logo

ཨ་མདོའི་ཡུལ་སྐད་ལས་རྒྱུན་སྤྱོད་མིང་བརྡ་ཁག་ཅིག་གི་དོན་ཐོབ་ཡི་གེ་གང་ཡིན་སྐོར་གླེང་བ། ཁག་གཉིས་པ།

རྩོམ་པ་པོ།:ཀུན་ཁྱབ་ཀླུ་བྱམས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-09-04 ཀློག་གྲངས།:
ཨ་མདོའི་ཡུལ་སྐད་ལས་རྒྱུན་སྤྱོད་མིང་བརྡ་ཁག་ཅིག་གི་ཡི་གེ་དག་མོ་ཇི་ལྟར་འབྲི་ལུགས་དང་དེའི་སྒྲ་གཟུགས་འགྱུར་སྟངས་སྐོར་ལ་རོབ་ཙམ་དཔྱད་པ།
(ཁག་གཉིས་པ)
ཀུན་ཁྱབ་ཀླུ་བྱམས།

       མགོ་བསྡུས་ས། མགོ་བཞའ་སའམ་མགོ་སྦ་ས་སྟེ། རང་བཞིན་དུ་སེམས་ཅན་མི་རྒྱུ་སའམ་གཞན་གྱིས་མཐོང་མི་ཐུབ་སའི་གནས་ཀྱི་མིང་། ཨ་མདོའི་ཡུལ་སྐད་དུ། མགོ་རུས་ས་ཞེས་པའི་གདངས་ཐོན། མགོ་བསྡུས་(རུས)་ནས་གླ་བོས་ཉིན་དཀར་རྩྭ་བཟའ། ཞེས་དང་། ངེད་གཉིས་ཀྱིས་མགོ་བསྡུས་(རུས)་ཞིག་ནས་ཁ་བཟླ་བྱེད་ཟེར་བ་ལྟ་བུ། ཀན་ལྷོའི་རྨ་ཆུ་རྫོང་གི་སྐད་དུ། རང་བཞིན་དུ་མི་རྣམས་རྒྱུ་འགྲུལ་མི་བྱེད་སའམ་གཞན་གྱིས་མི་མཐོང་སའི་མིང་ལ་མགོ་བསྡུས་(རུས)་ཟེར་ཏེ། ས་འདི་ཅི་འདྲའི་མགོ་བསྡུས་(རུས)་ཞིག་རེད་ཨང་ཟེར་བ་ལྟ་བུ། ཨ་མདོའི་ཡུལ་སྐད་དུ། ཁྲལ་བསྡུས་པ་ལ་ཁྲལ་རུས་དང་། བསྡུས་ཁྲལ་བྱིན་ལ་རུས་ཁྱལ་(ཁྲལ)བྱིན། ཐང་ཕྱགས་པའི་དོན་གྱི་ཐང་བསྡུས་ལ་ཐང་རུས། གཤིན་པོར་འདུན་བྱེད་པའི་རྟགས་སུ་སྐེ་རགས་མདུན་ངོས་སུ་བསྡུས་པ་ལ་སྐེ་རགས་རུས། སློབ་མ་བསྡུས་ལ་སློབ་མ་རུས། དམག་བསྡུས་ལ་དམག་རུས། ནོར་ལུག་ལྷས་ལ་བསྡུས་པ་ལ་ནོར་ལུག་ལྷས་ལ་རུས། དངོས་པོ་ཚང་མ་ཆབས་གཅིག་ཏུ་བསྡུས་ལ་དངོས་པོ་ཚང་མ་ཅབས་གཅིག་ལ་རུས། དབུགས་ཁོག་ལ་བསྡུས་ནས་སྒྱེ་མོ་ཡར་བཏེགས་ལ་དབུགས་ཁོག་ལ་རུས་ནས་སྒྱེ་མོ་ཡར་བཏེགས། མི་མང་བསྡུས་ནས་ཅི་བྱེད་ལ་མི་མང་རུས་ནས་ཅི་བྱེད། ཅེས་དང་། «དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ»པོད༡པོའི་ལྡེབ༡༩༠བར།(སྐྱེས་པ་དང་བུད་མེད་བཟའ་བཏུང་ཡོ་བྱད་སོགས་ཀྱི་སྐོར)རང་སོ་སོའི་རྗེས་འབྲང་དག་གིས་རྒྱུ་མཚན་མེད་པར་དད་པས་ཡིད་ཆེས་ན་ནི་དེར་ཟད་ཀྱི།  