་པའི་རྒྱལ་ཁབ་དང་མི་རིགས་ཤིག་ཡིན་ཕྱིན་འཕེལ་རྒྱས་ཀྱི་ལམ་ཁ་ཇེ་མགྱོགས་སུ་གཏོང་ཐུབ་ཅིང་། རང་ཚུགས་དང་རང་གཤིས་ཅན་གྱི་མི་གཞི་གསོ་སྐྱོང་བྱས་ཏེ་རྒྱལ་ཁབ་དང་མི་རིགས་རང་རྐྱ་ཐུབ་པ་ཞིག་ཏུ་འགྱུར་ཐུབ་པ་ཡིན།
       གནའ་དཔེ་ནི་མ་མཐའ་ཡང1949ལོ་ནས1959ལོའི་གོང་གི་བོད་ཡིག་དཔེ་ཆ་ཆ་ཚང་ལ་གོ་རུང་བས། དེར་དུས་རབས་སོ་སོའི་གཙོ་རྒྱུན་རིག་གནས་ཀྱི་འཕེལ་ཕྱོགས་མི་འདྲ་བ་དང་། མི་ཆོས་གསོ་སྐྱོང་གི་རིན་ཐང་མི་མཐུན་པ། སྤྱི་ཚོགས་ལམ་ལུགས་ཀྱི་སྒྲིག་གཞི་མི་གཅིག་པ་སོགས་རྐྱེན་དུ་མའི་དབང་གིས་མི་གཅིག་མི་མཐུན་མི་འདྲ་བའི་ཕྱོགས་དུ་མ་ཞིག་ཡོད་ཀྱང་། དུས་རབས་བདུན་པའི་ཡས་མས་སུ་ནང་བསྟན་བོད་ཀྱི་གཙོ་རྒྱུགས་རིག་གནས་སུ་གཏན་འཁེལ་བྱས་པ་ནས་བཟུང་། ནང་བསྟན་གྱི་ལྟ་དགོངས་གཙོ་བོར་གྱུར་པའི་འཚེ་མེད་ཞི་བདེ་དང་གཞན་ཕན་སྙིང་རྗེ་ཡིས་བསྐྱེད་པའི་རིག་གནས་མང་པོ་སྒྱུར་སྒྲིག་གནང་སྟེ་མི་ཆོས་གསོ་སྐྱོང་ལ་བྱེད་ནུས་གལ་ཆེན་བཏོན་དང་འཐོན་གྱིན་ཡོད། དེ་བས། གནའ་དཔེ་མང་པོ་འཚོལ་སྡུད་དང་ལེགས་སྒྲིག་བྱས་ཏེ་སྤྱི་ཚོགས་ཀྱི་གཟིགས་མོར་སྤྱན་འདྲེན་ཐུབ་ཚེ་ཀུན་སྤྱོད་བཟང་པོ་གསོ་སྐྱོང་ལ་ཕན་ཐོགས་ཤིང་། ཁྱད་པར་དགེ་རྒན་གྱི་ལས་རིགས་གཉེར་མཁན་དག་གིས་སློབ་བུའི་ནར་མའི་འཚོ་བའི་ཕྱོགས་མང་པོར་ལྟ་སྐུལ་དང་ཁྲིད་སྟོན་གྱི་ལག་ཆ་གལ་ཆེན་དུ་འགྱུར་ཐུབ། ལྷག་པར་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཚ་རླབས་དགུང་དུ་འཕྱོ་བའི་དུས་སྐབས་འདིར་སྤྱོད་ཡོན་གཉིས་ལྡན་གྱི་ཤེས་ལྡན་པ་མང་པོ་གསོ་སྐྱོང་བྱས་ཏེ་དེང་རབས་ཅན་འཛུགས་སྐྲུན་ལ་ལེགས་སྐྱེས་དབུལ་རྒྱུའང་གལ་འགངས་ཆེ་བར་འདོད་དོ། །