ཕན་ཚུན་བསྡུས་ཏེ་འདི་གཉིས་རྩོད་ཚེ། གཅིག་གིས་གཅིག་ནམ་ཡང་སུན་ཕྱུང་མི་ནུས་པས་ཕན་ཚུན་ཁྲོ་ཞིང་ཚིག་རྩུབ་སྨྲ་བ་ཙམ་གྱི་མཐའ་ཅན་དུ་འགྱུར་རོ། །ཞེས་དང་། «ཧོར་གླིང་གཡུལ་འགྱེད»གྱི་སྟོད་ཆའི་ལྡེབ༡༨པར། སྲུ་འབྲུག་མོ་རྒྱབ་ནས་རྩེབ་རན་ཡོད། །གླིང་ལྷ་སྡེ་ལ་མོ་བསྡུས་ལ་ཤོག །ཅེས་དང་། «སྔགས་ས་དགེ་བཤེས་རིན་པོ་ཆེའི་བཀའ་རྩོམ་གཅེས་བསྡུས»ཀྱི་ལྡེབ༢༧པར། གནས་རི་ཁྲོད་བསྡད་ནས་འཁོར་ངན་བསྡུས། །དཀོར་ནག་པོ་བག་མེད་ཅི་བདེར་སྤྱད། །སེམས་ཆགས་སྡང་ངང་གིས་མི་ཚེ་ཟད། །བུ་དམྱལ་བའི་བུད་ཤིང་བདག་ལ་གཟིགས། །ཞེས་འབྱུང་བ་ལྟ་བུའོ། ། མ་འོངས་པ་ལ་བསྡུ་འཇུག་སྟེ། རུ་ཞེས་པའི་གདངས་ཐོན། སློབ་མ་བསྡུ་(རུ)རྒྱུ་རེད། དམག་བསྡུ་(རུ)མཚམས་བཞག ཐང་མ་བསྡུ་(རུ)རྒྱུ་རེད། ལྷས་བསྡུ་(རུ)རྒྱུ་མ་རེད། ཟོག་བསྡུ་(རུ)འིན་འགྲོ་རྒྱུ་རེད། ཁྲལ་བསྡུ་(རུ)རྒྱུ་རེད་ཟེར་བ་ལྟ་བུའོ། །ད་ལྟ་བ་དང་སྐུལ་ཚིག་ལ་སྡུད་དང་སྡུས་འཇུག་སྟེ། རུད་དང་རུས་ཞེས་པའི་གདངས་ཐོན། དམག་སྡུད་(རུད)ཀིན་ཡོད་ཟེར་བ་དེ་ཨེ་བདེན་ནམ། དམག་སྡུས་(རུས)ཤིག ཐང་མ་སྡུད་(རུད)ཀིན་ཡོད། ཐང་མ་སྡུས་(རུས)ལ་ཐོངས། ཁྲལ་སྡུད་(རུད)ཀིན་ཡོད། ཁྲལ་སྡུས་(རུས)ལ་ཐོངས་ཟེར་བ་ལྟ་བུའོ། །ཨ་མདོའི་ཡུལ་སྐད་ཁྲོད། སྐབས་འགར་བསྡུས་ཡིག་ལ་རུས་སྒྲ་སོགས་ཐོན་པ་ནི། མིང་གཞི་ད་དང་ར་ཡིག་གཉིས་བར་གྱི་འབྲེལ་བས་ཡིན་ཏེ། དཔེར་ན། ད་དུང་ལ་ད་རུང་། ཕུ་དུང་ལ་ཕུ་རུང་། འགྲོ་དུས་ལ་འགྲོ་རུས། དགོ་དུས་རྡོ་རྗེ་དང་མི་དགོ་དུས་གདོན་རྫས་ལ་དགོ་རུས་རྡོ་རྗེ་དང་མི་དགོ་རུས་གདོན་རྫས་ཟེར་བ་སོགས་ཀྱིས་མཚོན། ཡང་བསྡུས་ཡིག་དེ་མིང་ལ་འཇུག་དུས་སུ། ཐ་མལ་ནད་མེད་ཀྱི་དུས་སྐབས་སུ་ལྟོ་སྟོང་དུ་སུར་པན་རིགས་ཟོས་ན་གྲེ་བ་ལས་དབུགས་གྱེན་རྒྱུས་བསླངས་པའི་འཁུན་སྐད་ལྟ་བུ་འབྱུང་བའི་དོན་ཏེ། ཨ་མདོའི་ཡུལ་སྐད་དུ། རུས་ཞེས་པའི་གདངས་ཐོན། བྱིས་པས་བསྡུས་(རུས)རྩི་དུས་ཁམས་དྭངས་པའི་རྟགས་ཡིན། ན་གཞོན་གྱིས་བསྡུས་(རུས)རྩི རྩི་དུས་ཕོ་བ་འགྲང་རྟགས་ཡིན། མི་རྒན་དང་ནད་པ་བསྡུས་(རུས)ཀྱིས་འཆི་བ་ཡོད་ཟེར་བ་ལྟ་བུའོ། ། 
འབྲེལ་ཡོད་འོས་སྦྱོར།