༤ རིག་གནས་ཉར་ཚགས་ཐུབ་པ།
       དུས་རབས་མི་འདྲ་བ་སོ་སོའི་རིག་གནས་ཀྱི་ཉིང་བཅུད་བསྡུ་ལེན་དང་ཁ་གསབ་བྱས་ན་གཟོད་རིག་གནས་སྣ་མང་ཅན་དང་ཕུན་སུམ་ཇེ་ཚོགས་སུ་གཏོང་ཐུབ་པ་ནི་ལོ་ཟླའི་རྒྱུན་ལ་བསགས་པའི་ཆོས་ཉིད་ཅིག་ཡིན་ལ། དུས་རབས་ཀྱི་ལམ་སྟོན་ཐུབ་པའི་ཕུལ་བྱུང་རིག་གནས་མང་པོ་དུས་རབས་དང་མཐུན་པར་བེད་སྤྱོད་གང་ལེགས་གནང་རྒྱུ་ནི་གལ་འགངས་ཆེ་ལ་དོན་སྙིང་གིས་ཕྱུག་པའི་བྱ་གཞག་ཅིག་ཀྱང་ཡིན།
       “དཔེ་རྙིང་ལ་ལོ་རྒྱུས་དང་རིག་གནས། ཆོས་ལུགས། སྤྱི་ཚོགས། སྐད་ཡིག་སོགས་ཀྱི་རིན་ཐང་ཆེས་ཕུན་སུམ་ཚོགས་པ་ཡོད་དེ། དཔེ་འཛར་གཅིག་གམ་མཆན་བུ་ཆུང་ཆུང་གཅིག་ལ་ཡང་ཆ་འཕྲིན་ཆེས་ཆེར་ལྡན་ཡོད་དེ། དཔེར་ན་ཀེ་རུ་དགོན་དུ་བཞུགས་པའི་འབུམ་གྱི་མཇུག་བྱང་ཞིག་ལས་བོད་སིལ་བུའི་དུས་མངའ་བདག་མགོན་ནེས་འོན་ཁུལ་ལ་མངའ་མཛད་ཚུལ་དང་། ཐུགས་དམ་གྱི་ལྷ་ཁང་དང་གསུང་རྟེན་བཞེངས་ཚུལ། ཡུམ་སྲས་དང་ཞལ་ཏ་གནང་མཁན། ཐ་ན་ཡིག་པ་དང་ཡིག་གཟུགས། སྣག་ཤོག་ཅི་ཡིན་སོགས་ཆ་འཕྲིན་ཕུན་སུམ་ཚོགས་པོ་འདི་ཉིད་རྡོ་རིངས་ལ་དོ་ཟླ་འོས་པ་ཞིག་ཡིན་པ་བཅས་འདི་འདྲའི་དཔེ་ཤིན་ཏུ་ནས་མང་།”ཞེས་དཔེ་འཇོག་གནང་བ་ལྟར། བོད་ཡིག་གནའ་དཔེའི་ཁྲོད་དུ་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་མང་པོ་འདུ་བས་སྣ་མང་འོད་སྟོང་ལྡན་པའི་རིག་གནས་དེ་དག་མི་རབས་མང་པོས་རྒྱུན་འཛིན་ཐུབ་རྒྱུ་ནི་གནའ་དཔེ་འཚོལ་སྡུད་དང་ལེགས་སྒྲིག དཔར་སྐྲུན་སོགས་ཀྱི་བྱ་བ་དུ་མར་འབྲེལ་བའི་བྱ་བ་ཞིག་ཡིན་ན་ཡང་། དཀའ་ལས་མང་པོའི་བྱ་བ་དེ་དག་ལས་རྣམ་པར་རྒྱལ་ཚེ་བོད་ཀྱི་རིག་གནས་མང་པོ་མི་ཉམས་རྒྱུན་འཛིན་བྱེད་པར་ཕྱར་བ་གྲུ་འདེགས་ཀྱི་བྱེད་ནུས་གལ་ཆེན་ཐོན་ཐུབ་བོ། །
མཇུག་སྡུད་པ།
       གྲངས་འབོར་མང་ལ་ནང་དོན་ཕུན་སུམ་ཚོགས་པའི་བོད་ཡིག་གནའ་དཔེ་མང་པོ་མྱུར་སྐྱོབ་དང་དག་སྒྲིག་བྱ་རྒྱུ་ནི་འདས་སོང་གི་ལོ་རྒྱུས་རིང་མོར་ཕྱིར་རྟོག་བྱེད་པའི་ཀུན་གསལ་མེ་ལོང་ལྟ་བུ་དང་དུས་རབས་ཀྱི་གསོས་སྨན་དུ་འགྱུར་བའི་བདུད་རྩི་ཕ་ལམ་ལྟ་བུ་ཡིན་ལ། དུས་རབས་ཀྱིས་སྤྲད་པའི་འོས་འགན་དང་སྲིད་ཇུས་ཀྱིས་སྐྱོར་བའི་བྱ་བ་གལ་ཆེན་འདི་ཉིད་དམ་འཛིན་སྒོས་གླེགས་བམ་དེ་དག་མྱུར་སྐྱོབ་དང་ཉམས་གསོ་གང་ལེགས་བྱ་ཐུབ་ཚེ་ལོ་རྒྱུས་ཀྱི་གསང་བ་མང་པོ་ཞིག་ཁ་ཇེ་གསལ་དང་གཏིང་ཇེ་ཟབ་ཏུ་འགྲོ་བར་མ་ཟད། ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་བོད་མི་རིགས་ཀྱི་ཤེས་རིག་མང་པོ་ཞིག་འཛམ་གླིང་བློ་ལྡན་སྐྱེ་བོ་མང་པོར་སྤྱན་འདྲེན་ཞུས་ཏེ་ཤེས་ཡོན་གོང་འཕེལ་དང་ལྟ་བ་གསར་འདོན་ལ་ནུས་པ་གལ་ཆེན་འདོན་ཐུབ། དེས་ན། བོད་ཡིག་གནའ་དཔེའི་མྱུར་སྐྱོབ་དང་དག་སྒྲིག དཔར་སྐྲུན་བཅས་ཀྱི་བྱ་བ་ནི་དུས་ཡུན་ཐུང་ངུར་འགྲུབ་ཐུབ་པ་ཞིག་གཏན་ནས་མིན་པས། བྱ་བ་དེ་དང་འབྲེལ་བའི་ཞིབ་འཇུག་པ་མང་པོས་རང་ནུས་རྩལ་སྤྲུགས་ཀྱིས་བརྩོན་འགྲུས་ཀྱི་རྒྱུན་མི་ལྷོད་པར་འབད་འབུངས་བྱས་ཚེ་བྱ་བ་འདི་ཉིད་རྒྱུན་རིང་ལ་ཕུགས་ཡོད་པ། བརྟན་ཚུགས་ལ་ཡིད་འཕེར་བ། གྲངས་མང་ལ་དོན་ཡོད་པ་ཞིག་ཏུ་འགྱུར་ངེས་པས་བརྩོན་པའི་རྒྱུན་མི་ལྷོད་པ་དང་གཅིག །དཀའ་བར་དཔའ་མི་ཞུམ་པ་དང་གཉིས། ཞིབ་ཅིང་ཚགས་དམ་པ་དང་གསུམ་ནི་གནའ་དཔེ་མྱུར་སྐྱོབ་ཀྱི་བྱ་བར་ཞུགས་མཁན་དག་གི་མ་མཐའི་ཆ་རྐྱེན་དུ་ཡང་བསམ་མོ། །
འབྲེལ་ཡོད་འོས་སྦྱོར།